Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ། རིན་ཆེན་རྡོ་རྗེ།
   
   
   


 
previousརྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ།རིན་ཆེན་རྡོ་རྗེ།next

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ།
རིན་ཆེན་རྡོ་རྗེ།


DTG027_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་ར་མ་ཧཱ་ཏནྟྲ་ཏཱ་ཛ་ནཱ་མ་མཎྜལ་ནོ་པི་ཀ་སརྦ་སཏྭ་སུ་ཁོ་ཏ་ཡ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་ལུས་བདུད་རྣམས་སྤྲོ་ཞིང་བསྡུ་བ་མཛད་ནས་རྒྱལ་གྱུར་ཅིང༌། །བདེ་གཤེགས་རྣམས་ཀྱི་ཐུགས་ཁྲལ་བསྐྱུངས་ནས་བདེ་མཛད་རྒྱལ་གྱུར་ཏེ། །རྡོ་རྗེའི་སྦྱོར་བ་རང་གི་ཡན་ལག་དགའ་མཛད་རྒྱལ་གྱུར་ནས། །ཁྲག་གི་བཏུང་བས་མྱོས་ཤིང་བཙུན་མོ་ལ་སྤྱོད་རྒྱལ་བར་གྱུར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཟབ་ཅིང་རྒྱ་ཆེ་ཡོན་ཏན་ཅན། །མྱུར་དུ་བྱང་ཆུབ་རབ་སྒྲུབ་པ། །ཀུན་དུ་ནུབ་པོ་ཉིད་མཐོང་ནས། །དཀྱིལ་འཁོར་ཆོ་གའི་རིམ་འདི་ནི། །


DTG027_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་ཐམས་ཅད་སྔོན་འགྲོ་བའི། །བདེ་བ་སྐྱེད་མ་ཞེས་བྱ་བ། །ཁ་ཅིག་རྗེས་སུ་བཟུང་ཕྱིར་ཡིན། །དེ་ཉིད་ཀྱིས་ནི་རྗེས་བཟུང་སྟེ། །གང་ཕྱིར་དེ་ཡིས་རྗེས་བཟུང་བས། །མ་ལུས་སྡིག་པ་ཟད་པས་ན། །འདི་ནི་བདག་གི་གུས་པར་བྱས། །གང་ཕྱིར་དེ་ཡི་གཟུགས་སྐུ་ནི། །བྲིས་པའི་ཐང་ཀ་ལ་སོགས་ཏེ། །དེ་ཡི་ཡོན་ཏན་དྲན་སྒོ་ནས། །དེ་གཟུགས་ཁ་དོག་ཅན་དུ་འགྱུར། །དེ་རིགས་སོམ་ཉི་མེད་པ་དང༌། མཆོག་ཏུ་ཡིད་དགའ་སྐྱེད་པ་དེ། །རིགས་མེད་ཡོན་ཏན་མེད་གྱུར་ཅིང༌། །ཁ་ཅིག་རྣམ་པར་འཁྲུལ་པར་འགྱུར། །དེས་ན་རབ་རྒྱས་གྱུར་པ་ནི། །གང་ཞིག་འདི་ནི་དགོས་མིན་ཏེ། །དེ་ལྟ་ན་ཡང་བརྒྱ་ལམ་ན། །ཁ་ཅིག་ལ་ནི་དགོས་པར་འགྱུར། །བརྩེ་མེད་ཁྲོ་ལ་གདུག་པ་དང༌། །ལེ་ལོ་ཆགས་སྡང་ལྡན་པ་ཡི། །དེ་སོགས་སྐྱོན་ནི་རྣམ་སྤངས་ཏེ། །མཆན་ཉིད་ཀུན་དང་ལྡན་པ་ཡི། །སློབ་དཔོན་སངས་རྒྱས་ལས་དངོས་པའི། །མཁས་པ་ཡིས་ནི་བྱ་བ་ཡིན། །ཞི་དང་རྒྱས་དང་རབ་གནས་སོགས། །འདོད་དང་དོན་བྱེད་ནུས་རྣམས་ཀྱི། །སློབ་མས་དཀྱིལ་འཁོར་བྲིས་པ་ལ། །ལན་གཉིས་ལན་གསུམ་པར་གསོལ་གདབ། །སྔོན་དུ་བསྙེན་པས་བགེགས་གཞོམ་དང༌། །ཚོགས་ནི་བསྐྱེད་པར་བྱ་བའི་ཕྱིར། །འཁོར་ལོའི་གཙོ་བོའི་སྔགས་འབུམ་བཟླས། །ཡང་ན་ལྷག་པའི་ལྷ་རུ་མཚོན། །གཞན་གྱི་ཡང་ནི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །གཟའ་དང་སྐར་སོགས་བཟང་པོ་ལ། །མཁས་པ་ཡིས་ནི་བརྩམ་བྱས་ཏེ། །ཟླ་བ་དྲུག་དང་གཟའ་བཞི་དང༌། །སྐར་མ་རྣམས་ནི་བཅུ་བཞི་དང༌། །ཚེས་གྲངས་བདུན་དུ་ཕྱེ་བ་ལ། །རབ་གནས་ལ་སོགས་རྒྱས་པར་གསུངས། །དཔྱིད་ཟླ་ར་བ་འབྲིང་དགུན་ཆུང༌། །དབྱར་ཟླ་ར་བ་འབྲིང་དགུན་ཟླ། །གཟའ་ལག་བླ་མ་པ་བ་སངས། །ཟླ་བའི་གཟའ་རྣམས་འདི་དག་གོ །རྒྱལ་དང་མེ་བཞི་ལྷ་མཚམས་དང༌། །སྣར་མ་བྱ་གཞུག་ནམ་གྲུ་དང༌། །ཆུ་སྨད་སྣྲོད་དང་ཁྲུམས་དང་ལག །ལྔ་པ་བདུན་པ་བཅུ་རྣམས་དང༌། །གང་ཞིག་གསུམ་དང་འགེངས་པ་དང༌། ཟླ་བ་ཉ་དང་བཅུ་གསུམ་


DTG027_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །ཚེས་གྲངས་བདུན་ནི་དགེ་བ་ཡིན། །ཇི་ལྟར་སྔར་བརྗོད་སྐལ་བཟང་ནི། །རྗེས་སུ་མཐུན་པར་སྤྱད་བྱ་སྟེ། །གཞན་དུ་སློབ་དཔོན་རྫས་འདོད་པས། །དམྱལ་བ་ཉིད་དུ་ལྟུང་བ་ཡིན། །དེ་ལྟའི་རིམ་པས་སྤྱད་བྱ་སྟེ། །རི་དང་གྲོང་ཁྱེར་གྲོང་རྡལ་དང༌། །ས་ཕྱོགས་ཡིད་དང་མཐུན་པ་རུ། །ས་གཞི་ཡོངས་སུ་གཟུང་བར་བྱ། །ཐལ་བ་རུས་དུམ་གཏུན་བུ་རྣམས། །ཤིན་ཏུ་དག་པ་ཉིད་དུ་བྱ། །ལྷོ་དང་ཆུ་ལ་ཐུགས་པ་རུ། །ས་ནི་ཤར་དང་བྱང་དུ་ནུབ། །དངོས་པོ་ཀུན་ལ་ཀུན་རྫོབ་ཏུ། །རིགས་ནི་རྣམ་པ་བཞིར་བརྗོད་དོ། །དམངས་རིགས་ནས་ནི་བྲམ་ཟེའི་བར། །གནག་སེར་དམར་དང་དཀར་པོའོ། །དེ་ནས་དྲི་ནི་ཤེས་བྱས་ཏེ། །གནག་དང་ཆུ་རུལ་ཕཊ་དྲི་དང༌། །བཞི་པ་ཡིད་འོང་དྲིར་བརྗོད་དེ། །རོ་ཡང་ཡོངས་ནི་བརྟག་པར་བྱ། །སྐྱུར་ཞིང་རྩུབ་པ་དམངས་རིགས་འགྱུར། །མངར་བ་རྗེ་རིགས་ཀྱང་ཡིན་ཏེ། །ཚ་བ་ཡང་ནི་རྒྱལ་རིགས་ལ། །གཞན་ནི་ཁ་ཞིང་བསྐ་བ་ཡིན། །ཞི་དང་རྒྱས་དང་དེ་བཞིན་དབང༌། །མངོན་སྤྱོད་ཀྱང་ནི་འདོད་པ་སྟེ། །ས་ནི་འདི་ལྟར་རིམ་བརྗོད་པ། །བརྐོས་ནས་ཡང་ནི་དགང་བར་བྱ། །ཇི་ལྟར་ཁ་དོག་བརྗོད་སོགས་རིམ། །མཁས་པས་བསང་གཏོར་བྱ་བ་སྟེ། །ནག་པོ་ཇི་ལྟར་བརྗོད་པ་ནི། །སེར་པོ་བུ་རམ་ཉིད་ཡིན་ནོ། །དཀར་པོའི་དོན་ཕྱིར་ཙནྡན་ཉིད། །དམར་པོ་པདྨའི་ཆུ་ཉིད་དང༌། །དམར་པོ་ཙནྡན་དག་གིས་ཏེ། །འདི་ནི་གཉིས་ཀར་ཤེས་པར་བྱ། །སེར་པོ་ལ་ནི་གུར་གུམ་སྟེ། །ནག་པོ་ཡང་ནི་བརྗོད་པར་བྱ། །ཤ་རུལ་པ་ཡི་ཆུ་ཉིད་དོ། །དེ་བཞིན་རོ་དོན་བརྗོད་བྱ་སྟེ། ནག་པོ་ཇི་ལྟར་བརྗོད་པ་ནི། །སེར་པོ་བུ་རམ་ཉིད་ཡིན་ནོ། །དམར་པོ་ལ་ནི་ཚ་བ་གསུམ། །དཀར་པོ་ཇི་ལྟར་བརྗོད་ཉིད་ཡིན། །ས་ལ་ཕུར་གདབ་བསྲུང་བའི་ཕྱིར། །དེ་ནི་བདག་གིས་བརྗོད་པར་བྱ། །ནྱ་གྲོ་དྷ་ཕུར་ཞི་བ་ལ། །རྒྱས་པ་ཨ་ཤྭཏྠ་ཤིང་སྟེ། །དབང་ལ་སིང་ལྡེང་ཕུར་བུ་གནས། །གསད་པ་ལ་ནི་རུས་པའོ། །ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ནས་བུམ་པ་བརྗོད་བྱ་སྟེ། །ཞི་བ་ལ་ནི་ཤེལ་རང་བཞིན། །རྒྱས་པ་ལ་ནི་དངུལ་དུ་གྲགས། །དབང་ལ་གསེར་གྱི་རང་བཞིན་ཏེ། །གསད་པ་ལ་ནི་ཐོད་པ་ཡིན། །དངུལ་ལ་སོགས་པ་མེད་གྱུར་ན། །ས་ཡི་རང་བཞིན་རྩ་མི་གནག །


DTG027_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙནྡན་དང་ནི་གུར་ཀུམ་དང༌། །དེ་བཞིན་ཙནྡན་དམར་པོ་དང༌། །དུར་ཁྲོད་སོལ་བའི་ཕྱེ་མ་ཡིས། །མཁས་པ་ཡིས་ནི་བྱུག་པར་བྱ། །ཞི་བ་སྔ་དྲོ་བྱ་བ་སྟེ། །རྒྱས་པ་དེ་ཡི་དེ་མ་ཐག །དེ་ནས་དབང་གི་ལས་ཡིན་ཏེ། །དགོངས་ཀ་བསད་པའི་ལས་ཡིན་ནོ། །དེ་ནས་མཆོད་ཡོན་སྣོད་བཤད་དེ། །ཇི་ལྟར་ཁམས་དང་ཚད་གྱུར་པ། །ཤེལ་དང་དངུལ་དང་གསེར་དང་ནི། །རིམ་པ་བཞིན་དུ་ལྕགས་ཉིད་དོ། །པདྨའི་རྣམ་པ་དངུལ་ཡིན་ཏེ། །སོར་ནི་བཅུ་གཉིས་པ་ཉིད་དོ། །འདབ་མ་ཡང་ནི་བཞི་བཞི་སྟེ། །ཞི་བ་ལ་སོགས་ལྷས་གཟུགས་ནི། །ཇི་ལྟར་དེ་ནི་བརྗོད་པར་བྱ། །ཞི་བ་ལ་སོགས་དཀར་པོ་སྟེ། །ཞི་བའི་རང་བཞིན་མཉམ་གཞག་པའོ། །རྒྱས་པ་ལ་ནི་སེར་པོ་སྟེ། །མཆོག་ཏུ་གཏེར་སོགས་དགུག་པའོ། །དབང་ལ་ཆགས་པའི་སེམས་ཀྱིས་ཏེ། །ཁ་དོག་དམར་ཞིང་འབར་བའོ། །གསད་པ་ཁ་དོག་ནག་པོ་སྟེ། །འཁྲུགས་ཤིང་འཇིགས་པ་ཉིད་ཡིན་ནོ། །ཐིག་སྐུད་ཁྲུ་བརྒྱད་པར་གསུངས་ཏེ། །གཞོན་ནུ་མ་ཡིས་བཀལ་བ་ཡིས། །དུ་མ་རབ་ཏུ་བཀལ་ནས་ནི། །སློབ་དཔོན་མཐེབ་སོར་བཅུག་གཉིས་ཆའོ། །འདུག་སྟང་ཇི་ལྟར་གསུངས་པ་ནི། །རིམ་བཞིན་ཇི་ལྟར་བརྗོད་པར་བྱ། །ཞི་བ་སེམས་དཔའི་སྐྱིལ་ཀྲུང་སྟེ། །རྒྱས་ལ་དེ་བཞིན་རྡོར་སྐྱིལ་ཀྲུང༌། །དབང་ལ་གཡོན་པའི་སྟང་སྟབས་ཏེ། །སྐྱིལ་ཀྲུང་སྟན་ལ་ལེགས་གནས་པའོ། །གཡས་པས་གདེངས་ཏེ་བསྙལ་བ་ནི། །གསད་པ་ལ་མཆོག་ལྷ་མིན་བཞིན། །ཇི་ལྟར་གོམ་རིམས་བཞིན་དུ་ནི། །བདག་གིས་བཟླས་ཕྲེང་བརྗོད་བྱ་སྟེ། །ཞི་བ་ལ་ནི་ཤེལ་རང་བཞིན། །རྒྱས་ལ་མུ་ཏིག་འབྲས་བུར་བརྗོད། །དབང་ལ་བོ་དེ་ཙེ་རུ་བཤད། །གསད་པ་མི་ཡི་རུས་པ་ཡིན། །གསེར་དང་དངུལ་དང་མུ་ཏིག་དང༌། །མཐིན་ཤུན་དང་ནི་བྱེ་རུ་སྟེ། །རིན་པོ་ཆེ་ནི་ལྔར་བརྗོད་ནས། །ཁ་རྒྱན་ལྔ་ནི་བརྗོད་པར་བྱ། །འཛམ་བུ་ན་ད་བིལ་བ་དང༌། །སྒྱུར་ཞིང་ས་བོན་གང་བའོ། །འབྲུ་ནི་ཏིལ་དང་གྲོ་དང་ནི། །སྲན་མ་ནས་དང་འབྲས་བུ་བརྗོད། །དེ་ལྟའི་རིམ་པས་མྱུར་བ་རུ། །མཁས་པ་ཡིས་ནི་གཞན་དོན་བྱ། །གང་ཞིག་རང་དོན་དགོས་བྱེད་ན། །རྨོངས་པས་དམྱལ་བ་ཉིད་དུ་ལྟུང༌། །དྲི་ཆུ་སྠང་རྩི་འོ་མ་དང༌། །དག་པའི་ཆུ་དང་མེ་ཏོག་དཀར། །


DTG027_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་གྱི་ལས་ཀྱི་རིམ་ཚུལ་ཏེ། །ཇི་ལྟར་བརྗོད་པའི་རིམ་གང་ཡིན། །ཇི་ལྟར་བརྗོད་པའི་བཟེད་ཞལ་དུ། །མངོན་པར་བསྔགས་ཏེ་དྲི་ཡིས་བདུག །མེ་ཏྲོག་སྤོས་དང་དེ་བཞིན་མེ། །དྲི་ཡི་དུང་སོགས་གཡས་སུ་བཞག །སྔགས་ཀྱི་མཆོད་ཡོན་སྣོད་ནི་གཡོན། །བཟེད་ཞལ་མདུན་དུ་གཞག་པར་བྱ། །ཡི་གེ་གསུམ་གྱི་སྔགས་ཀྱིས་ནི། །མཆོད་ཡོན་སྣོད་ལ་བསྔགས་པར་བྱ། །ཞི་ལ་མཐར་ནི་ཝཱ་ཤཾ་དེ། །རྒྱས་ལ་མཐར་ནི་བྷྱོ་བཤད་དོ། །དབང་ལ་མཐར་ནི་ཧྲཱིཿཡིག་སྟེ། །བསད་པའི་མཐར་ནི་ཧཱུཾ་ཕཊ་དོ། །དང་པོ་དྲི་ཆུ་དབུལ་བར་བྱ། །སྦྲང་དང་འོ་མ་གཉིས་པའོ། །དག་པའི་ཚུལ་ནི་གསུམ་པ་སྟེ། མེ་ཏོག་དང་བཅས་བཞི་པར་རོ། །དུད་ཆོས་ནས་ནི་དྲི་ཡི་ཆུ། །བཟེད་ཞལ་དུ་ནི་དབུལ་བར་བྱ། །ཞལ་བསིལ་འཐོར་འཐུང་འོ་མ་སྦྲང༌། །ཡང་ནི་བསང་གཏོར་ཆུ་ཉིད་དོ། །དཀྱིལ་འཁོར་བྲི་བར་བྱ་ཕྱིར་དང༌། །གདུག་པ་རྣམས་ནི་ཞི་ཕྱིར་དང༌། །ས་ལ་སོགས་པ་བརྟག་པའི་ཕྱིར། །གནས་བསྲུང་རིམ་པ་བརྗོད་པར་བྱ། །ཐོག་མར་རྡོ་རྗེ་སློབ་དཔོན་གྱིས། །བདག་གི་གནས་ནི་བསྲུང་བར་བྱ། །ཕྱི་ནས་ས་སོགས་གཟུང་བ་ནི། །ལེགས་པར་མཉན་པར་གཞག་པར་བྱ། །རྟག་པའི་ས་རུ་ཕྱིན་ནས་ནི། །འཇམ་པའི་སྟན་ལ་ལེགས་འདུག་ནས། །དག་བློས་ཤར་དུ་ཁ་བལྟས་ཏེ། །རྟ་མཆོག་གི་ནི་ཏིང་འཛིན་དུ། །རྣལ་འབྱོར་པ་ཡིས་བསམ་བྱ་སྟེ། །ཡན་ལག་ལ་ཡང་དགོད་པར་བྱ། །ཨོཾ་ཡིག་ཁ་དོག་དཀར་པོ་ཡིས། །ས་བོན་བྲལ་བར་བསམ་པར་བྱ། །ཨཱཿཡིག་ཁ་དོག་དམར་པོ་ནི། །ལོངས་སྤྱོད་འཁོར་ལོར་དགོད་པར་བྱ། །ཧཱུཾ་ཡིག་ཁ་དོག་ནག་པོ་ནི། །སྙིང་གའི་དཀྱིལ་དུ་དགོད་པར་བྱ། །ཧོཿ་ཡིག་ཁ་དོག་སེར་པོ་ནི། །ལྟེ་བའི་འཁོར་ལོར་དགོད་པའོ། །ཧཱུཾ་ཀྵཾ་སྤྱི་གཙུག་གསང་བ་ནི། །ལྗང་དངས་ངོ་བ་དེ་བཞིན་ཏེ། །འཁོར་ལོ་དྲུག་ཏི་རིམ་བཞིན་དུ། །དཀྱིལ་འཁོར་དྲུག་ནི་བསྒོམ་བྱས་ཏེ། །ས་གཞི་རྣམས་ནི་ཡོངས་གྱུར་པས། །མཁས་པ་ཡིས་ནི་རྡོ་རྗེ་སྤྲོ། །རྡོ་རྗེ་དེ་ལས་འཕྲོས་པ་ཡི། །རྡོ་རྗེ་འབར་བ་མི་བཟད་པས། །ཕྱོགས་བཅུར་ཀུན་དུ་གནས་པ་ཡི། །བགེགས་ཀུན་འབར་བས་བསྲེག་པར་བྱ། །དེར་གནས་ཡུལ་གྱི་མིང་གི་མིང༌། །མཁས་པ་ཡིས་ནི་ཤེས་བྱས་ཏེ། །ཐོག་མ་ཉིད་དུ་ཞིང་སྐྱོང་ལ། །གཏོར་མ་བྱིན་ཏེ་གཏང་བར་བྱ། །


DTG027_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཨཱཿཧཱུཾ་ཨ་མུ་ཀ་ཡ་ས་པ་རི་ཝཱ་ར་ཡ། ཨི་དཾ་བ་ལིཾ་གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་དྷཾ། དཱ་ད་མ་ཧེ། ས་བ་རི་ཝ་ར་ཤྲཱི་གྲྀ་ཧ་ཨ་གཙྪནྟུ་ཛཿཧཱུཾ་བཾ་ཧོཿ། ཨི་དཾ་བ་ལིཾ་གྲྀ་ཧྞཾ་ཏུ་ཁཱ་དཾ་ཏུ་ས་པ་རི་ཝཱ་རི། སརྦ་སཏྭ་ནཾ། ཤཱིནྟ་པུཥྚིཾ་རཀྵ་ཝརྣ་གོ་པུཥྚིཾ་ཀ་རོ་ཏུ་ཀ །ཨི་དཾ་སྠ་ནཾ་ཏ་ཐཱ་ག་ཏྭ་བ་ཧེ། མཎྜལ་བྷུ་མྱཾ། ཏིཥྛ་ཏུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། བཤད་པར་གྱུར་པའི་རིམ་པ་ཡིས། །སྲུང་བའི་འཁོར་ལོ་བསམ་བྱ་སྟེ། །རླུང་སོགས་དཀྱིལ་འཁོར་བསྒོམ་པར་བྱ། །དེ་དག་ཡོངས་སུ་གྱུར་པ་ལས། །ཇི་སྲིད་མཐོང་བའི་བར་དུ་ནི། །འཁོར་ལོའི་མཐར་ནི་བསྲུང་བའི་ཕྱིར། །ར་བ་ལྔ་ཡང་དེ་བཞིན་ནོ། །འོག་གི་ཆ་ཡི་རྩེ་གསུམ་ལ། །སྟེང་གི་མདའ་ཡི་དྲ་བའོ། །ཧ་ཡ་ར་བ་ལ་རྒྱུ་ལས། །མཁས་པས་མཁའ་སོགས་དགོད་བྱ་སྟེ། །ཡང་ནི་ཡི་གེ་གསུམ་ཉིད་དང༌། །ཧ་གཉིས་སྟེང་དང་འོག་ཏུའོ། །ཤེས་རབ་ཅན་གྱིས་སྲུང་བསྒོམ་ནས། །བྷཱུཾ་ཡིག་ས་བོན་ལས་བྱུང་བའི། །གཞལ་ཡས་ཁང་ཡང་བསྒོམ་བྱ་སྟེ། །དེར་ནི་བཾ་སྐྱེས་པདྨའོ། །དེ་སྟེང་རཾ་ལས་ཉི་དཀྱིལ་འཁོར། །དེར་ནི་ཨ་ལས་ཟླ་དཀྱིལ་འཁོར། །ཧཱུཾ་བསམ་དག་ལས་རྟ་མཆོག་སྟེ། བདེ་མཆོག་མ་དང་མཉམ་སྦྱོར་བའོ། །ཞལ་བཞི་པ་ལ་དཔུང་པ་བཞི། །ཕྱག་བཞི་པ་ལ་ཞབས་བཞི་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །དབང་ཕྱག་ཆེན་པོ་དོན་གྲུབ་པའོ། །དཔལ་ལྡན་སྣ་ཚོགས་པད་འཆང་ཞིང༌། །གཡོན་འོག་མདུན་དུ་རལ་གྲིའོ། །གཡས་པས་རྡོ་རྗེ་དང་བཅས་འཕྱར། །གཡས་འོག་བ་དན་གསུམ་པར་བྱ། །དེ་སྙིང་པདྨ་ཉིད་བསྒོམ་སྟེ། །ཧཱུཾ་ལས་ཁྲོ་བོ་ཆེན་པོ་ནི། །གདུག་ཅིང་རབ་ཏུ་མི་བཟད་པའི། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །མ་ལུས་བགེགས་ནི་གཞོམ་པ་དང༌། །བདུད་བཞི་ཟད་པར་མཛད་པ་སྟེ། །འཇིགས་པའི་དུས་མཐའི་མེ་འབར་བས། །ལོག་འདྲེན་བགེགས་ནི་བསྲེག་པར་བྱ། །མཁའ་ཁྱབ་འོད་ཟེར་ཚོགས་འཕྲོ་བའི། །དེ་ཡི་འཁོར་ལོ་བསྒོམས་ནས་ནི། །བདུད་སོགས་རྣམ་པར་བཅོམ་བྱས་ཏེ། །དེ་ནས་མཉམ་པར་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་ཧོཿ་ཧཾ་ཀྵ་ཧྲཿཧྲཿཧྲཿཧྲཿར་ར་ར་ར། བཛྲ་ཨ་ན་ལ་སརྦཱ་ཝ་ར་ན། སརྦྦ་དྷརྨ་པྲ་ལ་ཡ་ས་བྷཱ་བ་སརྦྦ་མཱ་རེ་ཀ་ཡ་ཀ་བིགྷྣཱ་བི་ནཱ་ཡ་ཀ་དི་ནཾ། དཱ་ཤ་དིཀྒ་ཏ་ནཱཾ་ཀཱ་ཡ་ཝཱཀྩིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ།


DTG027_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྷསྨི་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ནི་བགེགས་བསྲེག་པའི་སྔགས་སོ། །ལོག་འདྲེན་གྱི་བགེགས་ལ་སོགས། །རྡོ་རྗེ་ལྕགས་ཀྱུས་བཀུག་བྱས་ཏེ། །རྡོ་རྗེ་ཞགས་པས་བཅིངས་བྱས་ནས། །བཅིང་བ་ཀུན་གྱིས་བཅིང་བར་བསྐོམ་།ཁྲོ་རྒྱལ་རྡོ་རྗེ་ཕུར་བུ་ནི། །ལྟེ་སྨད་དཔལ་གྱི་རང་བཞིན་ཏེ། །ཕྱོགས་བཅུའི་གདུག་པའི་བགེགས་སྟེང་དུ། །སྟོན་པར་རྣམ་པར་བསྒོམ་པར་བྱ། །ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། །སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཨ་ཧཱུཾ་ཕཊ། ཕྱོགས་མཚམས་ཕུར་བུས་བསྲུང་བ་ལ། །ཁྲོ་བོ་རྣམས་ལ་བཀའ་སྩལ་བསྒོ། །བློ་ལྡན་ཁྲོ་རྒྱལ་བསམ་བྱ་སྟེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཧཱུཾ་ཀྲོ་དྷེ་ཏྲཱུཾ་ཧཾ། ཀྲོ་ཏ་ནཱ་མཛྙཱ་ན་ད་ཀ་ཡ་སྭཱཧཱ། ཨོཾ་བཛྲ་ཏ་ཐཱ་ག་ཏཱ་རཀྵི་ཙེ་ཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བརྟན་པར་བསྐྱེད་པར་བྱའོ། །འཆད་པར་འགྱུར་བའི་རིམ་པ་ཡིས། །དེ་ནས་དེ་ལ་གཏོར་མ་སྦྱིན། །དག་ཅིང་རྟོགས་ལ་སྦར་བྱས་ཏེ། །བདུད་རྩིར་བྱས་ཏེ་བསྒྲུབ་པར་བྱ། །ཐོག་མར་ཐལ་མོ་སྦྱར་བྱས་ཏེ། །དེ་ནས་རྣམ་པར་ཕྱག་རྒྱ་བཅིང༌། །ཨོཾ་ཨཱཿཧཱུཾ་ཧོཿཨུཥྞཱི་ཥ། སུམྦྷཱ་ནི་སུམྦྷཱ། ཡ་མཱནྟ་ཀ །བིགྷྣཱནྟ་ཀ །པདྨཱནྟ་ཀ །བིགྷྣཱནྟ་ཀ །ཨཱ་ཙ་ལ། ནི་ལ་དཎྜ། ཊ་ཀི་རཱ་ཛ། མ་ཧཱ་བ་ལ་ཛ་བྷྱ། ཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་བཾ་ཨཀྵ་ཏཾ་དཱ་ད་མ་ཧི། ཏེ་ཛ་ཨཱ་གཙྪ་ས་པ་རི་ཝཱ་ར་སཱི་གྷྲཱཾ་ཨི་དཾ་བ་ལིཾ་གྲྀ་ཧྞ་དུ་ཁཱ་དནྟུ་པཱི་བནྟུ། ཛཱ་ཧཱུཾ་བཾ་ཧོཿ་སཾ་ཏྲྀ་པཱ་ད་སརྦྦ་སཏྭ་ནཾ། ཤཱིནྟཾ། པུཥྚིཾ། རཀྵ་ཝ་ར་ན་གུཔྟེ་ཀུརྦནྟུ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དེ་ནས་གཡས་གཡོན་རྐང་གཉིས་ལ། །ཧཱུཾ་ཧཱུཾ་དག་ལས་བྱུང་བ་ཡི། །རྡོ་རྗེ་རྐང་མཐིལ་ལ་གནས་པས། །རྡོ་རྗེའི་འགྲོས་ཀྱིས་གར་བྱའོ། །དེ་ནས་གཡས་བརྐྱང་གཡོན་བརྐྱང་དང༌། །མཉམ་དང་མི་མཉམ་པ་དག་དང༌། །ཟླུམ་པོ་དང་ནི་ཟླ་གམ་དང༌། །རུས་སྦལ་རྐང་སྟབས་གཅིག་པར་བྱ། །མེ་ཏོག་དྲི་སོགས་བཤམས་ནས་ནི། །བཾ་ལས་ས་ཡི་ལྷ་མོ་ནི། །མཁས་པས་ས་ནི་བོད་པར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར། །བདག་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཙུན་མོ་དང་བཅས་བྱང་ཆུབ་སེམས། །དེ་དག་ཐུགས་རྗེ་


DTG027_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པ་དང༌། །ཕྱོགས་རྣམས་ཀུན་ན་བཞུགས་པ་ནི། །བདེ་གཤེགས་རྣམས་ལ་གསོལ་བ་གདབ། །ཀུན་དུ་ཐོགས་མེད་གཟིགས་པ་ཡི། །མགོན་པོ་བདག་ལ་དགོངས་སུ་གསོལ། །སློབ་མ་དབང་བསྐུར་ལ་སོགས་དང༌། །བདག་གིས་དཀྱིལ་འཁོར་བྲི་བ་དང། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །དཀྱིལ་འཁོར་དུ་ནི་བཞུགས་སུ་གསོལ། །སྔགས་པས་སླར་ཡང་མཆོད་བཤམས་ནས། །རྡོ་རྗེས་ནི་མཛེས་གྱུར་པ། །སྤྱན་དྲངས་ནས་ནི་ཕྱིས་མཆོད་དེ། །གསངས་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ལཾ་ཧཱུཾ་བཛྲ་བྷཱུ་མི་ཏིཥྛ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཡཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་ཡང༌། བུམ་པའི་ལྷག་པར་གནས་པ་སྟེ། །སྔགས་པས་སྔར་བརྗོད་བུམ་པ་ནི། །གྲངས་ནི་ཉི་ཤུ་རྩ་གཅིག་སྟེ། །ཡང་ན་ལྔའམ་དགུ་ཉིད་དུ། །དངོས་གྲུབ་འདོད་པ་རྣམས་ཀྱིས་བྱ། །ཇི་ལྟར་མཚན་མ་དེ་བྲི་བ། །རིམ་པ་བཞིན་དུ་བརྗོད་པར་བྱ། །གཞུ་དང་འཁོར་ལོ་དེ་བཞིན་གྲི། །ཐོད་པ་བདུད་རྩིས་གང་བ་དང༌། །དཔག་བསམ་ཤིང་དང་ཤ་ཆེན་དང༌། །དེ་བཞིན་བདུན་པ་ལྕང་ལོ་ཡིན། །ཐོག་མ་ཐ་མར་རྡོ་རྗེ་སྟེ། །ལྕགས་ཀྱུ་དེ་བཞིན་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་དེ་བཞིན་ནོ། །ལས་ཀུན་པ་ནི་གཅིག་ཉིད་དེ། །མཁས་པས་མཆོད་ཡོན་སོགས་ཀྱིས་མཆོད། །དཀྱིལ་འཁོར་གྱི་ནི་དབུས་ཕྱོགས་སུ། །མཁས་པས་རྣམ་རྒྱལ་བུམ་བཞག་སྟེ། །རྡོ་རྗེ་མེ་ཏོག་ཕྲེང་བཅིངས་ལ། །བུམ་སྟེང་བློ་དང་ལྡན་པས་གཞག །སངས་རྒྱས་ཀུན་གྱི་གསང་སྔགས་ནི། །བརྒྱད་བརྒྱ་ཉིད་དུ་བཟླས་པར་བྱ། །དེ་བཞིན་བརྒྱ་རྩ་བརྒྱད་དུ་ནི། །དཀྱིལ་འཁོར་པ་ཡིས་བཟླས་པར་བྱ། །དེ་ནས་ཡང་ནི་རྡོ་རྗེའི་ཐིབ། །དཀྱིལ་འཁོར་གྱི་ནི་ཤར་གྱི་ཆར། །གཽ་རཱིའི་སྔགས་ཀྱིས་གཞུག་ནས་ནི། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་གཞན་ཡང་རྡོ་རྗེའི་རྡུལ། །ནུབ་ཀྱི་ཕྱོགས་སུ་གཞག་བྱ་སྟེ། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་ལྷོ་ཕྱོགས་ཉིད་དུ་ནི། །སློབ་མས་མཎྜལ་བྱས་ནས་ནི། །ཆོམ་རྐུན་མ་ཡི་སྔགས་ལྡན་པས། །རྡོ་རྗེ་རྩེ་ལྔ་གཞག་བྱ་སྟེ། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་བྱང་གི་ཕྱོགས་སུ་ནི། །རོ་ལངས་མ་ཡི་གསང་སྔགས་ཀྱིས། །རྡོ་རྗེ་དྲིལ་བུ་གཞག་བྱ་སྟེ། །མཆོད་


DTG027_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་གསང་སྔགས་ལྡན་པ་ཡི། །སློབ་མ་མཎྜལ་བྱས་ནས་ནི། །མེ་ཏོག་ཕྲེང་བ་ལག་ཐོགས་ནས། །ཕུས་མོ་གཡས་པ་སར་བཙུགས་ཏེ། །རྡོ་རྗེ་བླ་མའི་བདུད་རྩིའི་ཐིགས། །དེ་ལྟ་བུ་ནི་མཉམ་པར་བྱ། །ཁ་ཅིག་སྔགས་ནི་སྒྲུབ་ཕྱིར་དང༌། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དུ་འཇིག་རྟེན་དོན་གཉེར་བ། །དཀྱིལ་འཁོར་དུ་ནི་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་དོར་གཉེར་བ། །དད་པས་མང་དུ་གཉེར་བ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིས་འབྲས་བུ་འདོད་མི་བྱ། །ཚེ་འདིས་འདོད་པར་འགྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདི་ཡི་ནི་འབྲས་བུ་རྒྱས། །དེ་ལྟར་གུས་པ་དང་བཅས་ཏེ། །ཆོས་ནི་མཉམ་པར་བྱས་ནས་སུ། །ལུས་ངག་བསྡམས་པའི་རང་བཞིན་གྱིས། །མདུན་དུ་ཚུལ་བཞིན་གནས་པར་བྱ། །སློབ་མ་རང་གིས་ལུས་བཅུག་སྟེ། །རྡོ་རྗེའི་ལམ་ནས་པདྨར་གདོན། །དེ་ལས་བདེ་གཤེགས་ཞུ་བ་ཡི། །དབང་བསྐུར་དཀྱིལ་འཁོར་ཤར་སྒོར་གདོན། །དེ་ནས་ཐལ་སྦྱར་པུས་བཙུགས་ནས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །འདི་ལྟ་བུ་ཡི་ཚིག་དག་གིས། །ལན་གསུམ་པར་དུ་གསོལ་བ་གདབ། །བདག་གི་སྟོན་པ་དཔའ་ཆེན་ཁྱོད། །བདེ་མཆོག་མ་དང་མཉམ་སྦྱོར་ལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཡིས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སློབ་མ་གཙོ་གྱུར་པ། །དེ་ལ་བོད་པ་བྱས་ནས་ནི། །མཉམ་པར་གཞག་པའི་སེམས་ཀྱིས་སུ། །འདི་ལྟ་བུ་ཡི་ཚིགས་བཅད་བྱ། ཁུ་ཚུར་རྡོ་རྗེ་ཐེག་ཆེན་པོའི། །གསང་སྔགས་པ་ཡི་ཚུལ་ཆེན་ནི། །ཁྱོད་ནི་ཐེག་ཆེན་སྣོད་ཡིན་ན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དུས་གསུམ་རྫོགས་པའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །


DTG027_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་དེ་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་པའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་བདུད་རྩི་ཐབ་སྦྱོར་གྱི། །སྔགས་ཀྱིས་མངོན་པར་བསྔགས་པ་ཡི། །ཨ་ཤྭདྛ་ལ་སོགས་པའི་ཤིང༌། །ཤུན་པ་མཉམས་རྨ་མེད་པ། །ཚད་ནི་བཅུ་གཉིས་སོར་ཚད་ལ། །མེ་ཏོག་ཕྲེང་བས་རྩེ་བཅིངས་པ། །མཁས་པ་ཡིས་ནི་རིམ་བཞིན་དུ། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཚོམ་བུའི་སྟེང་དུ་དོར་བ་ནི། །གང་ཡང་མདུན་དུ་ལྷུང་གྱུར་ན། །དེ་ཡིས་མཆོག་གི་དངོས་གྲུབ་ཡིན། །དེ་བཞིན་ཤར་དུ་རྩེ་བལྟས་ན། །དེ་ལ་དངོས་གྲུབ་འབྲིང་དུ་བཤད། །དེ་ལྟར་ཕྱོགས་མཚམས་རྩེ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འདོད། །དེ་ལྟར་སོ་ཤིང་དོར་བ་ལས། །གང་ཞིག་ཁ་ཡི་འོག་བལྟས་ན། །དེ་ཡིས་ས་འོག་དངོས་གྲུབ་ནི། །སོམ་ཉི་མེད་པ་ཉིད་དུ་བརྗོད། །དེ་རྗེས་རྡོ་རྗེ་སློབ་མ་ལ། །དྲི་ཡི་ཆུ་ཡིས་འཐོར་འཐུང་དང༌། །དྲི་ཆུ་འཚོར་གསུམ་སྦྱིན་བྱ་སྟེ། །ཨོཾ་ཧཱུཾ་བི་ཤུདྡྷ་དྷརྨ་སརྦྦ་བི་ཀལྤ་ན། ཨ་པ་ན་ཡ། སཾ་ཤྭདྷ་ཡ་སརྦ་བི་ཀལྤ་ན་ཨ་ན་ཡ་ཧཱུཾ། །དེ་ནས་ཡང་ནི་ཉེར་འདུག་སྟེ། །བདུད་རྩི་ཐབ་སྦྱོར་གསང་སྔགས་ཀྱིས། །ཀུ་ཤའི་རྩེ་ལ་རབ་བསྔགས་ཏེ། །དེ་ནས་སྔགས་དང་སྟན་དུ་སྦྱིན། །དེ་ཉིད་བཟླས་པའི་སྔགས་ཀྱིས་ནི། །བསྲུང་སྐུད་མདུད་པ་གསུམ་ལྡན་པ། །དེ་དག་བསྲུང་བར་བྱ་བའི་ཕྱིར། །སློབ་མ་རྣམས་ཀྱི་དཔུང་པར་བཅིང༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །མ་བྱུང་འབྱུང་བར་མ་གྱུར་པའི། །བདུད་རྩི་ཡི་ནི་རོལ་གྱུར་པའི། །ཆོས་བཤད་པས་ནི་གཟེངས་བསྟོད་བྱ། །གལ་ཏེ་ཀུན་མཁྱེན་འཇིག་རྟེན་དུ། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །བརྒྱ་ལམ་ན་ནི་རེས་འགའ་ཞིག །ཨུ་དུ་མ་ཝཱ་རའི་མེ་ཏོག་བཞིན། །གང་ཕྱིར་གསང་སྔགས་སྤྱོད་པའི་ཚུལ། །གང་ཕྱིར་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་ནུས་པ། །དེ་བས་ཀྱང་ནི་དཀོན་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔར་གྱི་


DTG027_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡིག་པ་གང་བགྱིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །སྡུག་བསྔལ་མ་ལུས་འབྱུང་འགྱུར་བའི། །དམན་པ་གྲིང་ཁྱེར་དེ་དག་གཅོད། །དེ་རིང་ཁྱོད་ཀྱིས་མཉམ་མེད་པས། །རྙེད་པ་མཉམ་མེད་ཆེན་པོ་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་སྐྱེ་སྟེ་སྐྱེ་བ་མེད། །དེ་ཕྱིར་ཁྱེད་ནི་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །འདི་ཡིས་ཁྱོད་རྣམས་བགྲོད་གྱུར་ནས། །ཡེ་ཤེས་བླ་ན་མེད་པ་ཐོབ། །དེ་ལྟར་སློབ་མ་ལ་བརྗོད་ནས། །དེ་ཡིས་དོན་ལ་གུས་པས་མཉན། །དེ་ལྟར་ཚུལ་བཞིན་མཉམ་ནས་ནི། །ཡང་ན་འདི་ལྟར་བརྗོད་པར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་མགྲོན་གཉེར་ནས། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་བྱ་བའི་ཕྱིར། །བྱང་ཆུབ་སྤྱོད་མཆོག་སྤྱད་པར་གྱི། །དེ་ལྟར་གསུམ་ལ་སྐྱབ་འགོ་བས། །ལན་གསུམ་མང་དུ་བརྗོད་པར་བྱ། །དེ་རྗེས་དེ་མ་ཐག་ཏུ་ནི། །ཡང་ནི་དེ་ལྟར་བྱ་བ་ཡིན། །དེ་རྗེས་རྡོ་རྗེ་སློབ་མ་ནི། །བདུད་རྩི་འཁྱིལ་པ་ཡིས་ནི་བསྔགས། །ཨོཾ་ཨཱཿཧཱུཾ་བི་གྷྣཾ་ཏ་ཀྲྀཏ་ཧཱུཾ། ཞེས་བྱའི་སྔགས་ཀྱིས་བསྲུང་བར་བྱ། །དེ་དག་སྙིང་ག་ལྐོག་མ་དང༌། །སྦྱི་བོ་ཡི་ནི་གནས་རྣམས་སུ། །ཟླ་བ་རྡོ་རྗེ་པདྨ་དང༌། །འཁོར་ལོའི་རང་བཞིན་དགོད་པར་བྱ། །དེ་དག་རྣམས་ཀྱི་ལྟེ་བ་ལ། །ཡི་གེ་ཨོཾ་ཨཱཿཧཱུཾ་བསམ་པར་བྱ། །དེ་ནས་སློབ་དཔོན་སྟན་ལངས་ནས། །རྡོ་རྗེ་འབྱེད་པ་གཡས་བཟུང་སྟེ། །སློབ་མའི་སྙིང་ག་ལྐོག་མ་དང༌། །སྤྱི་བོ་ཡི་ནི་གནས་གསུམ་དུ། །རྡོ་རྗེ་ཡིས་ནི་རེག་བྱ་ཞིང༌། །ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པར་བྱ། །དེ་ནས་སྤྱི་བོར་མེ་ཏོག་དང༌། །མདུན་དུ་སྦོས་ནི་དབུལ་བ་དང༌། །དེ་བཞིན་སྙིང་གར་


DTG027_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་མེ་དང༌། །རིམ་བཞིན་དྲི་རྣམས་དབུལ་བར་བྱ། །དེ་ནས་ཀུ་ཤའི་ལྟན་དག་ལ། །སློབ་མ་ཉལ་དུ་བཅུག་བྱ་སྟེ། །ཅུང་ཟད་རྨི་ལམ་སུས་མཐོང་བ། །ནང་པར་ང་ལ་སྨྲོས་ཤིག་ཅེས། །རིམ་བཞིན་དུ་ནི་སྨྲ་བྱ་སྟེ། །དེ་དག་རང་གི་གནས་སུ་བཏང༌། །སློབ་མ་ལྷག་པར་གནས་བྱས་ནས། །ལས་གཞན་ལ་ནི་འཇུག་པར་བྱ། །སློབ་མ་བསྐུལ་བ་བྱས་ནས་ནི། །དགེ་དང་མི་དགེ་མཚན་མ་རྣམས། །སོ་སོའི་དོན་ནི་བརྟན་པའི་ཕྱིར། །སློབ་དཔོན་རང་གི་གནས་ཉལ་ཏེ། །དཀྱིལ་འཁོར་ས་ཡི་ཕྱོགས་ཀྱི་ཆ། །ཧོ་ཡི་ཕྱོགས་ན་མཁས་པ་ཡིས། །བྱང་ཕྱོགས་སུ་ནི་སྔས་བསྟན་ཏེ། །ལྷོ་ཕྱོགས་སུ་ནི་རྐང་པའོ། །མཆོད་ཡོན་ལ་སོགས་ཕུལ་ནས་ནི། །གནས་ནི་ལྷག་པར་གནས་པར་བྱ། །ཨོཾ་ཧོ་ཀཱ་མ་ལ་གརྦྷ་ཤ་ཡེ་བཛྲ་སུ་ཀ་མ་ནི་ད་ཏྲ་ན་ཀ་ར་མི་ཡ་ཏ་ཐཱ་ག་ཏ་ཏེན་ཀྲེད་ཏ་སོ་ཧ་ཧ་སྭཱ་ཧཱ། །དངོས་སམ་ཡང་ན་རྨི་ལམ་དུ། །དེ་བཞིན་དུ་ནི་རྟགས་མཐོང་དང། །སློབ་མ་ཡིས་ཀྱང་དེ་ལྟར་ཏེ། །གཉིས་ཀའང་དཔྱད་པར་བྱ་བ་ཡིན། །དེ་ལྟར་མཚན་མ་ངན་གྱུར་ནས། །སློབ་དཔོན་གྱིས་ནི་ཁྲི་བཟླས་ཏེ། །གཏོར་མ་ཆེན་པོ་བྱིན་བྱས་ནས། །ཕྱིས་ནི་དེ་ལྟར་དགེ་བ་ཡིན། །དེ་ནས་དཀྱིལ་འཁོར་དེ་ཉིད་དེ། །སྔར་གྱི་ལྷ་རྣམས་རིམ་བཀོད་དེ། །འཁོར་ལོ་བསྒོམ་པའི་སྟེང་དུ་ནི། །བློ་ཆེན་གྱིས་ནི་བསམ་པར་བྱ། །ལྟེ་བ་གཡོན་པའི་ཁུ་ཚུར་གྱིས། །བླ་མས་ཐིག་གི་སྣ་བཟུང་སྟེ། །སྔགས་ཀྱི་བུམ་པ་ཀུན་གྱི་ཆུས། །ཁང་པའི་ནང་དུ་བསང་གཏོར་བྱ། །ཨོཾ་སརྦ་ཤོ་དྷ་ནི་ཧཱུཾ་ཕཊ། ལས་ཀྱི་ཐིག་གིས་རིམ་བཞིན་དུ། །ཡེ་ཤེས་ཐིག་ནི་བརྐྱང་བར་བྱ། །བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཡེ་ཤེས་ཀྱི་ཐིག་གདབ་པའི་སྔགས་སོ། །དེ་ནས་དེ་རྗེས་ཉིད་དུ་ནི། །གོང་དུ་བསྟན་པའི་ཐིག་ཉིད་ཀྱིས། །མཁས་པས་མཉམ་པར་རབ་བཞག་ནས། །ལས་ཀྱི་ཐེག་ནི་གདབ་པར་བྱ། །དེ་ལ་རེ་ཞིག་སྔགས་བཟླས་པའི། སྲད་བུ་མཐའ་མ་དཀར་ལྡན་པས། །དཀར་བའི་རྫས་ལ་སྤང་བྱས་ཏེ། །ཡིད་ཀྱིས་གཙོ་བོའི་གསང་སྔགས་བཟླས། །ཧེ་རུ་ཀ་ཡི་གནས་བསམས་ཏེ། །ཁུ་ཚུར་གཡོན་དུ་ཐིག་གདབ་བྱ། །གཡས་པའི་ཁུ་ཚུར་གྱིས་བཟུང་སྟེ། །ཛཿཡིས་སྒྲུབ་པའི་ལག་ཏུ་གཏད། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ཏེ། །


DTG027_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་བལྟས་རྡོ་རྗེའི་ཐིག་གདབ་བྱ། །སླར་ཡང་སློབ་དཔོན་ལྷོར་འདུག་སྟེ། །བྱང་དུ་བལྟས་ཏེ་གཉིས་པ་གདབ། །མེ་ཡི་ཕྱོགས་ཀྱི་ཆར་གནས་ནས། །མཁས་པས་བྱང་དུ་ཁ་བལྟས་ཏེ། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པ། །དེ་ནས་ཡང་ནི་བྱ་བ་ཡིན། །རླུང་ཕྱོགས་གནས་ལ་ལྷོར་བལྟས་ཏེ། །ནུབ་ཀྱི་ཕྱོགས་ཀྱི་ཐིག་གདབ་པོ། །དེ་ཉིད་དུ་ནི་འདུག་བྱས་ཏེ། །བྱང་གི་ཕྱོགས་ཀྱི་ཐིག་གདབ་བོ། །ཡང་ནི་མེ་ཕྱོགས་འདུག་ནས་ནི། །ལྷོ་ཕྱོགས་ཀྱི་ནི་ཐིག་གདབ་སྟེ། །ཁ་ཁྱེར་གྱི་ནི་ཐིག་དག་ཀྱང༌། །ཤེས་རབ་ཅན་གྱིས་གདབ་པར་བྱ། །སླར་ཡང་མེ་མཚམས་སུ་འདུག་སྟེ། །རླུང་གི་མཚམས་ཀྱི་བར་གདབ་ཅིང༌། །དེ་བཞིན་བདེན་བྲལ་མཚམས་འདུག་ནས། །དབང་ལྡན་མཚམས་ཀྱི་ཐིག་གདབ་བྱ། །སློབ་དཔོན་དང་ནི་དེ་ཡི་ཆ། །བསྐོར་ཕྱོགས་སུ་ནི་འགྲོ་བར་བྱ། །དང་པོ་ཆ་ཆེན་བརྒྱད་དུ་ནི། །རྣལ་འབྱོར་པ་ཡིས་བགོ་བྱས་ཏེ། །དེ་ནས་དེ་རྗེས་ཉིད་དུ་ནི། །སྒྲུབ་པ་པོ་ཡིས་དེ་ལ་བལྟ། །སླར་ཡང་དེ་ལ་བཅུ་དྲུག་ཆར། །བགོ་བྱ་སླར་ཡང་ཉིས་འགྱུར་དུ། །མདོར་ན་ཐིག་རྐང་ཚང་བ་རུ། །མཁས་པ་ཡིས་ནི་གདབ་པར་བྱ། །ཡང་ན་བཅུ་དྲུག་ཆ་ཆེན་ལ། །རྩ་བའི་ཚངས་ཐིག་ནས་བཟུང་སྟེ། །མཁས་པས་དཀྱིལ་འཁོར་རྫོགས་པར་ནི། །ལེགས་པར་ཐིག་ནི་གདབ་པར་བྱ། །ཚངས་ཐིག་ནས་ནི་དྲངས་པ་ཡི། །ཆ་ནི་བཞི་པ་ལེགས་བཟུང་སྟེ། །ནམ་མཁའི་ཁམས་ཀྱི་རང་བཞིན་དུ། །མཁས་པ་ཡིས་ནི་གདབ་པར་བྱ། །དེ་ཡི་ཆ་ཆེན་ལྔ་པ་ནི། །ཉི་ཤུ་ཆར་ནི་བགོ་བྱ་སྟེ། །དང་པོ་ཚོན་རྩི་ཆ་ཉིད་ཡིན། །གཉིས་བཞི་དེ་བཞིན་རིམ་བཞིན་ནོ། །དེ་ཡི་ཆ་ཆེན་དྲུག་པ་ནི། །ཉི་ཤུ་བཞིར་ནི་གདབ་བྱ་སྟེ། །ཆ་གཉིས་ས་ནི་དྲ་ཕྱེད་ཡིན། །དེ་ནས་གཉིས་ནི་རིམ་བཞིན་ནོ། །ཆ་ཆེན་བདུན་པ་བརྒྱད་པ་ནི། །སུམ་ཅུ་གཉིས་སུ་གདབ་བྱ་སྟེ། །རྟ་བབས་སུ་ནི་ཤེས་བྱ་ཞིང༌། །ལྷག་མ་ཅི་རིགས་ཤེས་པར་བྱ། །གཞན་ཡང་ཚངས་ཐིག་ནས་བཟུང་སྟེ། །འཁོར་ལོའི་ཐིག་གདབ་རིམ་པ་ནི། །རྟ་བབས་བར་དུ་གདབ་པར་བྱ། །ལྷག་མའང་ཅི་རིགས་ཤེས་པར་བྱ། །སླར་ཡང་འཁོར་ལོའི་ལྟེ་དབུས་ཀྱི། །ཆ་དྲུག་རྣམ་པར་ཕྱིན་ནས་ནི། །དེ་ནས་བདུད་རྩིས་སྐྱོང་ནུལ་བྱ། །དེ་ནས་


DTG027_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཐིག་གདབ་པོ། །ཆ་ཆེན་བརྒྱད་དང་བཅུ་དྲུག་ཏུ། །དེ་ལ་ཐིག་ནི་གདབ་བྱ་སྟེ། །དེ་ཉིད་སུམ་ཅུ་བཞི་ཉིད་དུ། །མཁས་པ་ཡིས་ནི་སླར་ཐིག་གདབ། །ཆ་ཆུང་ཕྱི་རོལ་གཅིག་དོར་བ། །རྡོ་རྗེ་ར་བའི་ཐིག་ཡིན་ཏེ། །དེ་ནས་ཆ་ཆུང་ལྔ་གཉིས་ནི། །པདྨའི་འདབ་མའི་ཐིག་ཡིན་ནོ། །དེ་བཞིན་དུ་ནི་ལྟེ་བ་སྟེ། །ནང་གི་ཆ་གཅིག་གེ་སར་ཡིན། །དེ་ལྟར་ཆ་ཆུང་ལྔ་གཉིས་ལ། །འདབ་མའི་བར་ཡང་ཤེས་པར་བྱ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །གཡས་སྐོར་གྱིས་ནི་བསྐོར་བྱ་སྟེ། །དཀྱིལ་འཁོར་གྱི་ནི་ཐིག་རྣམས་ལ། །ཡེ་ཤེས་ཐིག་ནི་བསྟིམ་པར་བྱ། །དེ་ནས་དེ་རྗེས་ཉིད་དུ་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །ཧི་ཧིའི་སྒྲ་ནི་བརྗོད་བྱ་ཞིང༌། །ཡིད་ཀྱིས་སྒོ་ནི་དབྱེ་བར་བྱ། །ཨོཾ་ཧཱུཾ་ཏྲཱཾ་ཨ་ཁཾ་འདིས་ནི། །རྡུལ་ཚོན་ཀྱང་ནི་བསྒྲུབ་བྱ་སྟེ། །ཇི་ལྟར་ཚོགས་པ་རྙེད་གྱུར་ནས། །དག་པའི་དྲི་རྣམས་དབུལ་བར་བྱ། །གསལ་བཅས་ལྷ་ཡི་ཕྱག་རྒྱས་ནི། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླས། །དྲིལ་དཀྲོལ་རྡོ་རྗེ་གསོར་བ་དང༌། །རྡོ་རྗེའི་གླུས་ནི་སྐུལ་བྱེད་ཅིང༌། །དམར་བའི་གོས་བཅས་གཏོར་བྱིན་ཏེ། །འདི་ལྟ་བུ་ནི་བསམ་པར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །ཐམས་ཅད་ཁམས་ནི་རྣམ་དག་པ། །རང་ཉིད་སངས་རྒྱས་ཐམས་ཅད་དེ། །དེ་བཞིན་གཤེགས་པ་ཀུན་ནས་གནས། །གཡོན་པའི་ཁུ་ཚུར་གྱིས་ཐོག་མར། །དབང་ལྡན་ནས་ནི་བསྐོར་བྱ་སྟེ། །འཁོར་ལོའི་གཙོ་བོའི་རྗེས་འབྲངས་ནས། །སྔགས་པས་རྡུལ་ཚོན་བྲི་བར་བྱ། །ཨོཾ་བཛྲ་རྩི་ཏྲ་ས་མ་ཡ་ཧཱུཾ། །ཕྱིས་ནི་སློབ་མ་བཟོ་བོ་ཡིས། །ཅི་རིགས་པར་ནི་བྲི་བར་བྱ། །དྲང་དང་འཁྱོག་དང་ཆད་པ་དང༌། །ཕྲ་དང་སྦོམ་པ་ཉེར་མཚོན་ཏེ། །སྦོམ་པོ་ཡིས་ནི་ནད་འགྱུར་ཞིང༌། །ཕྲ་ན་ནོར་རྣམས་ཟད་པར་འགྱུར། །འཁྱོག་ན་འཐོབ་རྩོད་འབྱུང་འགྱུར་ཞིང༌། །ཆད་ན་སློབ་དཔོན་སློབ་མ་འཆི། །དེ་ལ་སོགས་པའི་སྐྱོན་སྤངས་ནས། །རྡུལ་ཚོན་རི་མོ་དགྱེ་བར་བྱ། །ཤར་དུ་སྔོན་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་འབྱུང་བ་ཡིན། །ནུབ་ཏུ་དམར་པོ་ཆེན་པོ་སྟེ། །བྱང་དུ་ལྗང་གུ་ཉིད་འབྱུང་བའོ། །དབུས་ནི་ཟླ་བའི་འོད་ལྟར་ཏེ། །འདི་ནི་རྡུལ་ཚོན་རིམ་པར་བརྗོད། །


DTG027_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སློབ་དཔོན་འཁོར་ལོའི་ཤར་དུ་འདུག །རྣམ་སྣང་མཛད་སོགས་ཏིང་འཛིན་གྱིས། །སྒོ་བཞི་རྣམས་སུ་ལེགས་འདུག་སྟེ། །གྲུ་བཞི་ཡི་ནི་མཚམས་རྣམས་སུ། །དམ་ཆོས་གློག་པ་བཞི་ཡང་གཞག །དམ་ཚིག་ལ་འདས་འཇིགས་པ་ཡིས། །སློབ་མར་གྱུར་པ་གཞུག་མི་བྱ། །གཡས་པས་རྡོ་རྗེ་གསོར་བྱ་ཞིང༌། །གཡོན་པ་ཡིས་ནི་དྲིལ་བུ་དཀྲོལ། །སྔགས་ནི་ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་བཛྲ་གཎྜེ་ར་ཎ་ར་ན། པྲ་ར་ན་པྲ་ར་ཎ། །སཾ་པྲ་ར་ན་སཾ་པྲ་ར་ན། སརྦྦ་བུདྷ་ཀྵ་ཏྲ་ཡེ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷཱ་བ་བེ་བཛྲ་དྷ་ད་པ་ཡ། སཾ་ཏོ་ཥ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རྐང་པ་འདེག་དང་འཇོག་པ་དང༌། །ལྟ་བ་བཞིན་དང་ཁྲོ་བ་ཡིས། །སླར་ནི་ས་གཞི་མནན་བྱ་སྟེ། །སྔགས་རིག་པས་ནི་གནས་པར་བྱ། །གཞན་གྱི་རིམ་འདི་དག་གིས་ནི། །སྒོ་གཞན་དུ་ཡང་ཤེས་པར་བྱ། །གཡས་དང་གཡོན་པའི་རྐང་པ་ཡིས། །རྟག་ཏུ་འགྱིངས་ཤིང་བསྒྱིངས་པར་བྱ། །ཨོཾ་ཧཱུཾ་ཞེས་བྱ་བ་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོའི་སྔགས་སོ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང༌། །ལྟ་སྟངས་ཇི་ལྟར་སྔོན་བཞིན་བརྗོད། །ཨོཾ་ཧཱུཾ་ཨ་ཕཊ། ཅེས་བྱ་བ་ནི་ཤར་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །མཉམ་དང་མི་མཉམ་རྐང་སྟབས་དང༌། །གཏུམ་ཞིང་རབ་རྨོངས་ལྟ་སྟངས་སྟེ། །ཨོཾ་ཧཱུཾ་ཨ་ཕཏ་ཅེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཟླུམ་པོ་དང་ནི་རུས་སྤལ་དང༌། དགའ་བའི་གར་དང་ལྟ་བཅས་ཏེ། །ཨོཾ་ཧཱུཾ་ཨ་ཨ་ཨ་ཕཏ་ཅེས་བྱ་བ་ནི་ནུབ་ཀྱི་སློབ་དཔོན་གྱི་སྔགས་སོ། །ལྟ་བ་རྣམ་པར་རྒྱུ་བ་དང༌། །ཤི་བ་ལྟ་བུ་དེ་བཞིན་ཏེ། །རྐང་པ་དག་གིས་གར་བྱ་བ། །ས་ག་དང་ནི་རྐང་གཅིག་ཡིན། །ཨོཾ་ཧཱུམ་ཧཱ་མཱ་ར་དུཥྚཾ་གྷཱ་ཏ་ཡ་གྷཱ་ཏ་ཡ། །ཨ་ཨ་ཨ་ཧཱུཾ་ཧྲཱིཿཕཊ། བྱང་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཕྱོགས་དེ་དག་ན་གནས་ནས་ནི། །བློ་དང་ལྡན་པས་སྔོན་བཞིན་བརྗོད། །སྤྱང་བ་ལ་སོགས་རིམ་གྱིས་ནི། །གཏོར་མ་ལྔ་ནི་དབུལ་བར་བྱ། །ཨོཾ་བཛྲ་ཨཱ་ར་ལི་ཧོ། །ཛཿཧཱུཾ་བོ་ཧོཾ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཾ། དྲྀ་ཤྱ་ཧོཿ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཱཀྵ་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུསྨནྡ་ཨ་པ་སྨ་ར། ཌཱ་ཀི་ཉ་ད་ཡ་ཨི་མཾ་བ་ལིམ་གྲིཧྞནྟུ། ས་མ་


DTG027_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེ་ཥྚཾ། བྷུ་ཉྫ་ཐཱ། བྷ་བནྟུ་མཾ། མ་ཏི་ཀྲ་མ་ཐ། །མ་མ་སརྦྦ་ཀ་ར་སཏྶུ་ཁ་བི་ཤུདྡྷ་ཡ་ས་ཧ་ཡི་ཀ་ལྷ་བནྟུ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་གཙོ་བོའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿབྷྲ་མི་བིསྣུ་ཨ་ཧི་སྭ་རཱི་ཨིནད་ཨ་དྷི་ས་པ་རི་བཱ་ར། ཨི་དཾ་བཱ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་བམ་ཨཀྵ་ཏཾ་དཱུ་ད་མ་ཧ་དེ་བཱི་ཨཱ་གཙྪ། ས་པ་རི་བཱ་ར། ཨི་དཾ་བ་ལིཾ་གྲྀཧྞནྟུ་ཁ་དནྟུ་པི་བནྟུ་ཛཿཧཱུཾ་བཾ་ཧོཿ་སན་ཏྲི་པ་ཏ་སརྦྦ་སཏྭ་ནཾ། ཤཱཏྣིཨཾ་པུཥྚིཾ་རཀྵ་བ་ད་ཎ་གུ་བྷཾ། ཀུརྦནྟུ། ཧཱུཾ་ཧཱུཾ་ཕཊ། སློབ་དཔོན་གཉིས་པའིའོ། །ཨོཾ་ཨཱཿཧཱུཾ་ཧོཿ་རོ་ཧཱུཾ། ཀ་ར་ཨ་ཀི་ནི། ཙནྡྲ་སཱུཪྻ་བུ་དྡྷ་མཾ་ག་ལ་སུ་ཏྲ་བེ་ཧེ་ས་པ་ཏི་ཀི་དུ་ས་ནི་བྷྱཿཞེས་བྱ་བ་ལ་སོགས་པ་ལྷོ་ཕྱྒོས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿ་ཛ་ཡ། །བི་ཛ་ཡ། །པདྨ། ཀ་རྐོ་ཊ། བ་སུ་ཀི། ཤཾ་ཁ་པ་ལ། ཀུ་ལི་ཀ །ཨཱནྣྡ། ཏཀྵ་ཀ །མ་ཧཱ་པདྨེ་བྷྱཿ། ཞེས་བྱ་བ་ལ་སོགས་པ་ནི་ནུབ་ཕྱོགས་ཀྱི་སློབ་དཔོན་གྱི་ཀླུའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿ་བྷེ་ཝ་ད་ལ་ཀི་ཀེ་ཏ་མུ་ཤཱ་ཀ་ཀ་སུ་ཀ་ར་གྲེ་ཏ་བྷྱ་ཀྵ་ལུ་ཀ་ཛཾ་བོ་ཀ་བྷ་རུ། །དྷ་མོ་ཁྱེད་བྷོ། །ཞེས་བྱ་བ་ནི་འབྱུང་པོའི་གཏོར་མའི་སྔགས་སོ། །དེ་ནས། །སྔོན་བརྗོད་པ་ཡི་རིམ་པ་ཡིས། །བློ་དང་ལྡན་པས་བསྲུང་བྱས་ཏེ། །སྲུང་བའི་ཁྲོ་བོ་རྣམས་ལ་ནི། །དེ་ནས་བཀའ་ནི་བསྒོ་བར་བྱ། །བདག་ཉིད་གཟུགས་བརྙན་ལྟ་བུ་སྟེ། །གཟུགས་བརྙན་བཞིན་དུ་བདག་ཉིད་ལྟ། །དང་པོ་སྙིང་གར་པདྨ་ལ། །དེ་སྟེང་ཟླ་རྫོགས་དཀྱིལ་འཁོར་བསམ། །དེར་ནི་ཧཱུཾ་བྱུང་རྡོ་རྗེ་སྟེ། །དེ་ལས་འོད་ཟེར་སྤྲོ་བར་བྱ། །འོད་གསལ་མེ་ཏོག་བདུག་སོགས་ཀྱིས། །རང་གི་མིང་བཞིན་རྣལ་འབྱོར་མས། །དཀྱིལ་འཁོར་པ་དང་བཅས་པ་ཡི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ཕྱི་ནང་གསང་བའི་མཆོད་པ་ཡིས། །མཆོད་པ་བྱས་ཏེ་བསྡུ་བར་བྱ། །དེ་ནས་བདུན་པོ་དག་བྱ་སྟེ། །གཞན་ཡང་དེ་ཉིད་མཆོད་པར་བྱ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །ཆོས་རྣམས་སྐྱེ་བ་མེད་པ་རུ། །རྒྱུ་དང་མི་རྒྱུ་བསམ་བྱ་སྟེ། །སོས་ཀའི་དུས་ཀྱི་ཉིན་གུང་གི །ནམ་མཁའ་ལ་ནི་སྦྲིན་མེད་ལྟར། །སེམས་ཉིད་བརྟན་པར་བྱས་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།


DTG027_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་ཉིད་ངང་ལས་བྱུང་བ་ཡི། །རླུང་དང་མེ་དང་ཆུ་དང་སས། །གཞལ་ཡས་དཀྱིལ་འཁོར་བསམ་པར་བྱ། །སྔོན་བཞིན་མཉམ་པར་གཞག་པ་ཡིས། །དེ་ནས་གཞལ་ཡས་ཁང་བསམ་བྱ། །སྐར་མ་ལྟ་བུར་འོད་གསལ་བའོ། །དེ་ནས་སེམས་ཙམ་བསམ་བྱ་སྟེ། །རྡོ་རྗེ་སེམས་དཔའི་བདག་ཉིད་ལ། །ལྷ་མོ་གླུ་ཡིས་བསྐུལ་བར་བྱ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །ཟླ་རྫོགས་འོད་ཟེར་ལྟར་འབར་ཞིང༌། །ཤེས་རབ་ཆགས་པས་དམར་བའི་ཞལ། །ཕྱག་གཉིས་རང་གི་རིག་འཁྱུད་ཅིང༌། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །དཔའ་བོ་གཞུ་དང་མདའ་བསྣམས་ཤིང༌། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ནས་ཀུན་གྱིས་དེ་མཐོང་སྟེ། །དེ་དག་བྲེད་ནས་འོངས་པར་གྱུར། །བདུད་དང་ཕུང་བྱེད་འཇིགས་པ་རྣམས། །ཉམ་ཐག་གསོལ་བ་འདེབས་པར་བྱེད། །དེ་ནས་གསོལ་འདེབས་གནས་ནས་ནི། །སྙིང་རྗེ་ཁྲོས་པའི་ཏིང་འཛིན་གྱིས། །ཅུང་ཟད་དུས་སུ་གནས་ནས་ནི། །སྣ་ཡི་དབུགས་རིངས་དྲོ་བཏོན་ཏེ། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པས། །རྡོ་རྗེ་ཁྲོ་བོ་བསྒྱུར་ནས་ཕྱུང༌། །དཔལ་ལྡན་ཁྲག་འཐུང་རྡོ་རྗེ་ཆེ། །འབར་བས་ཐལ་བ་རབ་ཏུ་འཇིགས། །སེམས་དཔའ་སྔོན་པོ་འབར་བའི་ངང་།འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །འཇིགས་པའི་དུས་ཀྱི་མེ་དང་མཚུངས། །འབར་བ་ཆེན་པོའི་སྐྲ་འབར་བ། །ཐོད་པའི་དབུ་རྒྱན་གྱིས་མཛེས་པའོ། །ལེགས་པར་འཇིགས་མཛད་སངས་རྒྱས་སྐལ་བཟང་ཁྲོ་བོའི་མིང་ནི་ཧེ་རུ་ཀ །ཕྱོགས་རྣམས་བདུད་རྣམས་ཐལ་བར་འཇིག་མཛད་འདི་ནི་སྐྱེ་དགུའི་བདག་པོ་སྟེ། །རྟག་ཏུ་དགའ་བ་དང་ལྡན་གར་མཛད་འགྱིང་དང་ཅས་པའི་སྐུ། །གླང་ཆེན་རུས་པ་སྣ་ཚོགས་རྒྱན་བཀླུབས་དུར་ཁྲོད་ཡན་ལག་ཅན། །ཞལ་ལྔ་ཕྱག་ནི་བཅུ་པ་ལ། །ཁ་དོག་སྔོ་ཞིང་འཇིགས་པ་ཡི། །སྤྱན་གསུམ་སྨིན་མ་སེར་བ་སྟེ། །ལུས་ལ་ཐལ་བས་ཉེ་བར་


DTG027_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱུགས། །མཆེ་བ་ཅུང་ཟད་གཙིགས་པ་ལ། །གར་དགུ་ཡི་ནི་ཚུལ་དང་ལྡན། །རང་འོད་ཞལ་གཅིག་ཕྱག་གཉིས་པའི། །ཤེས་རབ་དགའ་བས་གཅིག་མཛེས་པའོ། །གནག་ཅིང་སེར་ལ་དམར་ཞིག་ལྗང༌། །གཡོན་སྐོར་གྱིས་ནི་ཞལ་བཞི་ཡིན། །དཀར་ཞིང་ཞི་བ་སྟེང་ཞལ་སྟེ། །ཕུང་པོའི་བདུད་རྣམས་རབ་ཏུ་བཅིངས། །ན་རའི་པགས་པའི་གོས་འཆང་ཞིང༌། །གཉིས་ཀྱིས་རྡོ་རྗེ་དྲིལ་བུར་བཅས། །ཐོད་པ་ཁ་ཊྭཱཾ་ག་འཛིན་པ། །གློ་སྒང་གཉིས་པོར་འཛིན་པ་ཡིན། །གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་སྟེ། །གཉིས་ཀྱིས་ཅང་ཏེའུ་ཐོད་པ་འཆང༌། །མགོ་གཉིས་སྟེང་དུ་ཧེ་རུ་ཀ །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །བརླ་གཉིས་མཉམ་པར་གཞག་ནས་ནི། །བདེ་བ་ཆེན་པོའི་གོ་འཕང་གནས། །གཡོན་པས་ཐོད་པ་ཁ་ཊྭཱཾ་འཆང༌། །གཡས་པས་བ་དང་གསུམ་པའོ། །ཨིནྡྲ་ནཱི་ལའི་ཁ་དོག་ལ། །དུར་ཁྲོད་དུ་བ་ལྟ་བུ་སྟེ། །ཨུཏྤལ་སྔོན་པོའི་འདབ་འདྲ་བའི། །ན་ཚོད་མཛེས་ཤིང་སྒེག་པའོ། །དེ་ལྟའི་ལྷ་མོ་དང་མཉམ་པའི། །ཇི་ལྟར་ཁྲོས་པར་གྱུར་པ་ནི། །དེ་ཉིད་དུ་ནི་བཀུག་བྱས་ཏེ། །ཕུན་སུམ་ཚོགས་པའི་ཁྲག་འཐུང་བསྐྱེད། །བརྒྱད་པའི་མཐའ་ནི་ཐིག་ལེར་བཅས། །དབྱངས་ཡིག་ལྔ་དང་མཉམ་ལྡན་པ། །ཧཱུཾ་ཡིག་གཙོ་བོར་གྱུར་པ་ལས། །གཽ་རཱིའི་དཀར་མོ་དབྱུང་བར་བྱ། །མདུན་དུ་གཞུ་དང་མདའ་འཛིན་ཅིང༌། །ཚངས་པའི་མགོ་བོ་འབིགས་པར་བྱེད། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང༌། །ཕྱག་བཞི་ཡིས་ནི་རྣམ་པར་མཛེས། །གར་གྱི་སྦྱོར་བ་ལ་གཟིགས་ཤིང༌། །གཡས་བརྐྱང་པ་ཡིས་རྣམ་པར་བཞུགས། །གསུམ་པ་ཡི་ནི་གསུམ་པ་ལ། །འོག་ཏུ་དེ་ཉིད་སྦྱོར་བ་ཡི། །ཚོགས་བཅས་ལ་ནི་ཆོམ་རྐུན་མ། །གཡས་སུ་ཁ་དོག་དམར་མོ་སྟེ། །འཁོར་ལོ་སྲིད་གསུམ་བརྒལ་སྡིགས་མཛུབ། །གཡས་གཉིས་པར་ནི་ལྕང་ལོ་སྟེ། །གཡོན་པ་སྡིགས་མཛུབ་ཕྱག་རྒྱ་ལ། །དེ་བཞིན་གཡོན་པ་བ་དན་ནོ། །གཉིས་པ་ཡི་ནི་སྤྱང་བ་ལས། །ཟླ་བའི་ཁ་དོག་རྨད་བྱུང་བའི། །རོ་ལངས་མ་ནི་གཡོན་དུ་སྟེ། །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །


DTG027_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་ཆེན་པོ་ལྟུགས་མཛད་ནས། །སྔ་མ་བཞིན་དུ་ཐལ་མཛད་ཅིང༌། །སླར་ཡང་སློང་བར་མཛད་པ་ཡིས། །ལྕང་ལོ་ཡང་ནི་གཉིས་པ་སྟེ། །གཡས་པ་གཞན་ནི་རྒྱལ་མཚན་ཡིན། །རྡོ་རྗེ་ཡིས་ནི་མཚན་གྱུར་པའི། །གཡོན་གཉིས་པ་ན་ཁ་ཊྭཱཾ་གའོ། །ལྔ་པ་ཡི་ནི་དང་པོ་ལ། །ལྔ་པ་ཡིས་ནི་ལྡན་པར་བྱ། །འདི་ནི་ས་བོན་རྒྱལ་པོ་སྟེ། །ཐིག་ལེ་བཅས་ལས་འདི་ནི་འབྱུང༌། །པུཀྐ་སཱི་ནི་མེ་མཚམས་སུ། །གཟུགས་མཛེས་ཟླ་བའི་ཁ་དོག་ལ། །དཀར་བའི་ལུས་ལ་ཞལ་སྔོ་བ། །གཡོན་བརྐྱང་བ་ཡིས་བཞུགས་པར་མཛད། །ལྕང་ལོ་དང་ནི་བ་དན་བཅས། །གཡས་དང་དེ་བཞིན་གཡོན་པར་ཏེ། །དཔག་བསམ་ཤིང་གི་ལྕུག་མ་དང༌། །ཁ་ཊྭཱཾ་ག་ནི་སྔོན་བཞིན་ནོ། །གསུམ་པ་ཡི་ནི་དང་པོ་ལ། །ཐིག་ལེ་དང་ནི་ལྡན་པ་ལས། །གཏུམ་མོ་ཁ་དོག་སྔོན་མོ་ནི། །བདེན་བྲལ་གྱི་ནི་མཚམས་སུ་གནས། །གཡས་བརྐྱང་པ་ཡིས་གནས་པ་སྟེ། །ཕྱག་གཉིས་ཤ་དང་བཏུང་བ་འཛིན། །དུར་ཁྲོད་མེ་དང་རྒྱལ་མཚན་ཐབ། །རྟག་ཏུ་གཡོན་པ་མཛེས་པའོ། །དང་པོ་ཡི་ནི་གཉིས་པ་ལ། །ཐིག་ལེས་རྣམ་པར་བརྒྱན་པ་སྟེ། །ས་བོན་དེ་ལས་ཟ་ཕོད་མ། །ཁ་དོག་ལྗང་ལ་ཅུང་ཟད་སྐྱ། །རླུང་མཚམས་གཡོན་བརྐྱང་བས་བཞུགས་ཤིང༌། །ཕྱག་གཉིས་ཀྱིས་ནི་གར་མཛད་མ། །གཡས་གཡོན་གཉིས་ཀྱི་འོག་མ་ཡིས། །ལྕང་ལོ་དེ་བཞིན་རྒྱལ་མཚན་འཛིན། །གཉིས་པ་ཡི་ནི་དང་པོ་ལ། །ཐིག་ལེ་དང་ནི་ལྡན་པ་ལས། །ལས་ཀྱི་ཕྱག་རྒྱ་དབང་ལྡན་དུ། །ཧེ་རུ་ཀ་དཔལ་ཞལ་གཅིག་སྟེ། །གླང་པོའི་ཐོད་པས་དབུ་བརྒྱན་ཅིང༌། །སྐུ་ཆེ་འཇིགས་པར་མཛད་པ་མོ། །ཕྱག་གཉིས་རྡོ་རྗེ་ལྕང་ལོ་དང༌། །སྣ་ཚོགས་རྡོ་རྗེ་ཐོད་པའོ། །ཐམས་ཅད་ནམ་མཁའི་གོས་འཆང་ཞིང༌། །སྒེག་པ་ལ་སོགས་ཉམས་དང་ལྡན། །རྒྱུ་མའི་རྒྱུ་ཐོད་ཆེན་པོ་ཡི། །ཕྲེང་བས་ལུས་ལ་རྣམ་པར་བརྒྱན། །ཞལ་གཅིག་མ་ལ་སྤྱན་གསུམ་མ། །སྒེག་པའི་རྒྱན་གྱིས་བརྒྱན་པ་སྟེ། །ཐམས་ཅད་མཛེས་པས་ཕུན་ཚོགས་ཤིང༌། །འཛུམ་ཞིང་རྣམ་པར་འཛུམ་པའི་ཞལ། །ཞི་བ་དྲག་པོར་རབ་རྨོངས་གཏུམ། །དགའ་ཞིང་གར་བྱེད་འགྱུར་


DTG027_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བཅས། །ཤི་བ་བུང་བ་ལྟ་བུ་ཡི། །ཞལ་གྱི་ཕྱག་རྒྱ་རྣམ་པར་གནས། །ཞི་དང་དྲག་པོ་རྨོངས་བྱེད་དང༌། །གར་བྱེད་བསྒྱིངས་ཤིང་ལྟ་བར་མཛད། །ཡི་གེ་བཞི་ལས་བྱུང་བ་ཡི། །ཕྱི་རོལ་མཚམས་ཀྱི་ལྷ་མོ་ནི། །སོ་སོར་རང་གི་ལྷག་པའི་ལྷ། །རང་གི་ཕྱག་རྒྱས་རོལ་པ་ཡིས། །པི་ཝང་ལ་སོགས་སྔགས་རྣམས་ནི། །ཧ་ཧོ་ཧྲཱིཿཧཱུཾ་འདི་རུ་གནས། །ཨ་ཨཱཿཨཾ་ཨ་འདི་སྔོན་བཞིན། །མེ་ཏོག་སོགས་སུ་བརྟག་པར་བྱ། །དེ་རྣམས་ནང་གི་ཕྱོགས་གྱུར་པ། །རྡོ་རྗེ་མེ་ཏོག་སོགས་དེ་བཞིན། །ཛཿཧཱུཾ་པཾ་ཧོཿའྡི་ལས་ཀྱང༌། །སྒོ་སྲུང་རྣམས་ནི་འབྱུང་བ་ཡིན། །རིང་དུ་འགྲོ་སོགས་དེ་དག་གི །ཁ་དོག་མཚན་མ་བརྗོད་པར་བྱ། །གླིང་བུ་མ་ནི་དམར་མོ་ལ། །གླིང་བུའི་སྒྲ་ནི་དར་བརྩོན་མ། །པི་ཝང་མ་ནི་དཀར་མོ་ལ། །པི་ཝང་ལ་ནི་མངོན་པར་བརྩོན། །རྫ་རྔ་མོ་ནི་དཀར་མོ་ལ། །མུ་ཀུནད་ནི་དེ་བཞིན་ལྗང༌། །ལྷ་མོ་དེ་རྣམས་ནང་ནས་ནི། །མེ་ཏོག་སྤོས་དང་མར་མེ་དྲི། །དཀར་དང་དུ་བ་ལྟ་བུ་དང༌། །གསུམ་པ་གསེར་གྱི་མདོག་ཅན་ཏེ། །དྲི་མ་དམར་མོ་གུར་གྲུམ་གྱི། །ཅུང་ཟད་རབ་ཏུ་འདྲེས་པའོ། །ཤར་གྱི་ཕྱོགས་ཀྱི་སྒོ་རུ་ནི། །རིང་དུ་འགྲོ་མ་ལྕགས་ཀྱུ་འཆང༌། །གཡོན་པས་ལྕུང་མ་འཛིན་པ་ལ། །ཅུང་ཟད་ཁྲོ་དང་བཅས་པའོ། །ནག་མོ་འགུགས་པར་བྱེད་མ་ལ། །གཡོན་བརྐྱང་པ་ཡིས་གནས་པའོ། །ལྷོ་ཡི་ཕྱོགས་ཀྱི་སྒོ་རུ་ནི། །སེར་མོ་རྡོ་རྗེ་གདོང་ཅན་མ། །གཡོན་བརྐྱང་བ་ཡི་གནས་པས་བཞུགས། །ལྕགས་ཀྱུ་ཁ་དོག་སེར་མོ་འཛིན། །གཡོན་པས་མཆེ་བ་འཛིན་པ་སྟེ། །རྡོ་རྗེ་གདོང་ཅན་ཞེས་བྱ་བ། །བཀུག་པ་རྣམས་ནི་རབ་འཛུད་པའོ། །དེ་ནས་ནུབ་ཕྱོགས་སྒོ་རུ་ནི། །རྡོ་རྗེ་སྒྲོག་མ་རབ་ཏུ་གནས། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །དེ་དག་དབུས་ན་ལྕགས་སྒྲོག་སྟེ། །འདི་ནི་དམར་ཞིང་འཆིང་བར་མཛད། །གཡས་བརྐྱང་བ་ཡིས་བཞུགས་པའོ། །མགོན་པོ་ཕྱག་ནི་བཅུར་བརྗོད་ཅིང༌། །ཕྱག་གཉིས་མ་ཡིས་མགུལ་ནས་འཁྱུད། །ཕྱག་བཞིར་ལྡན་པའི་ལྷ་མོ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །མེ་ཏོག་གླིང་བུའི་རིམ་པ་ཡིས། །དེ་ལས་གཞན་དུ་གར་བྱེད་ཅིང༌། །སྒོ་བཞི་དག་ཏུ་


DTG027_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པས་ནི། །ཀུན་ནས་ཡོངས་སུ་བསྲུངས་པའོ། །འདི་རྫོགས་དཀྱིལ་འཁོར་བདག་ཉིད་དེ། །རིགས་ལྔ་ཡི་ནི་བྱིན་གྱིས་བརླབས། །མིག་ལ་སོགས་པ་བྱིན་བརླབས་ཏེ། །དབང་བསྐུར་བ་ནི་བླང་བར་བྱ། །མིག་ལ་སངས་རྒྱས་བྱང་ཆུབ་སྟེ། །གཟུགས་ནི་འདོད་པའི་ལྕུག་མ་ཡིན། །ཉན་པར་རྡོ་རྗེ་གླིང་བུ་སྟེ། །སྒྲ་ལ་རྫ་རྔ་མ་རུ་གྲགས། །སྣ་ལ་རྡོ་རྗེ་མེ་ཏོག་སྟེ། །དྲི་ལ་དྲི་ཡི་རྣམ་པར་གྲགས། །ལྕེ་ལ་རིང་དུ་འགྲོ་མ་སྟེ། །རོ་ལ་ཐལ་བ་འཇིགས་མའོ། །ལུས་ལ་དེ་བཞིན་ན་རེག་བྱ་ལ། །ཕྲ་མོ་ཧ་མིང་རྣལ་འབྱོར་མ། །ཡིད་ལ་བདེ་མཆོག་མར་བརྗོད་དེ། །ཆོས་ལ་རི་བོང་ཅན་མའོ། །ཕུང་པོ་རྒྱལ་བ་ལྔར་བརྗོད་དོ། །ས་ལ་ཁམས་གསུམ་རྣམ་རྒྱལ་མ། །ས་ཡི་ཁམས་ལ་གནས་པ་ནི། །དེ་བཞིན་ལྷ་མོ་ཨཱ་ལོ་ཀེ། །མེ་ཡི་ཁམས་ལ་མར་མེ་མ། །རླུང་ལ་མུ་ཀུནད་རུ་གྲགས། །མིག་གི་རྣམ་ཤེས་ཁམས་ལ་ནི། །ཆོས་ཀྱི་འཁོར་ལོ་མ་རུ་བརྗོད། །རྣ་བའི་རྣམ་ཤེས་ཁམས་ལ་ནི། །རྡོ་རྗེ་པི་ཝང་མ་རུ་གྲགས། །སྣ་ཡི་ཁམས་ཀྱི་རྣམ་ཤེས་ལ། །རྡོ་རྗེ་ཡིད་ནི་འཕྲོག་མའོ། །ལྕེ་ཡི་རྣམ་ཤེས་ཁམས་ལ་ནི། །རྡོ་རྗེ་གདོང་ཅན་ལྷ་མོ་བརྗོད། །ལུས་ཀྱི་རྣམ་ཤེས་ཁམས་ལ་ནི། །ལྷ་མོ་ཕྱག་རྒྱའི་རྒྱ་ཡིས་གདབ། །ཡིད་ཀྱི་རྣམ་ཤེས་ཁམས་ལ་ནི། །ལྷ་མོ་ཨེ་མ་བདེ་བར་གནས། །གཽ་རཱའི་དེ་བཞིན་པྲ་མོ་ཧ། །དེ་བཞིན་གཏུམ་མོ་པུཀྐ་སཱི། །ཟ་ཕོད་མར་བརྗོད་དེ་བཞིན་དྲི། །གཏི་མུག་རྡོ་རྗེ་རྒྱ་ཡིས་གདབ། །ཆོམ་རྐུན་རོ་ལངས་མ་ནིང་དང༌། །གླིང་བུ་དེ་བཞིན་པི་ཝང་དང༌། །དེ་བཞིན་ལྷ་མོ་རྫ་རྔ་མ། །ཞེ་སྡང་ཕྱག་རྒྱ་རྒྱ་ཡིས་གདབ། །ཡིད་ཀྱི་རྣམ་ཤེས་ཁམས་ལ་ནི། །ལས་ཀྱི་ཕྱག་རྒྱ་མར་མེ་ཉིད། །ལྷ་མོ་བཅོམ་ལྡན་རིམ་གྲོ་མ། །དེ་བཞིན་ལྷ་མོ་རྡོ་རྗེ་གདོང༌། །ཐལ་བས་རབ་འཇིགས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱའི་རྒྱ་ཡིས་གདབ། །མུ་ཀུནད་དང་མེ་ཏོག་སྤོས། །སེར་སྣའི་ཕྱག་རྒྱའི་རྒྱ་ཡིས་གདབ། །འཇིག་རྟེན་གསུམ་ནི་རབ་སྒྲུབ་པ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ། །འཇིག་རྟེན་གསུམ་ལ་སྐྱིད་སྦྱིན་མ། །རྡོ་རྗེ་འཛིན་ཆེན་དཔལ་


DTG027_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ། །སེམས་དཔའི་སྐལ་བ་བཟང་པོ་ཡིས། །དཔལ་ལྡན་སངས་རྒྱས་ཐམས་ཅད་ཀྱི། །རིན་པོ་ཆེ་ཡི་ཕུང་པོ་ཡིས། །ལྷ་ཡི་དབུ་རྒྱན་ཞེས་བྱ་བས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །དེ་ནས་ཐོད་ཕྲེང་དབུ་རྒྱན་དང༌། །སངས་རྒྱས་གཙུག་ཏོར་དེ་བཞིན་ནོ། །དེ་ནས་ལྷ་མོས་མཆོད་བྱས་ཏེ། །གླུ་ཡི་རོལ་མོས་མཆོད་པར་བྱ། །རྗེས་སུ་ཆགས་པའི་པདྨོ་ཡི། །དགའ་བའི་པདྨོ་རྣམ་དག་པས། །མཆོད་པ་གསལ་བའི་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་བདེ་བ་ཉིད། །མཆོག་ཏུ་བདེ་བ་སྐལ་བཟངས་མཆོག་དགྱེས་པ། །ཀྱེ་མ་མཆོག་ཏུ་གསང་བའི་བདག །རང་གི་དམ་ཚིག་སྐྱོན་མེད་བདག་ལ་རོལ་ཅིང་རོལ་ཅིག་ཧོ། །ཡེ་ཤེས་ལྔ་ཡི་བདུད་རྩི་མཆོག །བཏུང་བ་དེ་ནས་དབུལ་བར་བྱེད། །མཆོག་ཏུ་གསང་བའི་ལྷ་མོ་ནི། །འོད་དང་འཁྱུད་པ་ལ་སོགས་ཀྱིས། །སྐལ་བཟངས་དེ་ནི་ཆགས་མཛད་ཅིང༌། །སྐྱེས་བུའི་ཚུལ་དུ་རོལ་པར་མཛོད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ལྷ་མོ་ཆེན་མོས་མགུལ་ནས་འཁྱུད། །སྐུ་ཡི་རྗེས་སུ་འཇུག་པར་མཛད། །ལྷ་མོ་ཀུན་དང་མཉམ་ལྡན་པའི། །དེ་ནི་ཁྱབ་བདག་འཆོད་པར་བྱེད། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །བཙུན་མོ་ཀུན་ལ་ལོངས་སྤྱོད་མཛོད། །པད་རྩའི་སྐུད་པའི་སྦྱོར་བ་ཡིས། །ཕྲ་མོའི་རྣལ་འབྱོར་སྦྱོར་བར་བྱ། །ཕྱག་རྒྱ་ཆེན་མོ་གསལ་འབར་མ། །གནས་ལ་སོགས་པར་གཤེགས་པ་མོ། །སྡིག་མེད་ཞེ་སྡང་ཅན་གུས་པས། །རྣལ་འབྱོར་མ་ནི་ཀུན་གྱིས་བསྒོམ། །ཁྲག་འཐུང་གི་ནི་རང་བཞིན་གྱིས། །འགྲོ་བ་རྩ་བཞིན་བལྟ་བར་བྱ། །དེ་ཡི་བྱིན་རླབས་སྦྱོར་བ་ཡིས། །ལེ་ལོ་མེད་པར་བཟླས་པར་བྱ། །གང་ཞིག་བླ་མས་བཀའ་གནང་བ། །དེ་ནས་ལེགས་པར་སྦྱར་བྱས་ཏེ། །ལས་གང་གིས་ནི་སྔགས་ཀྱིས་ཀྱང༌། །གཞན་དུ་མཁས་པ་ཉོན་མོངས་འགྱུར། །དང་པོ་རབ་སྔགས་བརྗོད་པར་བྱ། །སྙིང་པོ་དེ་བཞིན་ཧེ་རུ་ཀ །རྡོ་རྗེ་དམ་ཚིག་མཉམ་ལྡན་པ། །རྡོ་རྗེས་གཏུམ་


DTG027_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐམས་ཅད་དོ། །དམ་ཚིག་ཅེས་བྱ་ཕྱག་རྒྱ་སྟེ། །དེ་ནས་ཉིད་དུ་རབ་མཛེས་པ། །ཧཱུཾ་ཡིག་དེ་ནས་བརྗོད་བྱ་སྟེ། །རུ་ལུའི་སྒྲ་གཉིས་བརྗོད་པར་བྱ། །ཨེ་ཧྱེའི་སྒྲ་གཉིས་དེ་བཞིན་ཏེ། །དེ་ནས་ཧཱུཾ་ཕཊ་གདོན་པར་བྱ། །བཅོམ་ལྡན་འདས་ཀྱི་སྔགས་སོ། །ཨོཾ་བཛྲ་གྷུ་ཧ་སི་ཏི་ཞེས། པར་མེ་ཞེས་དེ་ནས་བརྗོད། །ཡོ་གི་ཤྭ་ར་ཀ་པ་ལ། །མ་ར་ད་རེ་ནེ་ཡ་བརྗོད། །རུདྷི་ར་ཞེས་པ་ཡིས་ཞེས། །དེ་ནས་སྨ་ཤ་ན་ཞེས་བརྗོད། །ཝ་ས་ན་ཞེས་དེ་ནས་བརྗོད། །ཧཱུཾ་ཕཊ་ཡི་གེ་མཐའ་རྟེན་ནོ། །གཽ་རཱི་ཕྱག་འཚལ་བཛྲ་དང༌། །དེ་རྗེས་ཙཎྜེ་ཤྭ་རི་བརྗོད། །ཀ་ཀལ་མ་ལ་ཀུ་མུ་ཏི། །ཨ་ཀ་ཏེ་ཞེས་ལན་གཉིས་བརྗོད། །སརྦ་དུཥྚ་སྙིང་པོར་བཅས། །ཧཱུཾ་དང་རུ་ལུའི་ཚིག་གཉིས་བརྗོད། །ཧེ་རུ་ཀ་ལ་བོད་བྱ་སྟེ། །ཧཱུཾ་ཕཊ་ཨ་ཡིག་མཐའ་རྟེན་ནོ། །རྐུན་མོ་རྣམ་སྣང་ཚོགས་ཚིག་གཞན། །བཛྲ་ཨ་བར་ཙི་དམ་ཚིག །པ་རུ་གྷུ་ཧ་ཀ་པ་ལ། །མ་ལ་བྷར་ན་བུ་ཤིན་ཏེ། །སརྦ་དུཥྚན་ཞེས་བརྗོད་དོ། །མོ་ཧ་ནི་ཞེས་སྲི་ཡེ་གཞན། །ཨེ་ཧི་ཨེ་ཧི་ཡང་དག་བརྗོད། །སརྦ་དུཥྚན་ཝོ་ར་ནི། །ཧཱུཾ་ཕཊ་ཡི་གེ་བརྗོད་པར་བྱ། །རྨོངས་བྱེད་ལྷ་མོ་དྲན་བྱ་སྟེ། །ཕྲ་མོ་ཧ་ལ་ཨོཾ་ཞེས་བརྗོད། །བཛྲ་པི་ཏ་ལ་ཡི་སྒྲ། །ཕྱི་ནས་སྔགས་ཡིག་ཁ་གཉིས་སོ། །སརྦ་དུཥྚ་ཞེས་བརྗོད་དེ། །བིགྲི་ཏ་ཝོ་ཤ་ད་རེ་ནི། །བི་ཏྲི་ཏེ་ཨ་ལཾ་ཀ་རའི་ཚིག །མོ་ཧ་ནའི་ཚིག་གཉིས་བརྒྱན་ཏེ། །སྤྱང་བར་བྱས་ཏེ་བཀླུག་པར་བྱ། །ད་ཧ་ན་བཅས་པ་ཙ་དང༌། །པ་ཙ་ཡ་ཏི་གཉིས་དག་ནི། །མ་བི་ལཾ་པའི་ཚིག་ནི་གཅིག །ས་མ་ཡ་དེ་ཕྱི་ནས་བཟླས། །ཨ་ནུ་སྨར་ཡེ་ཤེས་བྱ། །པྲ་བེ་ཤ་ཡ་བཀླག་པར་བྱ། །ཡང་ནི་མན་དང་ཞེས་སུ་བཟླ། །སརྦ་འང་དབུས་སུ་བཞག་པར་བྱ། །ཧཱུཾ་དང་ཕཊ་དང་མཉམ་ལྡན་པའོ། །རིག་བྱེད་རྣམས་ཀྱི་དང་པོ་བཟུང༌། །ཨེ་ཧིའི་ཚིག་ནི་ལན་གཉིས་བཟླ། །བཅོམ་ལྡན་འདས་མ་བོད་པར་བྱ། །རྡོ་རྗེ་གསང་དབང་དེ་བཞིན་ནོ། །རྣམ་པ་དུ་མའི་ཚུལ་འཛིན་པའི། །གཟུངས་མ་ལ་ནི་བོད་པར་བྱ། །སརྦ་ཏ་ཐཱ་ག་ཏའི་ཚིག །ཛྙུ་ཤའི་སྒྲ་ཡིས་མཆོད་པའོ། །ཨ་ནུས་མ་རེ་དང་བཅས་པའི། །དེ་ནས་ས་མ་ཡ་དྲན་བྱ། །ཧ་ན་ར་གའི་ཚིག་བསྐོར་བཅིང༌། །རཾ་ག་པ་རི་པུ་ར་ཡ། །ཨཱ་བེ་ཤ་ཡ་


DTG027_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལན་གཉིས་བརྗོད། །སརྦ་བྷཱུ་ཏྲཾ་དེ་ནས་བཟླ། །ནརྟ་ནརྟ་པ་ཡ་གཉིས། །ཧ་གཉིས་ཅོག་དྲག་བཅས་པའོ། །ཀ་ཧའི་སྒྲ་ནི་ལན་གཉིས་བཟླ། །དེ་ནས་ཧཱུཾ་ཕཊ་བཟླ་བར་བྱ། །པུཀྐ་སཱི་ལ་ཨོཾ་ཞེས་བརྗོད། །བཛྲ་དྷཱུ་པ་ཨགྣེ་བཟླས། །བྷི་ཏ་བྷི་ཏ་ཡང་དག་བརྗོད། །སརྦ་དུཥྚན་ཞེས་སྙིང་པོ། །ཨཱ་ཀཱཪྵ་ཡི་ཚིག་གཉིས་སོ། །ཧ་ནའི་ཚིག་དང་ད་ཧའི་ཚིག །པ་ཙ་ནིརྨ་ཐ་མཱ་ར་ཡ། །མ་བི་ལམྦ་ད་ན་བཅས། །ས་མ་ཡ་ནི་ལན་གཉིས་བརྗོད། །ཧཱུཾ་ཕཊ་ཡི་གེ་ལེགས་བརྗོད་དེ། །ཙཎྜ་ལཱི་སྔགས་བཏུ་བར་བྱ། །ཕྱག་འཚལ་བ་དང་བཛྲའི་སྒྲ། །མ་ཧེ་མ་ཧེ་ཤྭ་རར་ལྡན། །ཧ་ནི་ཚེག་དྲག་བཅས་པ་སྟེ། །ཧ་ཧཱུཾ་ཧ་ནི་ལན་བཞིར་བརྗོད། །རུ་ལུའི་སྒྲ་ནི་གཉིས་བརྗོད་དོ། །ཧཱུཾ་གཉིས་བྷཀྵ་སྤྱང་བར་བྱ། །ནིརྨ་ཐི་ནི་ཀུན་ལ་བརྗོད། །དེ་ནས་སྙིང་པོ་ཧཱུཾ་ཕཊ་བཟླས། །སྒྲ་གཉིས་སྭཱཧཱ་མཉམ་སྦྱར་ཏེ། །གྷསྨ་རཱི་ལ་སོགས་བསྒྲུབ་བྱ། །གྷསྨ་རཱི་ལ་ཨོཾ་བཟླས་ཤིང༌། །སུཾ་བྷ་ནི་ཞེས་སྦྱར་བར་བྱ། །དི་པ་ཏ་སྒྲ་ས་མ་ཡ། །བརྗོད་ཅིང་བཛྲ་ཧཱུཾ་ཕཊ་བཟླ། །གང་ཞིག་ཕག་མོའི་སྔགས་བརྗོད་པ། །ལས་ཀྱི་ཕྱག་རྒྱའི་སྔགས་སུ་བརྗོད། །གཞན་གྱི་སྔོན་གྱི་སྙིང་པོ་ནི། །རང་གི་མིང་བཅས་བོད་པ་ནི། །སྔགས་སུ་རྣམ་པར་གཞག་བྱ་སྟེ། །ཨོཾ་དང་ཧཱུཾ་ཕཊ་ཐོག་མར་རོ། །དེ་ནས་མེ་ཏོག་སོགས་ཀྱིས་མཆོད། །སྔོན་བརྗོད་པ་ཡི་རིམ་པ་ཡིས། །གཏོར་མ་ཤ་ནི་ཐམས་ཅད་དང༌། །བཟའ་དང་བཏུང་བར་མཉམ་ལྡན་པ། །འབྱུང་པོ་ཀུན་གྱི་གསང་སྔགས་སམ། །ཨ་ར་ལི་སོགས་སྔགས་ཀྱིས་དབུལ། །དེ་ནས་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེས། །སློབ་མ་རྣམས་ནི་གཞུག་པའི་ཕྱིར། །བདེན་པ་འདི་ཡིས་གསོལ་བཏབ་བྱ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཉིད་ལ་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ཡིས། །ཀུན་གྱི་དྲི་མ་མེད་མཐོང་ཤོག །དེ་ལྟར་གསོལ་བཏབ་དེ་རྗེས་སུ། །སློབ་མ་རྣམ་སྣང་དུ་དམིགས་ཏེ། །དཀྱིལ་འཁོར་དུ་ནི་གཞུག་པའི་ཕྱིར། །བླ་མ་ལ་ནི་


DTG027_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་དབུལ་བྱ། །ཡོལ་བ་ཡི་ནི་ཕྱི་རོལ་ནས། །ཡོན་གྱི་མཆོག་ནི་བླང་བྱ་སྟེ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཡོན་གྱི་མཆོག་ནི་དབུལ་བར་འོས། །གང་ལ་ཡོངས་སུ་བཏང་དཀའ་གང༌། །དེ་ནི་ཡོན་གྱི་མཆོག་ཏུ་བཤད། །གང་དང་གང་ནི་སྡུག་པའི་མཆོག །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་ཟད་འདོད་པས་དབུལ། །ཡང་ན་ཅི་བཞེད་འགྱུར་བའམ། །འོན་ཏེ་ཐུགས་ལ་དགོངས་པ་དག །དེར་དབུལ་ཡང་ན་དགོས་པ་བྱ། །གལ་ཏེ་ཡང་ན་དེ་མཆོག་བདག །དེ་དབུལ་བ་ནི་མཆོག་ཡིན་ནོ། །བུ་མོ་ཤིན་དུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་སླུ་བདག །སངས་རྒྱས་བྱང་ཆུབ་མཆོག་ཡིན་ནོ། །ཕྱུགས་ཆེན་དག་ཀྱང་འབུལ་བྱེད་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །སློབ་མ་བདག་ཉིད་དུ་བསམས་ཏེ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཨ་ཁཾ་བཱི་ར་ཧཱུཾ་ཞེས་པས། །མེ་ཏོག་ཕྲེང་བ་འཛིན་བཅུག་སྟེ། །དར་གྱིས་མིག་གཉིས་བཀབ་བྱས་ལ། །བུམ་པའི་ཆུ་ཡིས་བསང་བར་བྱ། །ཀྱེ་ཧོ་སུ་ཞིག་བྱ་བའི་སྒྲས། །དེ་ནས་གཞུག་ཕྱིར་དྲ་བྱ་སྟེ། །བདེ་བ་ཆེན་པོ་སྐལ་བཟང་བདག །འཇུག་པས་ཀྱང་ནི་སྨྲ་བར་བྱ། །སློབ་མའི་སྙིར་གར་རྡོ་རྗེ་ནི། །བཞག་ནས་འདི་སྐད་བརྗོད་པར་བྱ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡ་མི། །སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེ་སྐད་བྱང་ཆུབ་སེམས་བསྐྱེད་དེ། །ཡང་ན་འདི་ལྟར་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་གྱུར་པ། །ཐམས་ཅད་ཀྱིས་ནི་བྱིན་རློབ་ཀྱིས། །ཁྱོད་ནི་དེ་བཞིན་གཤེགས་ཀུན་གྱིས། །མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །མ་ཞུགས་པ་ལ་མ་སྨྲ་ཞིག །མི་དད་པར་ཡང་མ་བྱེད་ཅིག །ཅེས་ནི་དེ་ལྟར་བརྗོད་པར་བྱ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་འདིས། །སློབ་མ་ཡོལ་བའི་ནང་ཁྲིད་དེ། །འཇུག་འགྱུར་དཀྱིལ་འཁོར་ཤར་སྒོ་རུ། །གཞག་ལ་འདི་སྐད་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་རིགས་ཀྱི། །རིགས་སུ་ཞུགས་ཏེ་དེ་བས་ན། །ང་ཡིས་ཁྱོད་ལ་རྡོ་རྗེ་ཡི། །ཡེ་ཤེས་བསྐྱད་པར་བྱ་བ་སྟེ། །ཁྱོད་ནི་ཡེ་ཤེས་གང་ཞིག་གིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་ཀྱང་ནི་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་


DTG027_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོས། །ཁྱོད་ཀྱང་ཡང་འདི་དཀྱིལ་འཁོར་ནི། །མཐོང་མིན་རྣམས་ལ་མ་སྨྲ་ཞིག །འོན་ཏེ་སྨྲ་བར་གྱུར་ན་ནི། །དེ་མ་ཐག་ཏུ་དམ་ཚིག་ཉམས། །སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང༌། །འདི་སྐད་ཅེས་ནི་བརྗོད་པར་བྱ། །འདི་ཁྱོད་རྡོ་རྗེ་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱིས་འདི་སྨྲས་ན། །ཀླད་པ་ངེས་པར་འགས་འགྱུར་ཞིང༌། །དམ་ཚིག་ཉམས་པར་འགྱུར་བ་ཡིན། །མེ་ཏོག་དང་བཅས་རྡོ་རྗེ་ནི། །སྙིང་གར་གཞག་ལ་འདི་སྐད་བརྗོད། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་སྐད་བརྗོད་པ་བྱས་ནས་ནི། །མནའ་ནི་རབ་ཏུ་བསྒག་པར་བྱ། །པདྨའི་སྣོད་དུ་གཞག་པ་ལ། །ཡང་ནི་བདུད་རྩི་བསྒྲུབ་བྱ་སྟེ། །བློ་དང་ལྡན་པས་ཡིག་གསུམ་གྱིས། །བྱིན་གྱིས་བརླབས་པར་བྱ་བ་ཡིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །སྲུངས་ཤིག་མ་བསྲུང་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཀུན་འགྲུབ་པས། །གྲུབ་པའི་བདུད་རྩི་ཆུ་འཐུངས་ཤིག །ཨོཾ་པཉྩ་ཨ་མྲྀ་ཏེ་ཨུ་ད་ཀ་ཋ་ཧཱུཾ། དེ་ལྟ་བུ་ཡི་སྔགས་ཀྱིས་ནི། །འཐུང་བ་དང་ནི་སྤྱི་བོར་སྦྱིན། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །གཞན་ཁྱོད་དམ་ཚིག་ཉམས་གྱུར་ནས། །དམྱལ་བར་འགྲོ་བར་ལྟུང་འགྱུར་ཏེ། །རྡོ་རྗེ་སྐད་ཅིག་གིས་དབབ་བྱ། །དེ་ལ་འདི་ནི་རིམ་པ་ཡིན། །བུད་མེད་ཁྲག་ལྡན་རས་ལ་ནི། །དེ་ལྟ་བུ་ཡིས་སྔགས་ཀྱིས་ནི། །སྣལ་མ་བྲེགས་ཏེ་བཤད་པ་དང༌། །གུ་གུལ་དང་ནི་མཉམ་པར་བྱ། །ཡི་དྭགས་མེ་ནི་བླང་བྱས་ནས། །དེ་ནི་པདྨའི་སྣོད་དུ་གཞག །དེར་ནི་དེ་ཀུན་བླུགས་བྱ་སྟེ། །ཁྲོ་བོའི་ཆ་འཛིན་སློབ་དཔོན་གྱིས། །གཡོན་བརྐྱང་གིས་ནི་ལེགས་འདུག་ན། །དེ་ནི་བདག་སྦྱིན་བྱ་བ་ཡིན། །དེ་རྗེས་སྤོས་བཞིན་རྡོ་རྗེ་ཅན། །འདིར་ནི་འབེབས་འགྱུར་ཐེ་ཚོམ་མེད། །ཨ་ལ་ལ་ལ་ལ་ཧོ། །སརྦ་ཏ་ཐཱ་ག་ཏ་པི་ཙིད་ཏྲ་ཌཱ་ཀི་ཛེ་ལེ། ཞེས་བྱ་བ་ནི་སྐུ་དབབ་པའོ། །རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱིས་སྒྱུ་མའི་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བ་ནི་གསུང་དབབ་བོ། །རྣམ་པ་མང་


DTG027_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བྱ་བས་ཐུགས་དབབ་པའོ། །རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མའི་བདེ་མཆོག་སྒྱུ་མས་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཤི་ཤི་བི་ཤ་ཧཱུཾ། ཡེ་ཤེས་དབབ་པའོ། །དེ་ནས་མིག་གི་དངོས་པོ་ཅི། །མཐོང་བ་ཡིན་ཞེས་དྲི་བྱ་སྟེ། །དཀར་སེར་དམར་དང་གནག་མཐོང་ན། །ཞི་རྒྱས་དབང་བསད་འགྲུབ་ཅེས་བརྗོད། །དེ་རྗེས་པྲ་ཏིཙྪ་ཧོཿཞེས། །བརྗོད་ནས་མེ་ཏོག་དཀྱིལ་འཁོར་དོར། །དེ་ལྟར་མེ་ཏོག་དོར་བ་ལས། །མཆོག་ལ་སོགས་པའི་དངོས་གྲུབ་བཤད། །བདེ་གཤགས་རྣམས་ཀྱི་སྤྱི་བོའམ། །སྤྱི་གཙུག་མཛོད་སྤུར་ཕོག་གྱུར་ན། །དངོས་གྲུབ་འབྲིང་ནི་ཐོབ་པ་སྟེ། །ཐ་མ་ལ་ཕོག་དངོས་གྲུབ་ཐ། །གཟུགས་བརྙན་ལས་ནི་རིང་འགྱུར་ན། །དུས་རིང་ཉེ་ན་ཉེ་བ་སྟེ། །ལྷ་ཡིས་ལོ་ཙ་ལ་ཕོག་ན། །དེ་བཞིན་དུ་ལང་ཤེས་པར་བྱ། །གལ་ཏེ་ལྷ་གཉིས་པར་ཕོག་ན། །དེ་ལ་མེ་ཏོག་གར་ཉེ་བ། །དེ་དང་དེ་ཡི་རིགས་སུ་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །དཀྱིལ་འཁོར་ཕྱི་རོལ་བབས་གྱུར་ན། །དངོས་གྲུབ་ཕྲན་ཚེགས་ཐོབ་པ་སྟེ། །རེ་ཁཱ་རྣམས་ལ་ཕོག་གྱུར་ན། །སླར་ཡང་བསྐྱར་ལ་དོར་བར་བྱ། །ལན་གསུམ་པར་དོར་དེ་ཉིད་དུ། །བབས་ན་དངོས་གྲུབ་མེད་པ་སྟེ། །ཕྱི་རོལ་རྡོ་རྗེ་ར་བ་ལ། །ཕོག་པར་གྱུར་ན་དངོས་གྲུབ་མེད། །ར་བའི་ནང་དུ་བབ་གྱུར་ན། །ཤིན་དུ་དཀར་པ་ཐོབ་འགྱུར་ཏེ། །འདི་དག་གི་ནི་རིམ་པ་སྟེ། །མེ་ཏོག་དོར་བའི་རིམ་པའོ། །དེ་ནས་མེ་ཏོག་ཕྲེང་བླངས་ནས། །སློབ་མའི་མགོ་ལ་བཅིང་བྱ་སྟེ། །པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ། །མ་ཧཱ་བ་ལ་ཞེས་བརྗོད་བྱ། །མིག་གཉིས་ལ་ནི་ཨོཾ་བསྒོམས་ཏེ། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་བྱེད་པ། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །རྡོ་རྗེ་སློབ་མ་རྣམས་ལ་ནི། །དཀྱིལ་འཁོར་རབ་ཏུ་བསྟན་པར་བྱ། །རང་བཞིན་རྣམ་དག་བདག་གི་ལུས། །རང་བཞིན་གྱིས་ནི་དྲི་མ་མེད། །དཔའ་བོ་པདྨའི་


DTG027_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕོ་བྲང་དུ། །དཀྱིལ་འཁོར་དུ་ནི་བུ་ལྟོས་ཤིག །དེ་ན་ས་གནས་དང་ཉེ་གནས་སོགས། །བདག་གི་ལུས་ཀྱི་དཀྱིལ་འཁོར་གནས། །བྱང་ཆུབ་ཕྱོགས་ཆོས་རྩ་བདུན་གྱི། །ཆོས་ཀྱི་རང་བཞིན་ཁྲག་འཐུང་དཔལ། །ཡན་ལག་དང་ནི་ཡན་ལག་རྣམས། །ཉེ་བར་བསྟན་པ་ཉིད་དུ་བྱ། །བསམ་གྱིས་མི་ཁྱབ་པ་ཡི་སྣོད། །ཐམས་ཅད་བདག་ཉིད་མགོན་བཏུད་དེ། །བླ་མ་མགོན་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །སློབ་མ་གསོལ་བཏབ་དེ་རྗེས་ལ། །དབང་བསྐུར་བ་ནི་སྦྱིན་པར་བྱ། །རྣམ་རྒྱལ་བུམ་སོགས་བླངས་ནས་ནི། །པདྨའི་སྟེང་དུ་ཆུ་གཞག་གོ ། ཧཱུཾ་ལས་རྡོ་རྗེ་མི་བསྐྱོད་དོ། །རྡོ་རྗེ་སློབ་དཔོན་གྱིས་བསྒོམ་བྱ། །ཡེ་ཤེས་སེམས་གཟུགས་ས་བོན་གྱིས། །འོད་ཟེར་གྱིས་ནི་བསྐུལ་བྱས་ཏེ། །ཡེ་ཤེས་སེམས་དཔའ་ཞུགས་ནས་ནི། །མཆོད་ནས་ཆུ་ཡི་རང་བཞིན་བྱ། །དེ་ཉིད་མི་བསྐྱོད་པའི་ཚུལ་གྱིས། །རྣམ་ཤེས་ཕུང་པོའི་རང་བཞིན་ཏེ། །དེ་ནས་བརྩེ་ཆེན་སྟོན་པ་འདིས། །དཔའ་བོའི་མགོར་ནི་བཀྲུ་བར་བྱ། །ཨོཾ་སརྦ་བུདྡྷ་དྷ་ཏཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པར་བྱ། འདི་ནི་ཆུའི་དབང་བསྐུར་བའོ། །རོལ་མོ་ལ་སོགས་ཅོད་པན་ལ། །རིན་འབྱུང་ས་བོན་ཨཾ་ལས་ནི། །རྡོ་རྗེ་ཉི་མ་བསྐྱེད་བྱ་སྟེ། །སྔ་མ་བཞིན་དུ་མཆོད་པར་བྱ། །དེ་ཉིད་ཅོད་པན་རང་བཞིན་ཏེ། །ཚོར་བའི་ཕུང་པོའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་སྤྱི་བོ་ནི། །རྡོ་རྗེ་ཅན་གྱིས་དེ་བསམ་མོ། །ཨོཾ་བཛྲ་གུ་ཧྱ་སིདྡྷི་པ་ར་མ་ཡོ་གི་ཤྭ་རི། ཀ་པཱ་ལ་མཱ་ལ་དྷ་རི་ནི་རུདྷི་པྲེ་ཡེ་ཤྨ་ཤ་ན་ཝས་ནི་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཅོད་པན་གྱི་དབང་ངོ༌། །ཛྲཱིཾ་ལས་པད་འབྱུང་འདུ་ཤེས་ཏེ། །བདེ་གཤེགས་འོད་དཔག་མེད་པ་ནི། །རྡོ་རྗེ་ལ་ནི་བསྐྱེད་བཟུང་སྟེ། །སློབ་མའི་ལག་པ་གཡས་པར་སྦྱིན། །སངས་རྒྱས་ཧེ་རུ་ཀ་སོགས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ། ཁཾ་ལས་བྱུང་བའི་དྲིལ་བུ་ནི། །དོན་ཡོད་གྲུབ་པའི་རང་བཞིན་ཏེ། །འདུ་བྱེད་དངོས་པོའི་དྲིལ་བུ་འདི། །འདི་ནི་ལག་པ་གཡོན་པར་སྦྱིན། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་དྲན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་


DTG027_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་དྲིལ་བུའི་དབང་བསྐུར་བའོ། །དཔའ་བོ་ལག་ན་རྡོ་དྲིལ་ཅན། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །རང་བཞིན་མཛེས་ཤིང་དགའ་བ་མོ། །ཕྱག་རྒྱ་ཆེན་པོས་བྱིན་བརླབས་པའོ། །འདི་བདག་པོའི་དབང་བསྐུར་བའོ། །རྣམ་པར་སྣང་མཛད་ལ་སོགས་ཀྱིས། །སློབ་མའི་སྤྱི་བོར་ལག་བཞག་སྟེ། །རྡོ་རྗེ་དྲིལ་བུ་རྡོ་རྗེར་བཅས། །དེས་ཀྱང་སྤྱི་བོར་གཞག་བྱ་སྟེ། །གཟུགས་ཀྱི་ཕུང་པོའི་རང་བཞིན་གྱི། །རྡོ་རྗེ་ཅན་གྱིས་མིང་དབང་བསྐུར། །ཨོཾ་ཨཱཿཧོཿཁྱོད་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའོ། །དེ་ལ་མིང་ནི། དཔལ་མཆོག་དང་པོའི་རྡོ་རྗེ་དང༌། དཔེ་མེད་པའི་རྡོ་རྗེ་དང༌། བདེ་བའི་རྡོ་རྗེ་དང༌། མཉམ་པའི་རྡོ་རྗེ་དང༌། རྣམ་པར་རྒྱལ་བའི་རྡོ་རྗེ་དང༌། བདེ་བ་ཆེན་པོའི་རྡོ་རྗེ་དང༌། རྡོ་རྗེ་མེ་དང༌། རྡོ་རྗེ་སེམས་དཔའི་རྡོ་རྗེ་དང༌། ཡན་ལག་མེད་པའི་རྡོ་རྗེ་དང༌། ཡེ་ཤེས་རྡོ་རྗེ་དང༌། ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཞལ་ཞེས་བྱ་བ་ལ་སོགས་པའོ། །མི་བསྐྱོད་པའི་མིང་ནི། བཞད་པའི་རྡོ་རྗེ་དང༌། རྣམ་པར་སྒེག་པའི་རྡོ་རྗེ་དང༌། གཉིས་མེད་རྡོ་རྗེ་དང༌། འཛུམ་པའི་རྡོ་རྗེ་དང༌། གཞི་མེད་པའི་རྡོ་རྗེ་དང༌། མི་ཕྱེད་པའི་རྡོ་རྗེ་དང༌། དགའ་བའི་རྡོ་རྗེ་དང༌། བསྒྱིངས་པའི་རྡོ་རྗེ་དང༌། རང་བྱུང་རྡོ་རྗེ་དང༌། ཞེ་སྡང་རྡོ་རྗེ་དང། དགྱེས་པའི་རྡོ་རྗེ་དང༌། རྩེ་བའི་རྡོ་རྗེ་དང༌། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་སྣང་མཛད་ཀྱི་མིང་ནི། རྣམ་སྣང་རྡོ་རྗེ་དང༌། གཏི་མུག་རྡོ་རྗེ་དང༌། ཨོཾ་ཀ་ར་བཛྲ་དང༌། རྟག་པའི་རྡོ་རྗེ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། སྒྱུ་འཕྲུལ་དྲ་བའི་རྡོ་རྗེ་དང༌། སངས་རྒྱས་རྡོ་རྗེ་དང༌། སྐུའི་རྡོ་རྗེ་ལ་སོགས་པའོ། །སྣང་བ་མཐའ་ཡས་ཀྱི་མིང་ནི། ཆགས་པའི་རྡོ་རྗེ་དང༌། རྣམ་པར་གཟིགས་པའི་རྡོ་རྗེ་དང༌། ཆོས་རྡོ་རྗེ་དང༌། ཤེས་རབ་མྱུ་གུའི་རྡོ་རྗེ་དང༌། བདེ་བ་རྡོ་རྗེའི་མྱུ་གུ་དང༌། བརྩེ་བའི་མྱུ་གུའི་རྡོ་རྗེ་དང༌། མཆོག་ཏུ་དགའ་བའི་རྡོ་རྗེ་དང༌། གསུང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་འབྱུང་ལྡན་གྱི་མིང་ནི། རིན་ཆེན་རྡོ་རྗེ་དང༌། ཡིད་བཞིན་ནོར་བུའི་རྡོ་རྗེ་དང༌། ནམ་མཁའི་རྡོ་རྗེ་དང༌། རྡོ་རྗེ་གཟི་བརྗིད་དང༌། རྡོ་རྗེ་ཆེན་པོ་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཡིད་ཅེས་བྱ་བ་ལ་སོགས་པའོ། །དོན་ཡོད་གྲུབ་པའི་མིང་ནི། །དོན་ཡོད་རྡོ་རྗེ་དང༌། དཔལ་མཆོག་དང་པོའི་རྡོ་རྗེ་དང༌། དམ་ཚིག་


DTG027_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་དང༌། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་དང༌། རྡོ་རྗེ་ལས་དང༌། རྡོ་རྗེ་སྲུང་བ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྡོ་རྗེ་སེམས་དཔའི་བུད་མེད་ཀྱི་མིང་ནི། རྡོ་རྗེ་ཆགས་པ་མ་དང༌། རྡོ་རྗེ་གླུ་མ་དང༌། །རྡོ་རྗེ་སྒེག་མོ་དང༌། རྡོ་རྗེ་ཤུགས་ཅན་མ་དང༌། རྡོ་རྗེ་ཡུམ་དང༌། རྡོ་རྗེ་ཀོང་ཀ་ན་དང༌། རྡོ་རྗེ་བསྒྱིངས་མའོ། །མི་བསྐྱོད་པའི་མིང་ནི། རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་བཞད་པ་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་མྱུ་གུ་མ་དང༌། རྡོ་རྗེ་མཱ་མ་ཀཱི་ཞེས་བྱ་བའོ། །རྣམ་པར་སྣང་མཛད་ཀྱི་བཙུན་མོའི་མིང་ནི། རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་གཽ་རཱི་མ་དང༌། རྡོ་རྗེ་བཞད་པ་མོ་དང༌། རྡོ་རྗེ་སྤྲིན་མ་དང༌། རྡོ་རྗེ་སྤྱན་མ་ལ་སོགས་པའོ། །རིན་ཆེན་འབྱུང་ལྡན་གྱི་མིང་ནི། རིན་ཆེན་འབྱུང་མ་དང༌། རྡོ་རྗེ་དྲ་བ་མ་དང༌། རྡོ་རྗེ་དབུགས་འབྱུང་མ་དང༌། རྡོ་རྗེ་འབར་བ་མ་དང༌། རྡོ་རྗེ་ཕྲེང་བ་མ་ཞེས་བྱ་བའོ། །སྣང་བ་མཐའ་ཡས་ཀྱི་མིང་ནི། རྡོ་རྗེ་ཆགས་པ་མོ་དང༌། རྡོ་རྗེ་གླུ་མ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་བློ་ལྡན་མ་དང༌། རྡོ་རྗེ་བཞད་པ་མོ་དང༌། རྡོ་རྗེ་གོས་དཀར་མོ་ཞེས་བྱའོ། །དོན་ཡོད་གྲུབ་པའི་མིང་ནི། རྡོ་རྗེ་སྙིང་པོ་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་འཆིང་བ་མོ་དང༌། རྡོ་རྗེ་སྒྲོལ་མ་ཞེས་བྱའོ། །སངས་རྒྱས་ལྔ་ནི་རྣམ་དག་དངོས། །དབང་ལྔ་ཐོབ་པའི་རྒྱུ་ལས་ནི། །མ་རིག་པ་ནི་རྣམ་སྤངས་ཏེ། །ཡེ་ཤེས་ལྔ་ནི་རིམ་གྱིས་ཡིན། །བློ་ལྡན་སྟོན་བརྗོད་རིམ་པ་ཡིས། །དེ་ནས་སྔགས་ཀྱི་དབང་བསྐུར་ཞིང༌། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་ཡི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཆོངས། །ཧེ་རུ་ཀ་ཡི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཨོཾ་ཧ་ཧ་ཧ་ཧ་ཧོཿ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དཔལ་ལྡན་ཁྲག་འཐུང་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། །ཐོད་པ་ཁ་ཊྭཱཾ་ཅང་ཏེའུ། །དཔའ་བོ་ཆེན་པོ་སྦྱིན་གྱིས་གཟུང༌། །སྤྱོད་པའི་བརྟུལ་ཞུགས་སྦྱིན་པའོ། །རྡོ་རྗེ་ཅན་གྱི་ཕྱག་གཡོན་གྱིས། །ཆོས་གོས་གེ་སར་ནས་བཟུང་ནས། །གཡས་པས་མི་འཇིགས་སྦྱིན་བྱས་ཏེ། །སློབ་མ་ལ་ནི་དབུགས་དབྱུང་སྦྱིན། །སངས་རྒྱས་ཀུན་ཁྱོད་འདིར་ཤོག་ཅིག །ཁྱོད་ནི་དཔའ་བོ་ཀུན་རང་བཞིན། །དཔལ་ལྡན་ཁྲག་འཐུང་ཞེས་བྱ་བའི། །དེ་བཞིན་གཤེགས་པས་ལུང་


DTG027_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་ཏོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་མིང་གིས་དེ་བཞིན་གཤེགས་པར་འགྱུར། །བྷུར་བྷུ་པ་སྭཱཿ། ཕྱག་རྒྱའི་རྒྱ་ནི་རྣམ་ལྔ་དང༌། །རྟག་ཏུ་རྡོ་རྗེའི་བརྟུལ་ཞུགས་བཟུང༌། །ཐོད་པ་ཁ་ཊྭཱཾ་ཅང་ཏེའུ། །ཟུང་ཤིག་ཟུང་ཤིག་དཔལ་ཆེན་པོ། །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་འཁྲོལ་པ་དང༌། །ཚངས་སྐུད་རང་བཞིན་རྣལ་འབྱོར་དང༌། །རྡོ་རྗེ་ཁ་ཊྭཱཾ་རྣལ་འབྱོར་སྣོད། །དཔལ་ལྡན་ཁྲག་འཐུང་ཕྱག་རྒྱ་ནི། །ཕྱི་རོལ་ནང་དུ་ཡང་དག་གནས། །ཁམས་གསུམ་གྱི་ནི་རྒྱལ་ཆེན་པོ། །གཙོ་བོ་དཔལ་ལྡན་ཡོན་ཏན་གཙོ། །ཐམས་ཅད་བདུད་སོགས་ལས་རྒྱལ་ནས། །ཁྱོད་ནི་མཆོག་གི་གྲོང་དུ་གཤེགས། །ཞེས་བྱ་པ་ནི་ལུང་བསྟན་པའོ། །ཕྱིར་མི་ལྡོག་པའི་དབང་ཆེན་པོ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱའི་ཕྱིར། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་ཡེ་ཤེས་སེམས་དཔའ་ཡི། །སྙིང་གའི་ས་བོན་འོད་ཟེར་གྱིས། །བསྐུལ་བའི་དཔའ་བོ་རྣལ་འབྱོར་མ། །རྣམས་ཀྱིས་མཆོད་བཀུར་རྒྱ་ཆེན་པོ། །ཐོགས་པ་རྣམས་ནི་སྤྱན་དྲངས་ཏེ། །ཡེ་ཤེས་བདུད་རྩི་ཆུས་གང་བའི། །ལག་ན་བུམ་ཐོགས་བདེ་གཤེགས་ཀྱི། །རྡོ་རྗེ་འཛིན་དབང་གིས་བཀྲུས་པར། །དཔའ་བོས་རྣམ་པར་བསམ་པར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །འཇིག་རྟེན་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གནས་འབྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དཔའ་བོ་ཀུན་གྱིས་བྱིན་བརླབས་པའི། །དེ་ནས་མི་བསྐྱོད་ཅོད་པན་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །རྣལ་འབྱོར་མས་ནི་ཅི་འདོད་པར། །ཀུན་ནས་རྣམ་པ་སྣ་ཚོགས་པའི། །དེ་ནས་མེ་ཏོག་མཆོད་སོགས་ཀྱིས། །དཔའ་བོ་དེ་ནི་མཆོད་པར་བྱ། །དེ་ནས་གནོད་སྦྱིན་རྡོ་རྗེ་ཅན། །སློབ་མས་ཕྱག་འཚལ་ཐལ་མོ་སྦྱར། །སངས་རྒྱས་གཟུགས་སུ་དམིགས་བྱས་ཏེ། །རྟག་པའི་གནང་བ་སྦྱིན་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཀུན་ནས་སེམས་ཅན་ཐམས་ཅད་ལ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་ཆོས་ཀྱི་གནས་སུ་ནི། །རྡོ་རྗེ་རིན་ཆེན་པདྨ་དང༌། །ལས་རྣམས་གཞུག་པར་བྱ་བ་ནི། །ཅི་རིགས་པར་ནི་ཤེས་པར་བྱ། །ཚིགས་བཅད་རིམ་པ་ལྔ་ཡིས་ནི། །ཁྱབ་བདག་གི་ནི་གནང་བ་སྦྱིན། །རྣལ་


DTG027_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་དེ་ཉིད་རིག་པ་ལ། །བྱ་བ་མ་ཡིན་ཅུང་ཟད་མེད། །དཔའ་བོ་དེ་ཉིད་ཤེས་དེ་ནས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །བདག་ཉིད་སངས་རྒྱས་ཀུན་བདག་ཉིད། །རང་ཉིད་ལྷ་མོ་ཀུན་རང་བཞིན། །ཅི་རིགས་པར་ནི་ཤེས་པར་བྱ། །དེ་ཕྱིར་དངོས་པོ་ཀུན་གྱིས་ནི། །བདག་ཉིད་དཔལ་ལྡན་ཁྲག་འཐུང་མཆོག །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས། །སེམས་ཅན་གཟུགས་བརྙན་དང་མཚུངས་ཏེ། །དེ་ལྟར་འཇིག་རྟེན་གསུམ་ཤེས་ནས། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་དག་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིངས་ན། །སྙིང་ལས་ཁྲག་ཆེན་འཐུང་བ་ཡིན། །སེམས་ཅན་ཁམས་ནི་མ་ལུས་པ། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །བདག་གི་ངོ་བོ་ཡོངས་སྤོང་བ། །དཀའ་ཐུབ་ཀྱིས་ནི་མི་གདུང་སྟེ། །ཅི་བདེ་བས་ནི་བདེར་བཟུང་ན། །འདི་ལས་མ་འོངས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་ཤིན་དུ་འདའ་དཀའ་བའོ། །སྒྲུབ་པ་གཅིག་པུ་གཅིག་ལ་སྤྱོད། །ལྷན་ཅིག་སྤྱོད་དང་རྗེས་ལ་སྤྱོད། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཡང་དག་ཉིད་ཀྱིས་རྟག་ཏུ་བསྟེན། །སློབ་མའི་བྱ་བ་བྱས་དེ་ནས། །བླ་མ་ལ་ནི་ཡོན་དབུལ་ཞིང༌། །དངོས་པོ་ཀུན་གྱིས་ཕྱག་ཀྱང་འཚལ། །མཛའ་བོ་ཀུན་ཀྱང་བསྡུ་བར་བྱ། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་དབང་ངོ༌། །སྐྱབས་མེད་རྣམས་ཀྱི་སྐྱབས་དང་མགོན། །ཁྱབ་བདག་སངས་རྒྱས་ཀུན་བདག་ཉིད། །ཐུགས་རྗེ་ཆེན་པོ་རྒྱུ་མེད་པ། །མགོན་མེད་མགོན་མེད་བཀའ་དྲིན་མཛོད། །གང་ཞིག་བདག་ཆེན་ཁྱོད་ཀྱིས་ནི། །བདག་ལ་ཕན་བ་བདེ་མཛོད་ཅིག །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང༌། །བདག་ལ་འདིར་སྐྱབས་མཛོད། །དེ་ལ་འདི་ནི་རིམ་པ་ཡིན། །སློབ་དཔོན་དཔལ་ལྡན་སྟོབས་ཆེན་ལ། །མཚན་ཆེན་དབེན་པའི་གནས་སུ་ནི། །ཆུང་མ་སྲིང་མོ་བུ་མོ་རྣམས། །མཁས་པ་ཡིས་ནི་དབུལ་བར་བྱ། །ཕྱག་རྒྱ་དམ་ཚིག་བསྲུང་འགྱུར་བ། །གང་དང་གང་དུ་རྙེད་འགྱུར་བས། །སྙོམས་པར་


DTG027_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས་ཏེ་གང་སྐྱེས་པ། །མ་སྐྱེས་པ་ཡི་རང་བཞིན་ཏེ། །ལྷ་མོ་ཐམས་ཅད་འདུས་པ་ནི། །དཔའ་བོ་ཐམས་ཅད་གཤེགས་པ་སྟེ། །གང་ཞིག་ཀུན་ནས་བྱང་ཆུབ་སེམས། །གསང་བ་དེས་ནི་དབང་བསྐུར་བྱ། །འདི་ནི་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ཞུ་བའི་རྩི་སྨན་འདི། །བདེ་བ་ཆེན་པོ་ཡང་དག་ནོས། །ཇི་ལྟར་སངས་རྒྱས་སྲས་པོ་སྔོན། །རྡོ་རྗེ་འཛིན་སོགས་རྣམས་ཀྱིས་བཀྲུས། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་བཀྲུ་བར་བྱ། །ཨེ་མ་བདེ་ཆེན་བདེ་བ་ཞེས། །བླ་མས་བཀའ་གནང་བསྒྲུབ་པར་བྱ། །སློབ་མའི་རྣམ་པར་རྟོག་སྤོང་བ། །པདྨ་ལ་གནས་སྤྱད་པར་བྱ། །གསང་བའི་དབང་བསྐུར་བའོ། །རང་གི་བྱིན་རླབས་རེག་པའམ། །གཞན་གྱི་གྲུབ་མཐའ་གཞན་ཡིན་ཏེ། །མཆོག་ནི་རྟོགས་པར་བྱ་བའི་ཕྱིར། །ད་ཕྱིར་སྟོན་པས་གཏད་པར་བྱ། །ལྷ་མོ་ཕྱག་རྒྱ་ཆན་པོ་འདི། །བདེ་བ་དཔག་མེད་སྟེར་བ་མོ། །རྣམ་པ་ཀུན་དུ་བུས་བཟུང་སྟེ། །བླ་ན་མེད་པའི་མཆོད་པ་གྱིས། །ལྷ་མོ་དེས་ནི་གནང་བྱིན་སྟེ། །དཔའ་བོ་བླ་ན་མེད་པའི་བུ། །བྱང་ཆུབ་ས་བོན་ལ་སྤྱོད་པ། །དཔའ་བོ་ཁྱོད་ནི་སྤྲོ་འམ་ཅི། །རིགས་ལྔ་ལས་ནི་ངེས་བྱུང་བའི། །རིག་མ་ལ་ནི་གུས་མཆོད་དང༌། །བཤང་བ་ཅི་ཁུ་བ་ཁྲག་ལ་སོགས། །ད་ལྟ་ཉིད་དུ་ཟ་ནུས་སམ། །གཞན་ཡང་དམ་ཚིག་གང་དང་གང༌། །ཇི་ལྟར་འདོད་པ་བུས་སྨྲོས་ཤིག །ཇི་ལྟར་འདོད་པའི་དམ་ཚིག་ལ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །རྟག་ཏུ་བུད་མེད་ཅིས་མི་གུས། །པདྨོ་ལས་ནི་ཅིས་མི་མཆོད། །དེ་ནས་ལྷ་མོ་དེ་མཉེས་ཏེ། །སྐྲ་བཤིག་གཅེར་བུར་བྱ་བ་དང༌། །པདྨ་གསལ་བར་བྱས་ནས་ནི། །བྷ་ག་མོཀྵ་ཧོཿཞེས་བརྗོད། །བཀས་གསང་པདྨའི་དབུས་གནས་པའོ། །རྩ་ནི་བདེ་བ་བབས་པ་མོ། །བྱམས་པས་སོར་མོར་བསྒུལ་བྱ་སྟེ། །ལྕེ་ཡིས་དེ་ནས་དགའ་གནས་བྱ། །ལྷན་ཅིག་སྐྱེས་དགའ་བྱེད་པ་མོ། །དམ་པའི་ལྷ་མོ་དེས་བཟུང་སྟེ། །མཆོག་ཏུ་དགའ་བས་མྱོས་བྱས་ནས། །ལྷན་ཅིག་སྐྱེས་དགའ་དོར་མི་བྱ། །སྤྱང་བར་མ་བྱས་དོར་འགྱུར་ན། །སླར་ཡང་ཕྱིར་ནི་སྤྱོད་པར་བྱ། །དེ་ནས་བཅོམ་ལྡན་འདས་མ་དེ། །དགའ་མགུ་ཡིད་ནི་འགྱེས་འགྱུར་ཏེ། །སྤྱི་བོར་ཡན་ལག་བཞག་ནས་ནི། །རྗེས་སུ་གནང་བ་སྦྱིན་པར་བྱ། །ང་ནས་གཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་ཀུན་ལ་རྨི་ལམ་ལྟར། །ཀུན་གྱི་དངོས་པོའི་དོན་གྱིས་ཤིག །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །


DTG027_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་དཔོན་ལ་སོགས་བྱེ་བྲག་གིས། །དབང་ནི་རྣམ་པ་བཞིར་བརྗོད་པ། །ཆུ་ལ་སོགས་པའི་བྱེ་བྲག་གིས། །བཞི་པོ་དེ་དག་བཅུ་བཞི་ཡིན། །འཐད་པ་དེ་དག་ཡོངས་བཅས་པས། །རིམ་པ་འདི་བཞིན་དམ་པ་རྣམས། །རིགས་པ་འདི་ནི་དོར་གྱུར་ན། །ཐམས་ཅད་དག་གིས་སངས་མི་རྒྱ། །བརྟུལ་ཞུགས་གོང་ནས་གོང་གྱུར་པ། །བུ་ཡིས་རིག་པའི་བརྟུལ་ཞུགས་སྤྱོད། །ཅེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སོ། །ཆུ་ནས་ཕྱིར་མི་ལྡོག་པའི་མཐར། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །ལྷག་མ་ཇི་ལྟ་དེ་ལྟར་ཏེ། །ཕྱི་དང་ནང་དུ་ཡང་དག་གནས། །འཕོ་བའི་རིམ་པའི་བྱེ་བྲག་ནི། །དཔའ་བོའི་བདག་ཉིད་ལས་ཤེས་བྱ། །དབང་ནི་རྣམ་པ་བཞིར་བརྗོད་པ། །ཇི་ལྟར་བརྟུལ་ཞུགས་ཅན་གུས་པས། །བསམ་གྱིས་མི་ཁྱབ་ཆོས་ཐོབ་སྟེ། །དེ་ནི་སྐལ་བ་ཅན་དུ་འགྱུར། །ཕྱི་དང་ནང་དུ་ལེགས་རྫོགས་པ། །ཕྱི་དང་ནང་གི་རང་བཞིན་ཏེ། །རང་བཞིན་ཆོས་ནི་ཐམས་ཅད་ལ། །བསམ་གྱིས་མི་ཁྱབ་པ་ཞེས་བརྗོད། །སྣང་བ་མེད་ཅིང་མི་གསལ་བ། །སྐྱེ་བ་མེད་ཅིང་གནས་མེད་པ། །ལྔ་ཡི་དེ་ཉིད་རྫོགས་པ་སྟེ། །རིམ་གྱིས་ལྷན་སྐྱེས་ཟད་པ་མེད། །བསམ་གྱིས་མི་ཁྱབ་མཐའ་མེད་པ། །འགྲོ་བ་བརྟན་དང་གཡོ་བདག་ཉིད། །བདག་མེད་པ་རུ་བདག་མེད་གནས། །ཞེས་དབང་བཞི་པའོ། །དཔའ་བོ་ཆེན་པོ་ཤེས་རབ་ཀྱིས། །སློབ་མའི་བྱ་བ་རྫོགས་ནས་ནི། །དཀྱིལ་འཁོར་ཕྱི་རོལ་འཐོན་བྱས་ཏེ། །ཆོ་ག་སྦྱིན་སྲེག་གིས་རྫོགས་བྱ། །སླར་ཞུགས་རྒྱལ་བ་ལ་བཟོད་གསོལ། །གཡོན་པ་ཡིས་ནི་དྲིལ་དཀྲོལ་ཏེ། །མཆོད་པ་དང་ནི་བསྟོད་པར་བྱ། །གཡས་པ་ཡིས་ནི་རྡོ་རྗེ་གསོར། །ཚིགས་བཅད་ཀྱིས་ནི་གཤེགས་སུ་གསོལ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ལྷ་ཡི་འཁོར་ལོ་གཤེགས་ནས་ཀྱང༌། །སྔགས་པས་རྡུལ་ཚོན་བསྡུ་བྱ་


DTG027_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །གཙང་མིའི་སྣོད་དུ་བཞག་ནས་ནི། །ཆུ་བོའི་རྒྱུན་ལ་དོར་བར་བྱ། །ཨོཾ་པི་ལི་ཀི་ལི་ཧཱུཾ་ཛཿསྭཱ་ཧཱ། །རྡུལ་ཚོན་དོར་བའི་སྔགས་སོ། །དཀྱིལ་འཁོར་རྣམ་པར་བྲ་བའི་ས། །དེ་ནས་དྲིས་ནི་ཉེར་བྱུགས་ཏེ། །འབྱུང་པོ་ཡི་ནི་ཚོགས་བཅས་ལ། །དངོས་གྲུབ་ཕྱིར་ནི་གཏོར་མ་སྦྱིན། །ཨོཾ་ཨིནད། ཛ་མ། ཛ་ལ། ཛ་ཀྑ། བྷཱུ་ཏ། བཧྣི། པཱ་ཨུ། རཀྑ། ཙནད། སུ་ཛྫཱ། མཱ་ད། པབྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ། ས་པྤ་སྭཱ་ཧཱ། །ཨི་དཾ་བ་ལི། །བྷུནྡ། ཇི་གྷ། ཕུལླ། དྷཱུ་པ། མྲཾ་ས་བིདྒྷ། ཨ་མྦྷ་ས་པྤ། ཀྫྫ། སཱ་ད། ཁ་ནྟི། ཁུ་ཎི། ཕེ་ཌ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་སྦྱིན་ནས་སླར་ཡང་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྡྱོ་མེ་བྷ་བ། སུ་ཏོཥྡྱོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། །སརྦ་ཀརྨ་སུ་ཅ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། ཧྲྀ་ད་ཡ་མི་ཧྱི་ཏིཥྛ་མཱ་མེ་མུཾ་ཙ། བཛཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿརབ་གནས་དང་ནི་སྦྱིན་སྲེག་དང༌། །ངེས་པར་དཀྱིལ་འཁོར་ཡན་ལག་སྟེ། །དཀྱིལ་འཁོར་དེ་མ་ཐག་པ་ནི། །སྦྱིན་སྲེག་རབ་གནས་བརྗོད་པར་བྱ། །དེ་ཉིད་བཅུ་ཤེས་སློབ་དཔོན་གྱིས། །རབ་ཏུ་གནས་པར་བྱར་འོས་ཏེ། །གཟའ་དང་སྐར་མ་བཟང་སོགས་ལ། །མཛེས་པ་ཡིས་ནི་ཤེས་པར་བྱ། །མགུལ་རྒྱན་དཔུང་རྒྱན་རྐང་གདུབ་དང༌། །རྣ་རྒྱན་དང་ནི་ལག་གདུབ་སྟེ། །གསེར་ནི་མན་ཆ་ལས་བྱས་པའི། །སོར་གདུབ་ཙམ་ནི་བཅིང་བར་བྱ། །ཐོག་མར་རེ་ཞིག་སློབ་དཔོན་གྱིས། །དྲིལ་བུ་ལག་པར་དགྲོལ་བྱ་ཞིང༌། །གཡས་པས་རྡོ་རྗེ་གསོར་བྱས་ཏེ། །ཆོ་ག་དེ་བཞིན་གཏོར་མ་བཞིན། །བ་ཡི་རྣམ་པ་ལྔ་ཤིང་ཤུན་ལྔ། །ཁྱད་པར་དུ་ནི་དྲི་ལྔ་ཡིས། །ལུས་ཅན་རྣམས་ནི་བཀྲུ་བྱ་སྟེ། །མཆོད་པ་ལ་སོགས་སྔོན་བཞིན་དབུལ། །དགོངས་ཀར་ཡུལ་ངེས་ཤེས་པ་སྟེ། །ལྷག་པར་གནས་པར་བྱ་བ་ཡིན། །དུང་ཆོས་ཆུ་ཡིས་བསང་གཏོར་གྱིས། །གཟུགས་བརྙན་ལ་སོགས་བཀྲུ་བྱས་ཏེ། །ཤིན་ཏུ་འཇམ་པའི་གོས་ཀྱིས་ནི། །ལུས་རྣམས་ཕྱི་བར་བྱ་བ་ཡིན། །


DTG027_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟའི་ལྷ་རྣམས་དམིགས་ནས་ནི། །ལྷ་ཡི་གཟུགས་རྣམས་ནམ་མཁའ་སྟེ། །འོད་ཟེར་གཙོ་བོས་རྣམ་སྤྲོས་ནས། །དེ་ཡང་ལྕགས་ཀྱུའི་རྣམ་པ་ཡིས། །དེ་བཞིན་གཤེགས་ཀུན་སྤྱན་དྲངས་ཏེ། །གཟུགས་བརྙན་ལ་སོགས་ཐུགས་ཀ་རུ། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ལ་ནི་རབ་གནས་དང༌། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཇི་བཞིན། །ཇི་ལྟར་གཟུགས་བརྙན་འདིར་བཞུགས་ཤིག །གྲུ་བཞི་པ་ལ་ཁྲུ་བཞི་པའོ། །དེ་ནས་ལྷག་གནས་ཁང་པ་དང༌། །རིང་བ་ཉིད་དུ་མི་བྱ་སྟེ། །དཔངས་སུ་ཁྲུ་དོ་མཐོ་བ་ནི། །བརྟན་པར་ལེགས་བརྐོས་སྐལ་ལྡན་གྱི། །མཁས་པ་ཡི་ནི་སྟེགས་བསྡུ་བྱ། །ཤར་ཕྱོགས་མངོན་ཕྱོགས་འདུག་བྱས་ཏེ། །ལྷ་འདི་ལ་ནི་མངོན་ཕྱོགས་བྱ། །རྡོ་རྗེ་དྲིལ་བུ་ལག་ཐོགས་ཏེ། །དེ་མ་ཐག་ཏུ་གཏོར་མ་སྦྱིན། །ཡེ་ཤེས་འོད་ཟེར་སྦྱོར་བ་ཡིས། །དེ་ནས་ལྷ་མོ་མཆོད་སྤྲོས་ཏེ། །སྟེགས་བུའི་གདན་ལ་གནས་པ་ཡིས། །ལྷ་རྣམས་བཀྲུ་བར་བྱ་བ་ཡིན། །བྲིས་སྐུ་གླེགས་བམ་ལ་སོགས་པ། །གཟུགས་བརྙན་ལ་སོགས་ཇི་ལྟ་བར། །མེ་ལོང་གཟུགས་བརྙན་བཀྲུ་བྱ་སྟེ། །དེ་ལས་གཞན་ལ་དངོས་སུ་ཡིས། །སྔགས་པ་རྣམས་ཀྱིས་མཉམ་གཞག་སྟེ། །མདུན་ནས་ལྷ་རྣམས་བཀྲུ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། །ལྷ་རྣམས་ལྷ་ཡི་བདག་ཉིད་ཀྱི། །སླར་ཡང་དྲིས་བྱུགས་བཀྲུ་བྱ་སྟེ། །བཀྲ་ཤིས་གླུ་དང་ངོ་ལ་མོ་དང༌། །རྣམ་པ་སྣ་ཚོགས་གར་མཛེས་པའོ། །ཡོ་བྱད་རྣམས་ཅི་ནུས་པ་ནི། །བསོགས་ཏེ་རྒྱལ་པོའི་དབང་བསྐུར་རོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ཏེ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་བཀྲུ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། མཁས་པས་གསེར་གྱི་ཐུར་མ་ནི། །མན་ཆ་ཙམ་གྱི་ཚད་བྱས་ལ། །ཨོཾ་ནི་མིག་ལ་བསྒོམ་པར་བྱ། །འདི་ཡིས་སྤྱན་ནི་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་ཤོ་དྷོ་ནི་སྭཱ་ཧཱ། མཆོད་ཡོན་མེ་ཏོག་སོགས་མཆོད་ནས། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སུ་པྲ་ཏིཥྛ་ཏེ་བཛྲི་སྭཱ་ཧཱ། འདི་ནི་སྟོང་དུ་བཟླས་བྱས་ཏེ། །རབ་ཏུ་གནས་པའི་རིམ་པའོ། །གསང་


DTG027_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་སྟེར། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་མེད་པར་གྱུར་པས་ནི། །དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། །དེ་ཕྱིར་བརྩོན་པ་ཆེན་པོ་ཡིས། །སྔགས་པས་སྦྱིན་སྲེག་ལས་རྣམས་བྱ། །ཆུ་སྐྱེས་རྣམ་པའི་ཐབ་ཁུང་དུ། །ལས་རྣམས་ཐམས་ཅད་ཤིས་པ་སྟེ། །ཁྲུ་གང་ཙམ་གྱི་ཁམ་པོར་ཏེ། །སྔགས་པས་རབ་ཏུ་མཉམ་པར་བྱ། །འོག་ཏུ་བསྐོར་བར་བྱ་བའི་ཚད། །ཁྲུ་ཕྱེད་ཀྱི་ནི་ཚད་ཡིན་ཏེ། །བརྐོས་པའི་དབུས་སུ་པདྨ་ནི། །འདབ་མ་བརྒྱད་ལེགས་མཛེས་པ་ཡི། །དེ་དག་སྔགས་པས་ཐབ་ཁུང་སྟེང༌། །སོར་བཞི་དོར་བར་བྱས་ནས་ནི། །ཞེང་དང་དཔངས་སུ་དེ་བཞིན་ཏེ། །སོར་བཞི་ཡི་ནི་ཚད་དུ་བྱ། །ཐབ་ཁུང་ལས་བྱུང་རྒྱས་པ་ཡི། །འདབ་མའི་རྣམ་པ་ཁ་ཁྱེར་ཏེ། །ཁ་ཁྱེར་གྱི་ནི་ཕྱི་རོལ་དང༌། །པདྨའི་ཕྲེང་བས་བསྐོར་བར་བྱ། །སྔགས་བརྗོད་པ་ཡིས་ལ་ནི། །ཁ་དོག་དྲི་དང་རོ་རྣམས་ཀྱིས། །གལ་ཏེ་དངོས་གྲུབ་འདོད་གྱུར་ན། །སྔགས་པ་ཡིས་ནི་བསྐུ་བར་བྱ། །ཐབ་ཁུང་དབུས་ཀྱི་པདྨ་ལ། །མཚན་མ་དགུ་ནི་བྲི་བྱ་སྟེ། །དེ་དབུས་རྡོ་རྗེ་བྲི་བྱ་ཞིང། །འདབ་བརྒྱད་དུ་ནི་བུམ་པ་བཞིན། །ཀུན་ནས་གྲུ་བཞི་མཉམ་པར་ནི། །ཤེས་རབ་ཅན་གྱིས་ཚོན་ཐིག་གདབ། །སྒོ་བཞི་ལ་སོགས་དང་ལྡན་ཞིང༌། །ཕྱོགས་རྣམས་སུ་ནི་མཚན་མ་བྲི། །པདྨ་ནགས་ཀྱི་ལྕུག་མ་དང༌། །བགྲང་ཕྲེང་དང་ནི་སྤྱི་བླུགས་དང༌། །རི་དྭགས་པགས་པ་དེ་བཞིན་ཏེ། །ཤར་གྱི་སྣམ་བུ་དག་ལ་བྲི། །རྩེ་གསུམ་ཟླ་བ་ཕྱེད་པ་དང༌། །རྒྱལ་མཚན་དང་ནི་རིལ་བ་དང༌། །དེ་བཞིན་དུ་ནི་མིག་དང་ནི། །ལྷོ་ཕྱོགས་སྣམ་བུ་དག་ལ་བྲི། །འཁོར་ལོ་དུང་དང་གཏུན་ཤིང་དང༌། །རལ་གྲི་ཕུབ་དང་ལྔ་པ་སྟེ། །ཆུ་ཡི་ཕྱོགས་ཀྱི་སྣམ་བུ་ལ། །སྔགས་པ་ཡིས་ནི་མཚན་མ་བྲི། །མདའ་དང་དྲིལ་བུ་བ་དན་དང༌། །རྨ་བྱ་ར་སྐྱེས་དེ་བཞིན་ཏེ། །གནོད་སྦྱིན་བྱི་ནའི་ཕྱོགས་དག་ཏུ། །མཚན་མ་ལྔ་ནི་ཤེས་རབ་ཅན། །མཆོད་ཡོན་སྔོན་སོགས་སྔོན་བཞིན་དུ། །མཉམ་པར་གཞག་པ་ཐམས་ཅད་བྱ། །དངུལ་དང་གསེར་དང་ཟངས་


DTG027_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་དང༌། །ལྕགས་ལས་རིམ་བཞིན་དགང་གཟར་ཏེ། །མེད་ན་མཆོད་ཡོན་ཤིང་བུ་ལ། །མཁས་པ་ཡིས་ནི་དགང་གཟར་བྱ། །མཚོ་སྐྱེས་འདབ་མའི་རྣམ་པ་ལ། །ཡུ་བ་སོར་ནི་ཉི་ཤུ་བཞི། །རྡོ་རྗེ་ཁུ་ཚུར་གྱི་ཚད་ནི། །ཇི་ལྟར་རིགས་པར་འགྱུར་བ་ཡིན། །དེ་ཡི་རྩེ་མོ་གྲུ་བཞི་ལ། །རྒྱར་ནི་སོར་བཞི་པ་ཡིན་ཏེ། །ཁ་ནི་སོར་གཉིས་ཟབས་སུ་ཡང༌། །སོར་གཉིས་པར་ནི་ཤེས་པར་བྱ། །རྡོ་རྗེ་རྩེ་མོ་ལྔ་པ་ཡིས། །དབུས་ཀྱི་ཆ་ནི་བྱིན་གྱིས་བརླབས། །རོ་ཡི་རྒྱུན་ནི་ལམ་ཡང་ཡིན། །སོར་གཅིག་གི་ནི་ཚད་ཡིན་ཏེ། །ཡུ་མཐར་རྡོ་རྗེ་རིན་ཆེན་ལ། །ཚད་ནི་སོར་དྲུག་པ་ཡིན་ནོ། །བླུགས་གཟར་ཁྲུ་གང་ཚད་ཡིན་ཏེ། །སྦོམས་སུ་སེར་ཕྱེད་པ་ཡིན་ནོ། །ཁ་ནི་པདྨའི་འདབ་དབྱིབས་ཏེ། །ཟབས་སུ་སོར་གཅིག་བརྐོ་བར་བྱ། །རྡོ་རྗེ་རྩེ་ལྔ་པས་མཚན་པའི། །ཡུ་མཐར་རྡོ་རྗེ་རིན་ཆེན་ཏེ། །དེ་ནས་ཐབ་ཁུང་གཡོག་བྱ་སྟེ། །ཆུ་ཤིང་འདབ་མ་མཛེས་པའམ། །ཤིན་ཏུ་འཇམ་པའི་གོས་ཀྱིས་ནི། །ཐབ་ཁུང་རབ་ཏུ་གཡོག་པར་བྱ། །དེ་ནས་ཀུ་ཤ་དགྲམ་བྱ་སྟེ། །རྩ་བར་བཅས་ཤིང་མ་ཉམས་པ། །ཁ་དོག་ལྗང་ཞིང་གསར་པ་ཡི། །ཀུ་ཤ་སྒྲུབ་པ་པོས་བརྐོས་ནས། །ཐོག་མར་ཤར་དུ་དགྲམ་པར་བྱ། །གཉིས་པ་ལྷོ་ཡི་ཕྱོགས་སུ་སྟེ། གསུམ་པ་ནུབ་ཀྱི་ཕྱོགས་ས་ཡིན། །བཞི་པ་བྱང་གི་ཕྱོགས་སུའོ། །ཨོཾ་ཨི་མི་ཀུ་ཤ་ཤུ་པ་ཏི་བྷྱཿ་།བྷུ་ཏ་བྷྲ་མ་པ་ཝི་ཏྲེ་ཏེ། །བུདྡྷ་དྷརྨྨཱ་སཾ་གྷ་ཨ་མ་རི་པྲ་ཏི་བྷི་སཾ་ཛ་དགར་པ་ཤཱནྟིཾ་ཀུ་རུ་བནྟུ་སྭཱ་ཧཱ། ཀུ་ཤ་དགྲམ་བའི་ཆོ་གའོ། །ཨུ་དུམྺཱ་ར་པ་ལ་ཤ །ཨ་མྲ་ཨ་ཤཏྠ་ཀརྨྨཱ་ཪྻ། ནྱ་གྲོ་དྷ་ལ་སོགས་པ་ཡི། །འོ་མ་ཅན་ཤིང་འདབ་བཅས་ཏེ། །མཉམ་པར་མཐེབ་རྩེའི་ཚད་ཙམ་ལ། །རྩེ་མོ་སྦྲང་དང་འོ་མ་དང༌། །མར་གྱིས་སྤགས་པ་ཉིད་དང་ནེ། །དཀར་པོའི་དྲི་ཡིས་ལེགས་བྱུགས་པའི། །ཡམ་ཤིང་ཉེར་བསྡོགས་བྱས་ནས་ནི། །ཞི་བ་ལ་ནི་སྦྱིན་སྲེག་བྱ། །རྙིང་པ་དང་ནི་འདབ་ཟེག་དང༌། །གས་པ་དང་ནི་འབུས་ཟོས་དང༌། །དེ་ལ་སོགས་པའི་སྐྱོན་རྣམས་ནི། །ཤེས་རབ་ཅན་གྱིས་སྤང་བར་བྱ། །ནས་དང་འོ་མ་ཞོ་དང་སྦྲང༌། །མར་དང་ཏིལ་དང་ཡོས་འབོག་དང༌། །མར་


DTG027_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་ལེགས་པར་སྤངས་པ་སྟེ། །ཡང་ན་མངར་གསུམ་གྱིས་སྤངས་ཤིང༌། །སེར་པོའི་དྲི་ཡིས་བྱུགས་པའོ། །ཏིལ་དང་ཞོ་ཟན་མར་ལྡན་ངག །བིལ་བ་ཡི་ནི་འབྲས་བུ་དང༌། །སཱ་ལུ་དན་དུ་ལ་དག་དང༌། །ཞོ་ཡི་སྤྲིས་མ་དག་དང་ནི། །པདྨ་ནཱ་ག་གེ་སར་སོགས། །རྒྱས་པ་ལ་ནི་སྦྱིན་སྲེག་བྱ། །ཙན་ཙ་ཀ་དང་ཨ་ཤོ་ཀ །ཝ་ཀུ་ལ་ལ་སོགས་པ་ཡི། །ཡམ་ཤིང་སོར་ལྔའི་ཚད་ཙམ་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །སྐྱུར་པོ་མེ་ཏོག་དམར་པོ་དང༌། །དེ་ལ་སོགས་པ་མཐའ་ཡས་མཆོག །གཞན་ཡང་རང་གི་རྟོག་པ་ལས། །གསུངས་པ་དབང་ལ་སྦྱིན་སྲེག་བྱ། །ནིམ་པ་དང་ནི་སེང་ལྡེང་དང༌། །བ་ལ་ཏ་ཀ་དག་དང་ནི། །མྱོས་བྱེད་ཀྱི་ནི་ཤིང་བུ་དང༌། །ཁ་དང་ཚྭ་དང་སྐྱུར་ཤིང་རྣམས། །དྲག་ཏུ་སྟོན་པ་བྱས་ནས་ནི། །རྩ་བའི་ཆ་ལས་བྱུང་བ་ཡི། །སོར་བཅུ་པ་ཡི་ཚད་ཙམ་ལ། །དུག་དང་ཁྲག་དང་མར་ཁུས་བྱུག །པལ་ཀ་ཡི་ནི་མར་ཁུ་དང༌། །ཁྲག་དང་ཚྭ་དང་སྐྱེ་ཚེ་དང༌། །ནིམ་པ་ཡི་ནི་ལོ་མ་དང༌། །དུར་ཁྲོད་ཐལ་བ་རྐང་རལ་དང༌། །རྔ་མོ་བོང་བུའི་རྟུག་པ་དང༌། །སྐྲ་དང་ཞག་དང་ཁ་ལ་སོགས། །ཚེར་མ་མི་རུས་ཕྱེ་མ་དང༌། །སྦུ་དང་ཤ་སོགས་ཇི་སྙེད་རྫས། །དུག་དང་ཁྲག་དང་ཚྭ་དང་ནི། །སྐྱེ་ཚེ་མྱོས་བྱེད་ཁུ་བ་ཡིས། །རྫས་འདི་དག་ནི་མཁས་པ་ཡིས། །ལེགས་པ་ཉིད་དུ་བྱུག་པར་བྱ། །སོལ་བ་དང་ནི་ཐལ་པ་དང༌། །ཕུབ་མས་དགྲ་ཡི་གཟུགས་བྱས་ཏེ། །གཏུབ་ཅིང་གཏུབ་པར་བྱས་ནས་ནི། །མངོན་སྤྱོད་ཕྱིར་ནི་སྦྱིན་སྲེག་བྱ། །མཆོད་ཡོན་ཤིང་ཉིད་དག་དང་ནི། །ཨ་ཤྭྔྠ་ལ་སོགས་པའི་ཤིང། །ཞི་བ་ཡི་ནི་སྦྱིན་སྲེག་བྱ། །རྒྱས་པའི་སྦྱིན་སྲེག་ཤིང་བུའོ། །སྣུམ་ཞིང་སྐྱུར་ལ་མེ་ཏོག་བཅས། །དབང་ལ་ཤིས་པའི་ཤིང་བུ་ཡིན། །ཚ་ཞིང་ཚེར་བཅས་དྲི་ངའི་ཤིང༌། །དུར་ཁྲོད་ཀྱི་ནི་ཤིང་བུ་དང༌། །རྔ་མོ་བོང་བུའི་རྟུག་པ་ནི། །མངོན་སྤྱོད་ཀྱི་ནི་ཤིང་བུ་ཡིན། །ཨོཾ་སརྦ་དུཥྚ་ཨུ་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་བྱ་བ་ནི་ཞི་བའི་སྔགས་སོ། །ཨོཾ་བཛྲ་པུཥྚིཾ་སྭཱ་ཧཱ། །ཞེས་བྱ་བ་ནི་རྒྱས་པའི་སྔགས་སོ། །ཨོཾ་བཛྲ་སཾ་ཀ་ར་ཡ་སྭཱ་ཧཱ། །ཞེས་བྱ་བ་ནི་དབང་གི་སྔགས་སོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྣ་གྲྀཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཧཱུཾ། མཱར་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་མངོན་སྤྱོད་ཀྱི་


DTG027_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་སོ། །འབར་བའི་དབུས་ཀྱི་དཀྱིལ་ན་ནི། །ཆུ་ཡི་མེ་ཡི་མཚན་ཉིད་ནི། །དུང་དང་ཀུནད་ཟླ་བ་བཞིན། །སྤྱན་གསུམ་རལ་པའི་ཐོར་ཚུགས་འཆང༌། །ཕྱག་བཞི་གཡས་དབྱིག་མི་འཇིགས་དང༌། །གཡོན་པ་བགྲང་ཕྲེང་སྤྱི་བླུགས་འཛིན། །དཀར་དང་རྒྱན་ཅན་ཚངས་སྐུད་ཅན། །ལུས་ཀུན་གྱི་ནི་ཡན་ལག་ལས། །བདུད་རྩི་ཡི་ནི་རང་བཞིན་གྱི། །འོད་ཟེར་དཀར་པོ་རབ་འཕྲོ་བ། །ཞི་བ་ལ་ནི་བསམ་པར་བྱ། དེ་བཞིན་དུ་འབར་བའི་དབུས་སུ་སའི་དཀྱིལ་འཁོར་ལ། ལཾ་ལས་བྱུང་བའི་རང་བཞིན་རྒྱས་པའི་མེ་ལྷ་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་པ་དག་ན་དབྱིག་པ་དང་མཆོག་སྦྱིན་འཛིན་ཅིང༌། གཡོན་པ་དག་ན་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། སེར་པོའི་རྒྱན་དང་མཆོད་ཕྱིར་ཐོགས་པ་འཆང་ཞིང་འོད་ཟེར་སེར་པོ་འཕྲོ་བ། སེམས་ཅན་མ་ལུས་པའི་སྟོབས་དང༌། གྲགས་པ་དང། བཀྲ་ཤིས་པ་རབ་ཏུ་འགེངས་པ་རྒྱས་པ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་འབར་བའི་དབུས་སུ་རཾ་ལས་བྱུང་བ་དབང་གི་མེ། ཉི་མ་གཞོན་ནུ་ལྟར་དམར་བ་འོད་ཟེར་དམར་པོ་འཕྲོ་བ། སྤྱན་གསུམ་པ། རལ་བའི་ཐོར་ཚུགས་དང་ལྡན་པ་ཕྱག་བཞི་བ་གཡས་ན་དབྱུག་ཐོ་དང་ལྕགས་ཀྱུ་འཛིན་པ། གཡོན་ན་ཞགས་པ་དང་སྤྱི་བླུགས་འཛིན་པ། དམར་པོའི་གོས་དང་རྒྱན་འཆང་ཞིང་ཕྲེང་བ་དང་དྲིས་ཉེ་བར་བྱུགས་པ། མཆོད་ཕྱིར་ཐོགས་པ་འཆང་བ། །དབང་ལ་འདོད་པས་བསྒོམ་པར་བྱའོ། །དེ་བཞིན་དུ་འབར་བའི་དབུས་སུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རཾ་ལས་བྱུང་བའི་མེ་དུ་བའི་མདོག་ཅན། སྤྱན་གསུམ་པ་ཟུར་གྱིས་གཟིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ་ཤིན་ཏུ་ཁྲོས་ཤིང་སྤྱན་དམར་བ། མཆེ་བ་གཙིགས་ཤིང་བཞིན་བསྙེར་བ། འཁྲུགས་ཤིང་ཆེར་འཇིགས་པ། རྒྱན་ནག་པོས་བརྒྱན་ཅིང་མཆོད་ཕྱིར་ཐོགས་པ་འཆང་བ། འོད་ཟེར་ནག་པོ་འཕྲོ་བས་སྲིད་པ་གསུམ་ཁྱབ་པ་ཕྱག་བཞི་པ། ཕྱག་གཡས་ན་དབྱུག་ཐོ་དང་རལ་གྲི་ཐོགས་པ། གཡོན་ན་ཞགས་པ་དང་སྤྱི་བླུགས་འཛིན་པ། རླུང་གི་མེ་མངོན་སྤྱོད་ལ་བསྒོམ་པར་བྱའོ། །དེ་ནས་ལུས་བཀྲུ་དྲི་ཞིམ་བྱུག །ཇི་ལྟར་འདོད་པའི་རྒྱན་བགོས་ཏེ། །ཞི་དང་རྒྱས་དང་དེ་བཞིན་


DTG027_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང༌། །གསད་པ་ཡི་ནི་ལས་རྣམས་ལ། །ཇི་ལྟར་ལས་དང་རྗེས་མཐུན་པར། །བློ་ལྡན་གྱིས་ནི་སྔོན་བཞིན་བརྗོད། །སེམས་ཅན་ཀུན་ལ་ཕན་བརྩོན་པས། །ཇི་ལྟར་འདོད་པ་ཐམས་ཅད་བྱ། །སྲུང་བའི་འཁོར་ལོ་སྔོན་བཞིན་དུ། །སྔགས་པ་ཡིས་ནི་བྱ་བ་ཡིན། །ཤར་ཕྱོགས་སུ་ནི་མངོན་ཕྱོགས་དང༌། །དེ་བཞིན་དུ་ནི་བྱང་དུ་ཡིན། །ནུབ་ཕྱོགས་སུ་ནི་མངོན་ཕྱོགས་ཏེ། །དེ་བཞིན་དུ་ནི་ལྷོ་ཕྱོགས་ཡིན། །ཞི་བ་ལ་སོགས་ལ་འདུག་ནས། །ལས་བཞི་པོ་ནི་བྱ་བ་ཡིན། །དེ་ནས་ལས་དང་རྗེས་སུ་མཐུན་པའི་ཚུལ་གྱིས་ཕྱི་རོལ་གྱི་མེ་དགུག་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱི་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་ནས་བསྐོར་ཞིང་བསང་གཏོར་ལན་གསུམ་གྱི་བར་བྱའོ། །དེའི་རྗེས་སུ་གཙང་ཞིང་སྐམས་པའི་རྩྭ་དང་ལྷན་ཅིག་པའི་ཤིང་ལ་རླུང་ཡབ་ཀྱིས་མེ་རབ་ཏུ་སྦར་བར་བྱའོ། །ཨོཾ་བཛྲ་ཛྭཱ་ལཛྭཱ་ལ་ཧཱུཾ་ཞེས་བྱ་བ་ནི་སྦར་བའི་སྔགས་སོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །དམ་ཚིག་སེམས་དཔའ་བརྗོད་པ་བཞིན། །ཐབ་ཁུང་དབུས་སུ་དེ་བསམས་ཏེ། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བ། །སྔགས་དང་ཕྱག་རྒྱས་བྱ་བ་ཡིན། །གཡས་པ་མི་འཇིགས་རྒྱ་བྱས་ཏེ། །མཐེ་བོང་གིས་ནི་སྲིན་ལག་གི །རྩ་བའི་ཚིགས་ལ་རེག་བྱས་ཏེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །འདི་ཉིད་ཀྱི་ནི་ཕྱག་རྒྱ་ནི། །མེ་འགུགས་པ་ཡི་མཆོག་ཡིན་ནོ། །ཚུར་གཤེགས་ཚུར་གཤེགས་མགོན་པོ་ཆེ། །སངས་རྒྱས་བླ་མེད་ལས་བླ་མེད། །དགང་བླུགས་འདི་ནི་བཞེས་ནས་སུ། །དེ་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་མེ་ལྷ་སྤྱན་དྲངས་པ། །དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས། བྱིན་པ་གཉིས་ཀྱི་ནང་དུ་བཞག་ལ། བླུགས་གཟར་གྱིས་དགང་བླུགས་གསུམ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྔགས་ཀྱིས་དབུལ་བར་བྱའོ། །ཡང་དགང་གཟར་ཁེངས་པར་བྱས་ལ། དེའི་སྟེང་དུ་བླུགས་གཟར་བཞག་སྟེ། ལག་པ་གཡས་པའི་མཐེ་བོང་དང་མཐེའུ་ཆུང་སྦྲེལ་ཏེ། ལྷག་མའི་སོར་མོ་ཡུ་བའི་སྟེང་དུ་བཞག་ལ་མར་གྱི་དགང་བླུགས་དབུལ་བར་བྱའོ། །དེ་ནས་ཡོ་བྱད་ཐམས་ཅད་སྔར་བརྗད་པའི་སྔགས་ཀྱིས་སྦྱིན་སྲེག་བྱ་


DTG027_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །སྔགས་ཀྱི་བཅུ་ཆས་སྦྱིན་སྲེག་བྱའོ། །དེ་ནས་བསྲེག་རྫས་དང༌། མེ་ཏོག་ལ་སོགས་པ་དང༌། བཤོས་གཙང་ལ་སོགས་པ་དབུལ་བར་བྱའོ། །རྫོགས་པའི་མཐར་ཨོཾ་ཧྲིཿཞེས་བྱ་བའི་སྔགས་འདིས་མར་གྱི་དགང་བླུགས་ཉི་ཤུ་རྩ་གཅིག་གིས་གཟི་བྱིན་བསྐྱེད་པར་བྱའོ། །དེའི་རྗེས་ལ་གང་བའི་དགང་བླུགས་དབུལ་བར་བྱ་ཞིང༌། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་བསྟོད་ཅིང་ཡིད་ལ་འདོད་པའི་དངོས་གྲུབ་ལ་གསོལ་བ་བཏབ་སྟེ་བཟོད་པ་གསོལ་ལ། ཨོཾ་བཛྲ་མུཿཞེས་བརྗོད་དེ་སྟེང་དུ་གཤེགས་སུ་གསོལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ནས། སྤྲུལ་པའི་མེ་ནི་མཆོད་བྱས་ཏེ། །བསང་གཏོར་ལ་སོགས་ཕུལ་བྱས་ནས། །བསྲེག་རྫས་ལྷག་མ་བསྲེག་པར་བྱ། །དེ་ནས་གང་བའི་དགང་བླུགས་དབུལ་ཏེ། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །དེའི་རྗེས་སུ་ཡིད་ལ་འདོད་པའི་དངོས་གྲུབ་གསོལ་བ་བཏབ་སྟེ། བཟོད་པར་གསོལ་ལ། ཛ་ཧི་ཛ་ཧི་ཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །སྔོན་དུ་བརྗོད་པའི་རིམ་བཞིན་དུ། །ཨཱ་རལླི་ཧོཿཞེས་བྱ་བའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །འདི་ཡི་མཐར་ནི་ཚོགས་འཁོར་ལོ། །སྔགས་པ་ཡིས་ནི་བྱ་བ་སྟེ། །བསྡུས་པས་དངོས་གྲུབ་ཀུན་འགྲུབ་པ། །ཅུང་ཟད་བདག་གིས་བརྗོད་པར་བྱ། །ཉིན་རེའམ་ནི་ཟླ་བ་རེ། །ཡང་ན་ལོ་རེ་དག་ཏུ་ནི། །སྣ་ཚོགས་སྟོན་མོར་ལྡན་པ་ལ། །ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །དམ་ཚིག་སྡོམ་བ་ཤེས་བ་ཡི། །རང་གི་སློབ་མ་བླ་མར་བཅས། །དམ་ཚིག་དབུས་སུ་མདོར་བསྡུ་སྟེ། །པདྨ་བདེ་བ་ཆེན་པོ་འདི། །ཐོག་མར་རིམ་བཞིན་བསྒོམ་བྱ་སྟེ། །འབྱུང་པོ་རྣམས་ལ་གཏོར་མ་གཏང༌། །ཀུན་ཀྱང་དམ་ཚིག་བདག་ཉིད་ཅན། །རང་རང་ཕྱག་རྒྱར་ལྡན་བྱས་ཏེ། །དུས་མིན་ཡིད་ཀྱིས་བརྟགས་ནས་ནི། །དེར་ནི་རིམ་པ་བཞིན་དུ་འདུག །མེ་ཏོག་སྤོས་དང་དེ་བཞིན་མེ། །དྲི་དང་ཕྲེང་བ་ན་བཟའ་དང༌། །ཇི་ལྟར་དམིགས་པར་གྱུར་བ་ཡི། །བཟའ་དང་


DTG027_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་བ་དབུལ་བར་བྱ། །རིམ་བཞིན་མཆོད་པ་བྱས་ནས་ནི། །རང་ཁ་འདམ་སྐྱེས་ཐབ་ཁུང་དུ། །ལག་པ་བླུགས་གཟར་ཐ་སྙད་ཀྱིས། །སྣོད་ལས་དགང་བླུགས་དབུལ་བར་བྱ། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །ལྷག་པའི་ལྷ་ནི་ཡིད་འོང་བ། །དགའ་ཞིང་བདེ་བས་སྤོ་བ་ཡིན། །དངོས་པོ་ཀུན་གྱིས་མཉེས་པར་བྱ། །སྣོད་ནི་ཨ་ཡིས་ཁེངས་བྱ་སྟེ། །མཁས་པ་ཡིས་ནི་སོ་སོར་དབུལ། །བླ་མ་ལ་གུས་དད་ཅིང་སྒྲིན། །ཐམས་ཅད་ཡིད་འོང་བཟོད་ལྡན་ཞིང༌། །ཐམས་ཅད་མཚུངས་པར་ཁྲིམས་ལྡན་པའི། །སློབ་མ་ལས་ཀྱི་རྡོ་རྗེར་འདོད། །དེ་ལྟར་རྣལ་འབྱོར་བ་ཀུན་གྱིས། །སྤྱོད་ལམ་ལ་ནི་མཉམ་གཞག་སྟེ། །སྐམ་པར་གྱུར་ཀྱང་བརྒྱ་ལམ་ཡང༌། །སྣོད་ནི་སྐམ་པར་མི་བྱའོ། །འཐབ་བ་དང་ནི་སྨོད་པ་དང༌། །ཀུ་ཅོའི་སྒྲ་ནི་འཇིགས་པ་དང༌། །ཤིན་ཏུ་ང་རྒྱལ་དང་ལྡན་པ། །ཚོགས་ཀྱི་དབུས་སུ་མི་བྱའོ། །སློབ་དཔོན་གྱི་ནི་བཀའ་མིན་བར། །གླུ་དང་གར་ནི་མི་བྱ་ཞིང༌། །ཚོགས་ཀྱི་འཁོར་ལོའི་གཙོ་བོ་ཡིས། །གང་ལ་བཀའ་གནང་བྱིན་གྱུར་ན། །དེ་ཡིས་མྱུར་དུ་དགོངས་པ་ནི། །བདེ་བར་གཤེགས་པའི་བཀའ་སྦྱིན་བྱ། །བརྡ་དང་བརྡ་ཡི་ཐ་སྙད་ནི། །སྒྲུབ་པ་པོ་ཡིས་ཤེས་བྱ་སྟེ། །ཤིན་ཏུ་རྒྱས་པར་སྤྱོད་བསྡུས་ལས། །འཕགས་པ་ལྷ་ཡིས་བྲིས་པ་ཡིན། །བཅོམ་ལྡན་དཔལ་ལྡན་རིན་ཆེན་རྡོ་རྗེ་དང༌། །བློ་བཟངས་མ་ཡི་བཀའ་ཡིས་རྗེས་བཟུང་བས། །རྣམ་པ་སྣ་ཚོགས་པ་ཡི་དོན་རྣམས་བསྟན་པ་ཡིན། །སྲིད་པ་ཤིན་ཏུ་འཇིགས་ལས་སེམས་ཅན་སྒྲོལ་བར་ཤོག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ། ཁ་ཆེའི་མཁས་པ་ཆེན་པོ་ཤེས་བྱ་མཐའ་དག་ལ་མཁས་པ་དཔལ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་ལྡན་ཨུ་རྒྱན་དུ་སྦྱངས་པ། །མཁས་པ་ཡེ་ཤེས་རྡོ་རྗེ་དང༌། །སྐད་བསྒྱུར་གཉན་བན་བསོད་དེ་ཡིས། །བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། །དཔལ་ལྡན་མཉམ་སྦྱོར་རྒྱུད་ཆེན་གྱིས། །དགེ་བ་ཤེལ་སྒོང་ལྟར་ཐོབ་པ། །རྡོ་རྗེ་འཛིན་པའི་སར་གནས་ཤོག ། །


previousརྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ།རིན་ཆེན་རྡོ་རྗེ།next