དང་པོའི་སྙིང་པོ་འབྱུང་བ་བསྟན་པ།


DTG027_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་གེ་ཧཱུཾ་གིས་དབྱངས་བསྐྱེད་པའི་དགོངས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཀྱང་དང་པོའི་དབྱངས་འབྱུང་བ་ཡེ་ཤེས་ཀྱི་རྒྱུད་ཡིན་ཞེ་ན། ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏན་དུ་སྲིད་པ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་གྲུབ་པར་བྱ་བ་ནི་ཡང་དག་གྲུབ་ཅེས་པའོ། །དེ་ཡིས་ནི་དབང་ཕྱུག་ཆེན་པོ་ཞེས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །དེ་གྲུབ་པའི་དོན་དུ་ཞེས་པ་ནི། དེ་ཐོབ་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །གང་དག་གིས་གྲུབ་པ་ཡིན་ཞེ་ན་གསུངས་པ། དཔའ་བོ་ཞེས་པ་སྟེ་མགོ་རྩོམ་པའི་རྣལ་འབྱོར་པ་དང༌། བྱང་ཆུབ་སེམས་དཔའ་དག་ནི་དཔའ་བོ་ཞེས་པའོ། །དེ་དག་གི་རང་བཞིན་དང་རྣམ་པར་


DTG027_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྨིན་པ་དང༌། ལོངས་སྤྱོད་དང་སྤྲུལ་པའི་སྐུ་བསྐྱེད་པ་དག་ནི་དངོས་གྲུབ་ཀུན་དོན་ཞེས་པའོ། །དེའི་དོན་དུ་སྐལ་བ་བཟང་པོ་ལ་སོགས་པའི་མདུན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔར་གསུངས་སོ་ཞེས་པའི་ཐ་ཚིག་གོ །གསུངས་པ་དག་གི་རང་བཞིན་ཡིན་ཞེ་ན་གསུངས་པ། འདོད་ཆགས་ཆེན་པོའི་ཕྱིར་བཅོམ་ལྡན་འདས་ཞེས་སོགས་ཏེ། ཧཱུཾ་ནི་ཨི་ཡིག་ཅེས་པ་དང་འབྲེལ་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཞེས་པ་ནི་བཤད་ཟིན་ཏོ། །ཕྱིར་ཞེས་པའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་རང་བཞིན་གྱིས་རྟག་པར་གནས་པའི་ཕྱིར། དམ་པའི་ཟད་མེད་ཅེས་པའོ། །དེ་ཁོ་ན་ཉིད་དང་སེམས་ཅན་གྱི་དོན་ལ་ཤིན་ཏུ་ཆགས་པས་ནི་ཤིན་ཏུ་དགའ་ཞེས་པའོ། །དེ་ཁོ་ན་གསང་བ་ཉིད་ཀྱི་ཕྱིར་ན་སྙིང་པོའི་དབྱངས་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་རང་གི་ལྷ་མོའི་ཚོགས་དང་ལྡན་པའི་དཀྱིལ་འཁོར་གྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེ་རྣམས་ནི་གསང་ཉིད་ཅེས་པའོ། །དེ་ལ་གཏན་ལ་དབབ་པའི་ཡེ་ཤེས་ནི་སྙིང་པོ་ཞེས་པའོ། །དེས་བསྐྱེད་པའི་དབྱངས་ཀྱི་སྒྲའི་ཐ་སྙད་ཧཱུཾ་ཞེས་བྱ་བ་དམ་པ་ཟད་མེད་ཅེས་བསྟན་པ་དང༌། དང་པོའི་དབྱངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །