འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ།
རྟག་པའི་རྡོ་རྗེ།


DTG028_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཱཪྻོ་གྲ་ཏཱ་ར་སཱ་དྷཱ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །ཧཱུཾ་ཡིག་ལས་བྱུང་གཡོན་བ་རྐྱང་ཞབས་ནི་རོ་ཡི་སྙིང་ག་ལ་གཏད་ཅིང༌། མཆོག་ཏུ་དྲག་ཏུ་བཞད་པའི་ཕྱག་གིས་རལ་གྲི་ཨུཏྤལ་གྲི་གུག་བསྣམས། །ནག་མོ་སྦོམ་ཐུང་ཆེར་ཡངས་དམར་སེར་རལ་བའི་ལན་ཚར་དྲག་པོ་ཡི། །ཀླུས་རྒྱན་ཀ་པཱ་ལར་བཀོད་འཇིག་རྟེན་གསུམ་རྨོངས་བདག་ལ་བཞོན་པར་མཛོད། །སྲིད་གསུམ་སྒྲོལ་མཛད་རྒྱ་ནག་རིམ་པའི་སྒྲོལ་མ་ལ་བཏུད་དེ། །བླ་མའི་མན་ངག་ཇི་བཞིན་དེ་ཡི་སྒྲུབ་ཐབས་ཆོ་ག་བརྗོད། །ལིང་ག་གཅིག་པའམ་དུར་ཁྲོད་རྟག་ཏུ་སྟོང་བའི་ཁང་བ་ཡི། །གནས་དིར་སྲིད་གསུམ་ལས་གྲོལ་རིག་མ་རྣལ་འབྱོར་བ་ཡིས་སྒྲུབ། །བྱིས་པའི་རོ་ནི་འཇམ་པོའི་སྟན་ནམ་གཞན་ཡང་འཇམ་བ་ཡིས། །སྟན་ལ་ཡང་དག་འདུག་སྟེ་དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་སྦྱོར་བས་རྡོ་རྗེ་གསུམ་པོ་གནས་གསུམ་དུ། །མཉམ་པར་གཞག་པས་བསམ་བྱས་དེ་ལས་འོད་ཟེར་རབ་འཕྲོས་པས། །སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས་ནི་ཡང་


DTG028_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་གསལ་བྱས་ནས། །སྣ་ཚོགས་སླར་ཡང་བསྡུས་ཏེ་ཀུན་ནས་སྟོང་པ་ཉིད་དུ་བསམ། །དེ་ནས་ཤཱུནྱ་ཏཱ་སོགས་རང་བཞིན་རྒྱལ་བའི་གསང་སྔགས་བརྗོད། །དེ་ནས་ནམ་མཁའ་ཨཱཿཡིག་ལས་བྱུང་ཆུ་སྐྱེས་དམར་པོ་བསམ། །སླར་ཡང་དེ་སྟེང་ཏཱཾ་ཡིག་ལས་ནི་པདྨའི་སྣོད་བསམ་བྱ། །དེ་ཡི་དབུས་སུ་ཧཱུཾ་ཡིག་མཐོན་མཐིང་དང་མཚུངས་བསམ་བྱས་ནས། །ཧཱུཾ་ཡིག་དེ་ལས་བྱུང་བའི་གྲི་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་གྱུར་བདག་ཉིད་སྒྲོལ་མ་དང་མཚུངས་བསམ་བྱ་སྟེ། །གཡོན་བརྐྱང་ཞབས་ཅན་མི་བཟད་མགོ་བོའི་ཕྲེང་བས་རབ་ཏུ་བརྒྱན། །སྦོམ་ཐུང་འཇིགས་མ་གསུས་པ་འཕྱང་ཞིང་ཆུ་སྐྱེས་སྔོན་པོས་མཛེས། །ཞལ་གཅིག་སྤྱན་གསུམ་དྲག་ཏུ་བཞད་པའི་བཟང་མོ་འོད་བཟང་ཅན། །རབ་ཏུ་དགྱེས་པས་རོ་མནན་ཀླུ་བརྒྱད་ཀྱིས་ནི་རྣམ་བརྒྱན་མ། །དམར་ཞིང་ཟླུམ་པའི་སྤྱན་ཅན་སྟག་གི་པགས་པས་སྨད་དཀྲིས་ལ། །ཕྱག་རྒྱ་ལྔ་ཡིས་རབ་བརྒྱན་ལང་ཚོ་གསར་བ་ཕུན་ཚོགས་ལྡན། །བསྐྱོད་པའི་ལྗགས་དང་མཆེ་བ་གཙིགས་པས་འཇིགས་བྱེད་ཕྱག་བཞི་ཡི། །གཡས་པས་རལ་གྲི་གྲི་གུག་གཡོན་ན་ཨུཏྤལ་ཐོད་པ་བསྣམས། །དམར་སེར་གྱེན་བརྫེས་རལ་གཅིག་ཅོད་པན་མི་བསྐྱོད་བརྒྱན། །བསྒོམ་པའི་སྟོབས་ནི་རྫོགས་ལས་རྣལ་འབྱོར་སྙན་དངགས་ཆེན་པོར་འགྱུར། །གལ་ཏེ་རྨོངས་ཤིང་བླུན་པའང་བསྒོམ་པའི་རོ་ལ་འབད་བྱེད་ན། །སྔགས་བཟླས་འབུམ་ཕྲག་གཅིག་གིས་འཇམ་པའི་ཚིག་ཉིད་ཐོབ་པར་འགྱུར། །སྙིང་གར་ཡིག་གསུམ་སྔགས་ཆེན་འདི་བཀོད་ཕཌ་ཡིག་མཐའ་རུའོ། །འོད་ཟེར་ལྔ་དང་ལྡན་པས་མི་ཤེས་བུད་ཤིང་བསྲེག་བྱེད་པ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲང་དེ་ཉིད་བཏུ་བའི་ཆོ་ག་བརྗོད། །དང་པོར་ས་ཡི་ཕ་རོལ་བཞི་པའི་དབྱངས་ཉིད་བྱིན་པས་བརྒྱན། །ར་ཡིག་ལ་ཞོན་འོད་འཕྲོ་ཟླ་བ་ཐིག་ལེར་ཡང་དག་ལྡན། །དེ་ནས་བཞི་པ་སྟེང་དུ་བྱིན་པས་བརྒྱན་པའི་ཏཱཾ་ཡིག་དང༌། །རིང་པོའི་ཨུ་དང་སྦྱོར་བའི་སླར་ཡང་ཧཾ་ཡིག་དང་ལྡན་པ། །དེ་ནས་ཕཌ་ཡིག་བྱིན་པས་ཡོངས་སུ་རྫོགས་པའི་སྔགས་གྲུབ་བོ། །རལ་གྲི་མི་རུས་ཕྲེང་བའི་གནས་


DTG028_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་མཁས་པས་བསམ་བྱ་སྟེ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས་ནི་ཡང་དག་བསྔགས་མཆོག་བཟླས། །བརྟན་པའི་སེམས་ཀྱིས་རང་ཉིད་མཁས་དང་སྙན་དངགས་ཆེན་པོར་བརྟག །རྟག་ཏུ་བསྒོམ་པ་གོམས་ལས་ཐེ་ཚོམ་མེད་པར་འགྱུར་བ་ཉིད། །སྒྲོལ་མའི་སྒྲུབ་ཐབས་བདག་གིས་བྱས་ལས་དགེ་བ་གང་བསགས་པ། །དེ་ཡིས་སྲོག་ཆགས་རྣམས་ནི་རྒྱལ་བའི་བསྟན་ལ་མཁས་གྱུར་ཅིག །འདི་ནི་རྟག་པའི་རྡོ་རྗེའི་ཞབས་ཀིས་མཛད་པ་དག་སྟེ་འདིར། །ནགས་གང་མཆོག་གི་སྐྱེ་བོ་རྣམས་ཀྱིས་བཟོད་པར་མཛད་པའི་རིགས་རལ་པ་གཅིག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། །།ཨོཾ་ཧྲཱིཿ་ཨེ་ཀ་ཛཱ་ཊཱིམ་མོ་ས་ནཱི་ཏཱ་ཡ་སརྦ་སཏྭཱ་ནཱཾ་ཤཱནྟཾ་ཀུ་རུ་པུཥྚིཾ་ཀུ་རུ་རཀྵཾ་ཀུ་རུ་མ་ཧཱ་ཏཀྵ་ཀ་ནཱ་གཱ་དྷི་པ་ཏི་ཡེ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་པ་ར་བི་དྱཱ་ཀཪྵ་ཡཱ་ཀཪྵ་ཏ་ཊ་ཏྲ་ཊ་ཙྪེ་ད་ཙྪེ་ད། ཙྪེ་ད་ཡ་ཙྪེ་ད་ཡ་ཨོཾ་ཨཱཿཧཱུཾ་ཕཌ་སྭཱཧཱ། གཏོར་མའི་སྔགས་སོ།།