ལྷ་མོ་ཨུ་གྲ་ཏཱ་རཱའི་སྒྲུབ་ཐབས།
ཤྲཱི་བན་རཏྣ།


DTG028_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཨུ་གྲ་ཏཱ་ར་དེ་ཝཱི་སཱ་དྷཱ་ནཾ། བོད་སྐད་དུ། ལྷ་མོ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས། ཤེས་རབ་གསལ་བྱེད་ཨུ་གྲ་ཏཱ་ར་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་བསྒྲུབ་པ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། །གནས་ཀྱི་ཁྱད་པར། ལིང་ག་གཅིག་པའམ། དུར་ཁྲོད་དམ། ཁང་སྟོང་ལ་སོགས་པའི་གནས་སུ། རོ་མ་ཉམས་པའམ། བདེ་བའི་སྟན་ལ་འདུག་ནས། གནས་གསུམ་དུ་རྡོ་རྗེ་གསུམ་བསམ་པར་བྱ་ཞིང༌། ཡི་གེ་གསུམ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་པོ་ཐམས་ཅད་སྣང་བར་བྱས། སླར་ཚུར་འདུས་ནས་ཐིམ་པར་བསམ་མོ། །དེ་ནས་སྟོང་པ་ཉིད་ཀྱི་དོན་བསམ་ཞིང༌། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭཱ་བྷཱ་ཝ་ཤུདྡྷོཉཧཾ། ཞེས་བརྗོད་དོ། །དེ་ནས་སྟོང་པའི་ངང་ལས་ནམ་མཁའི་གནས་སུ་ཨཱཿ་


DTG028_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། །དེའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་མཚན་དང་ལྡན་པའོ། །དེའི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ལས། གྲི་གུག་སྔོན་པོ་ཧཱུཾ་གིས་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་ཨུ་གྲ་ཏཱ་ར་ཉིད་དུ་གྱུར་པ་ནི། སྐུ་མདོག་སྔོན་མོ་འཇིགས་སུ་རུང་བ། མི་མགོ་རློན་པའི་ཕྲེང་བ་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པ། སྐུ་ལུས་སྦོམ་ཐུང༌། གསུས་ཁྱིམ་ཆེ་བ། ཨུཏྤལའི་ཕྲེང་བས་བརྒྱན་པ། ཞལ་གཅིག་མ། ལྷའི་གཟུགས་ཅན་མ། བཞད་པའི་གད་རྒྱངས་ཅན། དགྱེས་པར་མཛད་མ། རོའི་གདན་ལ་བཞུགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་ཉེས་བར་བརྒྱན་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ལང་ཚོ་གཞོན་ཤ་དང་ལྡན་པ། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། ལྗགས་འདྲིལ་བ། མཆེ་བ་དྲག་ཏུ་གཙིགས་པ། རྩ་བའི་ཕྱག་གཉིས་ཀྱིས་གྲི་སུག་དང༌། ཐོད་པ་ཐུགས་ཀར་འཛིན་ཅིང༌། འོག་མ་གཉིས་ཀྱིས་རལ་གྲི་དང༌། ཨུཏྤལ་འཛིན་པ། དམར་སེར་དང་ལྡན་པའི་རལ་པ་གཅིག་མའི་ཁྲོད་ན་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པའི་ལྷ་མོའི་སྐུར་བསམ་པར་བྱའོ། །དེ་ལྟར་ལྷ་མོའི་སྐུར་བསྒོམ་པ་ཉམས་སུ་བླངས་པ་ཉིད་ཀྱིས་སྒྲུབ་པ་པོ་ནི་སྙན་དངགས་མཁན་ཆེན་པོར་འགྱུར་རོ། །དེ་ནས་བཟླས་པར་བྱ་སྟེ། ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཌ། ཅེས་པ་སྙིང་གའི་གནས་སུ་འོད་ཟེར་རྣམ་པ་ལྔ་དང་ལྡན་པར་བསམས་ནས། ཡི་གེ་རྣམས་ཀྱི་འོད་ཟེར་ལྔས་མི་ཤེས་པའི་བུད་ཤིང་བསྲེགས་ཤིང༌། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པར་བསམ་མོ། །གཡས་རལ་གྲིའི་གནས་སུ་མི་རུས་ཀྱི་ཕྲེང་བ་འཆང་བར་མོས་ལ་བཟླས་པ་བྱའོ། །དེ་ལྟར་འདིའི་སྔགས་འབུམ་ཕྲག་གཅིག་བཟླས་བ་ཙམ་གྱིས་འཇམ་པའི་དབྱངས་ཀྱི་གསུང་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཉིད་ཀྱིས་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་ལ་བསྒོམ་ཞིང༌། རང་ཉིད་སྙན་དངགས་མཁན་ཆེན་པོའི་རིག་པའི་གནས་ལྔ་པ་ཆེན་


DTG028_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་པཎྜི་ཏ་ཡིན་སྙམ་དུ་ང་རྒྱལ་བྱའོ། །དེ་ལྟར་བསྒོམ་པ་ལ་རྩེ་གཅིག་ཏུ་གནས་པ་ཉིད་ཀྱིས་ཐེ་ཚོམ་མེད་པར་སྙན་དངགས་མཁན་ཆེན་པོ་དང༌། གནས་ལྔ་པའི་པཎྜི་ཏ་ཆེན་པོར་འགྱུར་རོ། །གཏོར་མ་གཏོང་བར་འདོད་ན། གཏོར་མ་བསང་སྦྱངས་ནས། ཨཱཿལས་བྱུང་བའི་ཐོད་པ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་བསམས་ལ། སྔགས་འདི་ཉིད་ཀྱིས་གཏོར་མ་དབུལ་ལོ། །ཨོཾ་ཧྲཱིཿཨེ་ཀ་ཛ་ཊེ། མ་མ་ཨུ་པ་ནཱི་ཏཱ་ཡ། སརྦ་སཏྭཱ་ནཱཾ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། རཀྵཾ་ཀུ་རུ། མཧཱ་ཏཀྵ་ཀ །ནཱ་གཱ་དྷི་པ་ཏ་ཡེ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་བ་ར་བི་དྱཱ་ཀཪྵ་ཡ་ཀཪྵ་ཡ། ཏྲ་ཊ་ཏྲ་ཊ། ཙྪེ་ད་ཙྪེ་ད། ཙྪེ་ད་ཡ་ཙྪེ་ད་ཡ། ཨོཾ་ཨཱཿཧཱུཾ་ཕཌ་སྭཱཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་སོ། །མཆོད་པས་མཆོད་ནས། ཧཱུཾ་གི་ཡི་གེ་ལས་བྱུང་སྔོ་ཞིང་སྤོམ་ཐུང་རལ་པའི་ཐོར་ཚུགས་ལྡན། །གཡོན་བརྒྱད་མཆོག་གིས་མི་རོ་མནན་ཅིང་མི་བཟད་མཆོག་གི་གད་རྒྱངས་ཅན། །རལ་གྲི་ཨུཏྤལ་དང་ནི་གྲི་གུག་ཐོད་འཛིན་ཀླུ་ཆེན་རྒྱན་དང་ལྡན། །འགྲོ་བའི་མི་ཤེས་མུན་པ་འཇོམས་མཛད་སྒྲོལ་མ་དྲག་མོ་ཁྱོད་ལ་འདུད། །ཅེས་པས་བསྟོད་དོ། །གལ་ཏེ་དངོས་དང་རྨི་ལམ་ལ་སོགས་པར་འབྱུང་པོ་དང༌། ཤ་ཟ་འཇིགས་སུ་རུང་བ་དང༌། བུད་མེད་ཤིན་ཏུ་རིད་པ་དང༌། སྤྲུལ་ལ་སོགས་པས་འཚེ་བ་དང༌། ཡིད་མི་ཕེབས་པ་དང༌། བསྒྲུབ་སྙིང་མི་འདོད་པ་རྣམས་བྱུང་ན་གེགས་ཡིན་པས། འདིའི་གཏོར་སྔགས་ཀྱིས་གཏོར་མ་གཏོང་ཞིང། རྗེ་བཙུན་ལྷ་མོའི་རྣལ་འབྱོར་ལ་ཡིད་བརྟན་པས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང༌། ཉ་ངན་བ་དང༌། བག་ཚ་བ་ཉིད་དུ་མི་བྱའོ། །དེ་དག་ཐམས་ཅད་རང་བཞིན་པར་འགྱུར་རོ། །སྒྲུབ་པ་པོ་ཡིད་སྤྲོ་བ་དང༌། སེམས་དཔའ་བ་དང༌། བསྒྲུབ་པ་ལ་བློ་བརྟན་པ་དང༌། རྨི་ལམ་དུ་མ་དང༌། སྲིང་མོ་དང༌། རྗེ་མོ་ལ་སོགས་པའི་བུད་མེད་རྒྱན་གྱིས་བརྒྱན་པ་དང༌། ལུས་སྦོམ་ཞིང་བརྗིད་པ་དང༌། དྲི་ངད་ལྡན་པ་ལ་སོགས་པའི་བུད་མེད་ཀྱི་ཆོགས་ཀྱིས་ཕྱག་མཚན་བུ་སྟི་ལ་སོགས་པ་སྟེར་བ་དང༌། རང་གིས་རྙེད་པ་དང༌། ཉི་ཟླ་ཤར་


DTG028_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པའི་མཚན་མ་ནི་གྲུབ་པའི་རྟགས་སོ། །རྗེས་སུ་ཡི་གེ་བརྒྱ་པས་ནོངས་བ་བཤགས་ཤིང༌། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོ་བར་བྱའོ། །ལྷ་མོའི་ང་རྒྱལ་ལ་གནས་པས་སྤྱོད་ལམ་ཐམས་ཅད་ཡོངས་སུ་བསྐྱང་བར་བྱའོ། །ལྷ་མོ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རས་ནའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཞེས་བྱ་བས་དཔལ་འཁོར་བདེ་ཆེན་དུ་བསྒྱུར་ཅིང་ཞུས་པའོ།།