རྟེན་གྱི་མཚན་ཉིད།


DTG027_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གི་མཎྜལ་སཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་འགགས་རྣམ་འཕྲུལ་ཡེ་ཤེས་ཆེན་པོའི་འོད། །ཟབ་ཅིང་རྒྱ་ཆེ་གསུང་དབྱངས་སྣ་ཚོགས་སྒྲོགས། །ཡོན་ཏན་རྒྱན་གྱིས་ཆོས་འཕྲུལ་མཛད་མཐར་ཕྱིན། །རིགས་དྲུག་ལྷ་མོའི་ཚོགས་བཅས་རྒྱལ་གྱུར་ཅིག །ཐེག་ཆེན་གསང་བའི་ལམ་མཆོག་གསལ་མཛད་པའི། །སངས་རྒྱས་གཉིས་པས་ངེས་པའི་དགོངས་མཛད་འགྲོ་ལ། །འཁོར་འདས་མ་སྤངས་ལས་གྲོལ་རྒྱལ་ཆེན་པོ། །རིམ་བཞིན་བརྒྱུད་པའི་དམ་པ་རྣམས་ལ་འདུད། །རྒྱུད་མཆོག་སངས་རྒྱས་ཀུན་གྱི་གསང་མཛོད་ལས། དཀྱིལ་འཁོར་ཆེན་པོའི་ལས་ཀྱི་རིམ་པ་དག །ལེགས་བསྡུས་རྣམ་འགྲེལ་སོགས་ཀྱིས་གསལ་བྱས་ཀྱང༌། །ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་གསལ་མ་བསྟན། །དམ་པས་མ་འོངས་རྣམས་ལ་བརྩེར་དགོངས་ཕྱིར། །སྒྲུབ་པ་ཆེན་པོའི་ཡན་ལག་མདོར་བསྡུས་ཏེ། །རྒྱ་མཚོ་རྒྱ་ཆེན་བདུད་རྩི་ཐིགས་པའི་ཚུལ། །ཡང་དག་སྒྲུབ་དོན་ཡན་ལག་ཕྱོགས་གཅིག་བཤད། །དམ་པའི་གསུང་དང་རྒྱུད་ལ་མི་བསྟེན་ཅིང༌། །དགོས་འབྲེལ་ཡན་ལག་འཐད་པའི་སྒྲུབ་མེད་པར། །རང་དགར་སྨྱོས་ཚིག་ཁྭ་བཞིན་སྨྲ་བྱེད་པ། །གསང་དོན་སྨོས་ཕྱིར་ལོག་འདྲེན་གཙོ་བོར་གྲགས། །དགོངས་པའི་རིམ་པས་སྒྲུབ་དོན་མ་བཤད་ཀྱང༌། །ཚོགས་པས་ལས་རྒྱས་མྱུར་བའི་ཆོ་ག་ཡིས། །བརྟེན་པའི་སྟོབས་ཀྱིས་དུས་མཚུངས་གྲོལ་བྱེད་པ། །ཁྱད་པར་ཐབས་ཀྱི་དཀྱིལ་འཁོར་གསལ་བསྟན་བཤད། །རྒྱལ་བ་རྣམས་ཀྱིས་དགོངས་མཛད་ཇི་བཞིན་པའི། །ཡང་དག་སྒྲུབ་པའི་


DTG027_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྙེན་སྒྲུབ་ཆོ་ག་ལས། །དང་པོ་རྟེན་གྱི་མཚན་ཉིད་ལྡན་པ་ཡིས། །སྒྲུབ་པ་ཆེན་པོའི་ལས་ལ་འཇུག་པར་བྱ། །དེ་དག་ཇི་བཞིན་ལེགས་པར་སྤྱོད་པའི་མཐུས། །ཚེ་འདི་ལས་དང་དངོས་གྲུབ་ཕུན་ཚོགས་གནས། །རིག་འཛིན་གནས་ཐོབ་སངས་རྒྱས་སར་འགྲོ་ཞིང༌། །ཟག་མེད་ཡོན་ཏན་ཕྲིན་ལས་གོ་བར་སྟོན། །གང་ཞིག་རྒྱལ་བ་རྣམས་ཀྱི་རྗེས་སུ་འཇུག་པ་དག་གིས་ནི་ངེས་པའི་དོན་དུ་བཤད་པའི་ཐེག་པ་དག་ཀྱང་ཕྱག་རྒྱ་བཞི་དང་ཚད་མས་བསྒྲུབས་ཏེ་བླ་མ་བརྒྱུད་པ་ལ་བརྟེན་པར་བྱའོ། །དེ་ལ་དང་པོ་རྟེན་གྱི་མཚན་ཉིད་ནི། །ཞི་ཞིང་དེས་ལ་གསོང་པོར་སྨྲ་བ་དང༌། །སྒྱུ་སོགས་མེད་པས་གཞན་དོན་བརྩོན་པ་དང༌། །ང་རྒྱལ་ཁྲོ་གཏུམ་དང་བྲལ་ཞིང༌། །འགྲོ་བ་ཀུན་གྱི་ཡིད་འོང་བས། །དམ་པའི་བཤེས་གཉེན་ལ་བརྟེན་ཏེ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་བླང་པ་དག་བྱའོ། །དེ་ནས་ཐེག་པ་ཆེན་པོ་ལ་མོས་པའི་ཐུགས་ཀྱིས་དད་པ་དང༌། །བརྩོན་འགྲུས་དང༌། ཡང་དག་པའི་ལྟ་བས་ཤེས་རབ་གསུམ་བསྐྱེད་ཅིང་སྣོད་ཀྱི་དྲི་མ་དག་བསལ་བར་བྱས་ནས་རྡོ་རྗེ་ཐེག་པ་ལ་མོས་པས་དེ་ཉིད་ཀྱི་བླ་མ་དམ་པ་ལ་བརྟེན་ཏེ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བཞི་རིམ་པ་བཞིན་དུ་ཐོབ་པར་བྱ་བ་དང༌། །དེ་དག་གི་དམ་ཚིག་ཇི་སྐད་བསྟན་པ་བཞིན་དུ་གནས་པས་འགྲོ་བ་ཐམས་ཅད་བསྒྲལ་ཞིང་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱ་བའི་ཕྱིར་རྡོ་རྗེ་ཐེག་པ་ལས་བཤད་པའི་དོན་བཞིན་དུ་བདག་བསྒྲལ་བར་བྱ་སྟེ། དད་པ་ལ་སྐྱོ་དུབ་མེད་པ་དང༌། བརྩོན་འགྲུས་ལ་ཐང་ལྷོད་མེད་པ་དང༌། ལྟ་བ་ལ་དབྱེ་གསལ་མེད་པ་དང༌། སྤྱོད་པ་ལ་འགྲོན་ཐེབ་མེད་པས་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ། བསྒྲུབ་པ་རིམ་པའི་གདམས་ངག་མནོས་ཤིང་ལྟ་བའི་མཚན་ཉིད་དང༌། །སྒོམ་པའི་མཚན་ཉིད་དང༌། སྤྱོད་པའི་མཚན་ཉིད་དང༌། སྒྲུབ་པའི་མཚན་ཉིད་དག་ཐེ་ཚོམ་མེད་པར་ཉམས་སུ་བླང་ངོ༌། །དེས་བདག་དང་གཞན་དག་རྗེས་སུ་གཟུང་བའི་ཕྱིར་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བའི་ཆོ་ག་དང༌། དཀྱིལ་འཁོར་ཇི་ལྟ་བ་བཞིན་ཤེས་ཤིང་བསྒོམ་པའི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་རྣམ་པ་བཞི་ཤས་པས་རྒྱས་གདབ་པ་དང༌། སྔགས་རྣམ་པ་བཞིས་དཀྱིལ་འཁོར་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ལྷ་ལ་སོགས་པ་རྣམས་དགུག་པ་དང༌། མཆོད་པ་གསུམ་གྱི་རིམ་པ་ཤེས་པས་ལྷ་


DTG027_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སློབ་དཔོན་མཉེས་པར་བྱ་བ་དང༌། ལས་སྣ་ཚོགས་ཀྱི་བྱ་བ་ལ་སྦྱོར་བའི་ཆོ་ག་དང༌། བདག་དང་གཞན་ལ་སོགས་བ་མ་ལུས་པ་རྣམས་གང་འདོད་པ་དག་བསྲུང་བའི་ཆོ་ག་དང༌། སླར་བསྡུ་བའི་ཆོ་ག་དང༌། གཤེགས་སུ་གསོལ་བའི་ཆོ་ག་རྣམས་ལ་མཁས་ཤིང་བྱང་བར་བྱས་ནས་བདུད་རྩི་ལྔའི་རིལ་བུ་བཅའ་ཞིང་བསྒྲུབ་པར་བྱའོ། །