Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། 
   
   
   
  expand section
   
   
   
   
   


 
previousདཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས།next

དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས།


DTG027_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧེ་རུ་ཀ་ནཱ་མ་ནོ་པི་ཀ །བོད་སྐད་དུ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་རྟོག་བྲལ་ཞིང༌། །ཐུགས་རྗེ་མཛད་པ་སྣ་ཚོགས་སྣང༌། །ཐབས་མཁས་ཁྲོ་སྟོན་རྒྱལ་བའི་སྐུ། །མ་ལུས་འཇིགས་ལ་ཕྱག་འཚལ་ཏེ། །མཁའ་འགྲོ་སྒྱུ་མའི་རྗེས་འགྲོ་བ། །དེ་ཉིད་སྒྲུབ་ཐབས་ཆོ་གར་བཅས། །རྣལ་འབྱོར་འདོད་པའི་བདེ་སྐྱེད་དོན། །ཅུང་ཟད་འཇུག་པའི་དོན་ཕྱིར་བཤད། །ཐེག་མཆོག་བླ་མ་བཟང་ལས་བྱུང༌། །ཡོན་ཏན་སྟོབས་སོགས་ཀུན་ནས་མཛེས། །རབ་ཏུ་སྦྱངས་པའི་རྣལ་འབྱོར་མཆོག །འདོད་པའི་ལྷ་ལ་དད་མོས་འདུད། །ཚུལ་ཁྲིམས་བརྟུལ་ཞུགས་ལ་སོགས་ཀྱི། །ཐབས་མཁས་ཡན་ལག་རྣམ་སྤྱད་པས། །དེ་ནས་གོམས་བྱེད་ལས་རྫོགས་ཏེ། །ཀུན་དུ་འཁོར་ལོ་མཐར་ཕྱིན་འགྱུར། །བྱམས་སོགས་


DTG027_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་མེད་བཞི་རྣམས་ཀྱིས། །འགྲོ་རྣམས་ཐམས་ཅད་ཉེ་བར་གཟུང༌། །ཤིན་ཏུ་དག་པའི་གནས་ཉིད་དུ། །བདེ་བའི་སྟན་ལ་ལེགས་པར་གནས། །ཡང་དག་དཀྱིལ་འཁོར་བཟང་པོ་ཉིད། །ཡང་དག་ཁྲུས་ཀྱི་ཆོ་ག་དང༌། །ཡང་དག་མཆོད་རྒྱན་གཏོར་མར་བཅས། །ཡང་དག་ཕྱག་རྒྱ་སྔགས་སོགས་ལྡན། །ཐམས་ཅད་ཡུལ་ཀུན་རྣམ་དག་པའི། །བྱང་ཆུབ་སེམས་ཉིད་བརྟན་པ་ལས། །ཐུགས་རྗེས་ཉི་མའི་མཐའ་ཡས་ཟེར། །ཐམས་ཅད་ཡུལ་ཀུན་ཁྱབ་པར་གསལ། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །སྲུང་བའི་འཁོར་ལོ་རྒྱ་ཆེན་པོ། །འཁོར་ལོ་མེ་འོད་མཚོན་ཆའི་ཕྲེང༌། །ཁྲོ་ཚོགས་སྤྲུལ་བཅས་ཚོམ་རྔམ་ཚོགས། །ཕྱོགས་བཅུར་བསྟན་པར་བྱ་བའི་ཕྱིར། །ཧཱུཾ་བཞིའི་ཕྱག་རྒྱ་སྔགས་ཀྱིས་བསྲུང༌། །རིགས་ཀྱི་ཡི་གེ་མཚན་མར་བཅས། །ཕྲ་མོའི་སྐུར་གསལ་འཕྲོ་འདུ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བྱས་ཏེ། །གཏུམ་རྔམ་ཁྲོས་པའི་ཆ་ལུགས་ཅན། །ཐམས་ཅད་གཅིག་ཏུ་སྦྱོར་བའི་མཐུས། །དམ་ཚིག་རྒྱལ་པོ་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་མཐིང་གའི་མདངས། །འོད་འབར་དུར་ཁྲོད་རྒྱན་གྱིས་བརྗིད། །ཁྲོ་རྟགས་མཚན་མ་ཀུན་རྫོགས་ཤིང༌། །ཉམས་དགུའི་རྔམ་བརྗིད་ཚུལ་དང་བཅས། །སྤྱན་དམར་མཆེ་གཙིགས་ཁྲོ་གཉེར་ཅན། །གཡས་པ་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་སྣོད་བཅུད་ཁ་ཊྭཱཾ་བཅས། །ཀླུ་རྒྱལ་བརྒྱད་ཀྱིས་ཉེར་མཛེས་ཤིང༌། །སྤུ་རྣམས་རྡོ་རྗེ་འོད་འབར་བ། །ཁྲོ་བོའི་དཀྱིལ་འཁོར་ཕྱོགས་བཅུར་སྤྲོ། །རྡོ་རྗེ་ཕྲེང་བ་ཕྱག་རྒྱ་ལྔ། །རིགས་ཀྱི་དབུ་རྒྱན་སེམས་དཔར་བཅས། །གནས་གསུམ་འོད་གསལ་དག་བྱེད་པའི། །དཀྱིལ་འཁོར་ལ་གནས་སྐུ་གསུངས་ཐུགས། །ཕྱོགས་བཅུར་སྤྲོ་ཞིང་བསྡུས་པའི་མཐུས། །བྱིན་བརླབས་གནས་གསུམ་བརྟན་བར་འགྱུར། །སྙིང་གའི་འོད་ཟེར་རྒྱ་ཆེན་པོས། །རིགས་ཀྱི་ཁྲོ་བོ་ཀུན་བསྡུས་ཏེ། །རང་གི་གནས་སུ་བརྟན་བྱས་ནས། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །ཕྱི་ནང་མཆོད་པ་སྣ་ཚོགས་ཀུན། །རྒྱ་ཆེན་སྤྲོ་ཞིང་དག་པར་དབུལ། །ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །སྐུ་གསུང་ཐུགས་སུ་སྦྱོར་པར་


DTG027_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། ཏིང་འཛིན་སེམས་དཔའི་མཚན་མ་ལ། །སྔགས་ཀྱི་འཁོར་ལོ་སྤྲོ་ཞིང་བསྡུ། །ཨོཾ་ཤྲཱི་ཧེ་རུ་ཀ་ཧཱི་སྭཱ་ཧཱ། །མར་མེའི་ཕྲེང་བ་འཁོར་བའི་ཚུལ། །ཡན་ལག་རྫོགས་པའི་ཏིང་འཛིན་གྱིས། །དངོས་གྲུབ་མཚན་མ་ཀུན་སྟོན་ཅིང༌། །ཡང་དག་བྱང་ཆུབ་བརྟན་པར་འགྱུར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུར་མ་ཐམས་ཅད་དུ། །མཐོང་བ་དག་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །བུད་མེད་ལ་སོགས་རིན་ཆེན་མཆོག །མཁའ་ལས་དངོས་གྲུབ་ཐམས་ཅད་སྤྱོད། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་པར་སྦྱོར། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཤིན་ཏུ་བསྟན་པས་འགྲུབ་པར་འགྱུར། །སྤྱོད་ལམ་ཀུན་དུ་མ་ཉམས་པར། །རྣལ་འབྱོར་ཡང་དག་ཏིང་འཛིན་གནས། །རྣམ་པ་མང་པོའི་ཡུལ་ཅན་ཀུན། །ཐབས་དང་ཤེས་རབ་རོལ་མོའི་ཚོགས། །བཟའ་བཏུང་དག་པའི་ཏིང་འཛིན་གྱིས། །དཀྱིལ་འཁོར་ཐམས་ཅད་ཚིམ་འགྱུར་ཅིང༌། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ལ། །འགྲོ་རྣམས་དག་པར་ཉེ་བར་སྦྱོར། །ཀུན་དུ་ཆ་ལུགས་ཆུ་ཟླ་བཞིན། །མ་གོས་ཆགས་པ་མེད་པའི་རྒྱལ། །ཐམས་ཅད་ཆོས་རྣམས་བླང་དོར་མེད། །བྱ་བའི་ལམ་རྫོགས་མཐར་ཕྱིན་འགྱུར། །ཚེ་འདིར་ཡོན་ཏན་ཆོས་ཀུན་དང༌། །རིག་འཛིན་གོ་འཕང་མངོན་པར་བརྙེས། །ཐམས་ཅད་སྦྱོར་བའི་རྒྱུད་ཆེན་པོ། །དེ་ཉིད་ངེས་པར་བསྟན་པའི་དོན། །ཕྱག་རྒྱ་གཅི་པའི་སྒྲུབ་ཐམས་མཆོག །ཡང་དག་རྫོགས་པའི་ཚུལ་གྱིས་འཇུག །ལེགས་པར་བསྡུས་པའི་བསོད་ནམས་ཀྱིས། །ཁམས་གསུམ་ཐམས་ཅད་བཅོམ་ལྡན་འདས། །སྟོབས་མཆོག་དཔལ་ལྡན་ཧེ་རུ་ཀར། །ཡང་དག་ཉིད་དུ་གྲོལ་གྱུར་ཅིག །དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐུ་བོ་ར་ཛ་ཧ་སྟིས་མཛད་པ་རྫོགས་སོ། །


previousདཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས།next