རྡོ་རྗེ་འཛིན་པ་ཆེན་པོ་བསྟན་པ།


DTG027_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ཞེ་ན་ཞེས་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་རང་བཞིན་གཉིས་སུ་མེད་པ། སེམས་དང་སེམས་ལས་བྱུང་བ་དེ་བཞིན་ཉིད་དེ་ལས་རྡོ་རྗེ་ཆེན་པོ་འཛིན་པས་ན་རྡོ་རྗེ་འཛིན་ཆེན་པོའི་སྒྲར་གསུངས་སོ། །དེ་ཁོ་ནའི་དོན་གསུངས་པ། ཏིང་འཛིན་ལ་སོགས་རྣམ་བཞི་ཡིས། །གང་གི་བསྐྱེད་པ་ཡོད་པ་ནི། །ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་དག་པ་ཡིས། དཔྱད་པ་ལས་བྱུང་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཞེས་པ་ནི་སེམས་པའི་རྡོ་རྗེའི་ཚུལ་ལོ། །དེ་ལ་སོགས་པའི་སྒྲ་ནི་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པ་ལས་བྱུང་བ། ཟླ་བའི་དཀྱིལ་འཁོར་གྱི་ཚུལ་གཏན་ལ་དབབ་པ་སྟེ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་གཏན་ལ་དབབ་པ་དང༌། རྡོ་རྗེའི་ང་རྒྱལ་བསྒོམ་པ་དག་གཟུང་བར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིས། སེམས་དཔའི་རྡོ་རྗེ་རྡོ་རྗེ་


DTG027_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའི་བདག་ཉིད་གཏན་ལ་དབབ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ། ཞེས་སོགས་པའི་དོན་བསྒོམ་པ་ཡིས། དེ་བཞིན་ཉིད་མངོན་དུ་བྱེད་པ་ནི་བསྐྱེད་པ་ཡོད་པ་ནི་ཞེས་པའོ། །འོ་ན་ཅིའི་ཕྱིར་ཞེ་ན། བསྒོམ་པ་དེ་ཡིས་གང་བསྐྱེད་པ། །རྡོ་རྗེ་འཛིན་ཉིད་ཆེན་པོ་ཡིན། །ཞེས་གསུངས་པ། བསྒོམ་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འགྲུབ་པར་འགྱུར་ཞེས་བ་དང་འབྲེལ་ཏོ། །ཅིའི་ཕྱིར་དམ་ཚིག་སེམས་དཔའ་ཆེན་པོ་བདག་ཅེས་སྔགས་དོན་བསྒོམས་པ་དེ་ཡིས་ཐམས་ཅད་ཁོ་ན་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་སྐུ་དང་གསུང་དང༌། ཐུགས་ཀྱི་རྡོ་རྗེ་གཟུགས་བརྙན་འདྲ་བར་མཉམ་པར་གདོད་མ་ནས་སྐྱེས་པ་བདག་ཡིན་ནོ་ཞེས་བསྒོམ་པའི་རྣལ་འབྱོར་པས། དེ་བཞིན་ཉིད་མངོན་དུ་བྱེད་པ་ཡིས་ཚེ་འདི་ཁོ་ན་ཉིད་དུ་འགྲུབ་པར་འགྱུར་ཞེས་པའོ། །དེའི་ཕྱིར་འདི་ཁོ་ན་བསྒོམ་པ་དང་སྒྲུབ་པ་ངེས་པར་བྱ་བའི་དོན་གསུངས་པ། སེམས་དཔའ་བྱིན་གྱིས་བརླབ་ཕྱིར་ཀྱང༌། །ཞེས་པ་སྟེ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ནི་བཤད་ཟིན་ཏོ། །ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏེ། སེམས་དཔའ་བྱིན་གྱིས་བརླབས་པ་ཁོ་ནས་འགྲུབ་པོ་ཞེས་པའི་དོན་ཏོ། །རང་བྱིན་གྱིས་བརླབ་པ་འདིར་འགྲུབ་པ་སྟེ། ཞེས་པ་ནི་རང་བྱིན་བརླབ་པ་ནི་སེམས་དཔའ་དང་རྡོ་རྗེ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་བསྐྱེད་པའོ། །དེ་ཉིད་སྒྲུབ་པའི་མཆོག་ཅེས་ཏེ། མཆོག་ཏུ་གྱུར་པའི་དཔལ་རྡོ་རྗེ་སེམས་དཔའ་དེ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་དེ་འགྲུབ་པའི་མཆོག་ཡིན་ཞེ་ན་གསུངས་པ། དེ་ཉིད་ཉིན་རེ་ལ་ཞེས་པ་ལ་སོགས་པ་སྟེ། ཐོབ་པའི་ཞེས་པ་དང་འབྲེལ་ཏོ། །དེ་འདིས་ཞེས་པ་ནི་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་ཤེས་པའོ། །ཉིན་རེ་ཞེས་པ་ནི་ཉི་མ་རེ་རེའོ། །སྔ་དྲོ་ཕྱི་དྲོ་ལེ་ལོ་འགྲུབ་པ་ནི་བདག་བསྐྱེད་པ་ལ་བྱའོ། །རྡོ་རྗེ་སེམས་དཔའ་ཉིད་འཐོབ་པོ། །ཞེས་པ་ནི་ཤེས་སླའོ། །