རྨི་ལམ་བརྟག་པ།
བི་བྷཱུ་ཏི་ཙནྡྲ།


DTG028_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སྭཱབྣཱ་ཨུ་ཧཱ་ན། བོད་སྐད་དུ། རྨི་ལམ་བརྟག་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྨི་ལམ་སྣ་ཚོགས་ལས་བྱུང་བ། །དེ་ཡི་བརྟག་པ་བཤད་པར་བྱ། །དང་པོའི་ཐུན་ལ་རྨི་ལམ་བྱུང༌། །ལོ་གཅིག་ནང་དུ་འབྲས་བུ་འབྱིན། །ཐུན་གཉིས་ཟླ་བ་བརྒྱད་བར་ལ། །ཐུན་གསུམ་ཟླ་བ་གསུམ་གྱི་བར། །ཐུན་བཞི་ཟླ་བ་ཕྱེད་བར་དུ། །མཐོང་བར་འགྱུར་བ་ཐེ་ཚོམ་མེད། །སྐྱ་རེངས་ཤར་བའི་དུས་ཉིད་ལ། །ཞག་བཅུའི་ནང་དུ་འབྲས་བུ་འབྱིན། །དེ་རྗེས་རབ་ཏུ་བཤད་བྱ་བ། །ཉོན་ཅིག་དགེ་དང་མི་དགེའི་ལས། བཞོན་པ་བ་ལང་དང་ནི་གླང་ཆེན་ཞོན་པ་དང༌། །ཁང་པ་ཟངས་རི་རྩེ་དང་ནི་ནགས་ཀྱི་ལྗོན་ཤིང་དང༌། །གྲུ་ནང་འདུག་སྟེ་པི་ཝང་འཛིན་པར་བྱེད་པ་དང༌། །ཁ་ཟས་ཟ་ཞིང་དུ་བྱེད་རྟག་པར་དངོས་པོ་འཐོབ། །མཚོན་ཆས་རྡེག་དང་སྲོག་ཆགས་ཕྲ་མོས་ལུས་ཁེབས་དང༌། །དེ་བཞིན་ལུས་ཀྱི་ལྗན་ལྗིན་རྣམ་པར་དག་པ་དང༌། །བཤང་བའི་རྗེས་སུ་འཇུག་དང་ལུས་ལས་ཁྲག་འཛག་དང༌། །རྨི་ལམ་རྣམས་ན་བགྲོད་མིན་ལ་ཞུགས་ཤིས་པའོ། །རྒྱལ་པོ་གླང་ཆེན་རྟ་མཆོག་དང༌། །འགྲོན་བུ་གླང་དང་བ་རྣམས་དང༌། །གང་གིས་གཉིད་ཀྱི་མཐའ་མར་


DTG028_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐོང། །དེ་ཡི་ཉེ་དུ་མང་པོར་འགྱུར། །ཤིང་ལྗོན་འོ་མ་འབྲས་བུ་ཅན། །གང་གིས་གཅིག་པུ་དེ་ལ་འཛེགས། །དེ་ལ་འདུག་ནས་གཉིད་སད་ན། །མྱུར་དུ་ནོར་ནི་འཐོབ་པར་འགྱུར། །གང་གིས་ཁང་པ་ཟངས་འདུག་ནས་ཟོས། །དེ་བཞིན་རྒྱ་མཚོ་བརྒལ་བའི་མི། །དམན་པའི་རིགས་སུ་སྐྱེས་ཀྱང་ནི། །དེ་ནི་རྒྱལ་པོར་འགྱུར་བར་འོང༌། །གང་ཞིག་རྫིང་བུའི་དཀྱིལ་དུ་ནི། །པདྨའི་འདབ་མ་ཆེན་པོའི་ནང༌། །ཞོ་དང་འོ་ཐུག་ཟ་བྱེད་པ། །ས་བདག་འཐོབ་པར་ཐེ་ཚོམ་མེད། །མར་མེ་རྒྱལ་མཚན་ཤིང་རྟ་གདུགས། །བུ་མོ་ཤིང་ལོ་འབྲས་བུ་ཟན། །གཉིད་ཀྱི་མཐའ་མར་གང་གིས་མཐོང༌། །བླ་ན་མེད་པའི་དཔལ་ཐོབ་འགྱུར། །མི་དག་གི་ནི་ཤ་རྣམས་ནི། །བཙོས་སམ་མ་བཙོས་གང་ཡང་རུང༌། །རྨི་ལམ་དུ་ནི་གང་གིས་ཟོས། །ཉོན་ཅིག་དེ་ཡི་ཡོན་ཏན་གང༌། །རྐང་པ་ཟོས་ན་ལྔ་བརྒྱ་སྟེ། །ལག་པ་ཟོས་ན་སྟོང་ཕྲག་གཅིག །སྟོང་ཕྲག་བརྒྱའམ་རྒྱལ་སྲིད་ནི། །མགོ་བོ་ཟོས་ན་ཐོབ་པར་འགྱུར། །གང་གི་རྒྱུ་མས་གྲོང་དང་ནི། །ཡང་ན་གྲོང་ཁྱེར་དཀྲིས་པ་ནི། །གྲོང་གཅིག་དཀྲིས་ན་རྒྱལ་ཕྲན་ཐོབ། །གྲོང་ཁྱེར་དཀྲིས་ན་རྒྱལ་པོ་ཐོབ། །ལྷམ་གཉིས་དང་ནི་གདུགས་དང་ནི། །རལ་གྲི་རྣོན་པོ་དྲི་མེད་དག །ཐོབ་ནས་གང་ཞིག་གཉིད་སད་ན། །དེ་ནི་ལམ་དུ་བགྲོད་པར་བཤད། །གང་ཞིག་གྲུ་ལ་ཞོན་ནས་ནི། །ཞིག་པ་ཡིན་ཡང་ཡང་དག་སྒྲོལ། །དེ་ཡི་ལམ་བགྲོད་ཤེས་པར་བྱ། །དེ་ཡང་མྱུར་དུ་ལྡོག་པར་ངེས། །གང་གི་ས་རྣམས་རྣམ་པར་འཆག །རབ་ཏུ་གཡོ་བའི་རྨི་ལམ་ནི། །དེ་ཡི་ནོར་ནི་བརླག་པར་འོང༌། །ཡང་ན་ལུས་ལ་ན་ཚ་འབྱུང༌། །གང་ལ་རྣམ་པར་གནོད་བྱེད་པའི། །རྭ་ཅན་རྣམས་དང་མཆེ་བ་ཅན། །སྤྲེའུ་འམ་ཡང་ན་ཕག་པ་བྱུང༌། །དེ་ལ་རྗེ་བོའི་འཇིགས་པ་འབྱུང༌། །གང་ལ་ཏིལ་མར་མངོན་པར་བྱུག ། འོ་མའམ་ཡང་རྣ་མར་གྱིས་བསྐུས། །དེ་དང་འདྲ་བ་གང་ཡང་རུང༌། །དེ་ནི་ནད་དུ་རྣམ་པར་བཤད། །ཤིང་རྟ་བོང་བུ་རྔ་མོར་ལྡན། །གང་ཞིག་གཅིག་པུས་དེ་ལ་འཛེགས། །དེ་སྟེངས་འདུག་ནས་གཉིད་སད་ན། །མྱུར་དུ་འཆི་བ་ཐོབ་པར་འགྱུར། །བུད་མེད་གོས་དམར་འཛིན་པ་


DTG028_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། །ཕྲེང་བ་བྱུག་པ་དམར་པོ་ཅན། །གང་ལ་འཁྱུད་བྱེད་རྨི་ལམ་བྱུང༌། །དེ་ཡིས་མཚན་མོ་ཕྱི་མ་མེད། །བུད་མེད་གོས་དཀར་གོན་པ་དང༌། །རྗེས་སུ་བྱུག་ཕྲེང་དཀར་པོར་ལྡན། །རྨི་ལམ་དུ་ནི་གང་ལ་འཁྱུད། །དེ་ཡིས་དཔལ་ནི་ཐམས་ཅད་འབྱུང༌། །ནག་པོའི་གོས་ཅན་བུད་མེད་ནི། །ཕྲེང་བ་བྱུག་པ་ནག་པོར་ལྡན། །གང་ལ་འཁྱུད་བྱེད་རྨི་ལམ་བྱུང༌། །དེ་ཡིས་དཔལ་ནི་འཕེལ་བར་འགྱུར། །སེར་པོའི་གོས་ཅན་བུད་མེད་གང༌། །སེར་པོའི་ཕྲེང་དང་བྱུག་པ་ཅན། །རྨི་ལམ་དུ་ནི་གང་ལ་འཁྱུད། །དེ་ཡིས་རྒྱལ་སྲིད་ཐོབ་པར་འགྱུར། །ཉི་མའི་དཀྱིལ་འཁོར་རྨི་ལམ་དུ། །ཡང་ན་ཟླ་བ་གང་གིས་མཐོང༌། །ནད་ཅན་ནད་ལས་གྲོལ་བ་དང༌། །ནད་མེད་ཡིན་ན་དཔལ་ལྡན་འགྱུར། །གང་ཞིག་དཀར་པོའི་སྤྲུལ་གྱིས་ནི། །ལག་པ་གཡས་པ་བཟུང་བ་ན། །གང་ལ་ཡང་དག་བཅུ་ཡི་བར། །དེ་ཡིས་ནོར་ནི་ཐོབ་པར་ངེས། །རྒོད་མ་ཁྱིམ་བྱ་ཀྲ་ཨུཉྩི། །ཐོབ་ནས་གང་གི་གཉིད་སད་ན། །དེ་ཡིས་དེ་དུས་སྙིང་སྡུག་འཐོབ། །ཆུང་མ་ཉེ་དུ་སྨྲ་བ་ཅན། །གང་གིས་བཟུང་ནས་བཅིངས་པ་དང༌། །ཡང་ན་ལག་པ་ཞགས་པས་བཏབ། །དེ་ལས་བུ་ནི་ཐོབ་པར་འགྱུར། །ཡང་ན་གནས་པ་ཆེན་པོར་འགྱུར། །བྲམ་ཟེར་ཕྱུགས་དང་གླང་ཆེན་ལྷ། །གཞན་དག་ནག་པོ་ཤིན་ཏུ་ངན། །ཐོད་པ་རས་བལ་ཐལ་བ་རུས། །གཞན་རྣམས་དཀར་པོ་མངོན་པར་དགའ། །རྟ་བླ་མོ་དང་ལྟོ་འཕྱེ་དང༌། །ཆུ་གནས་སྲོག་ཆགས་བཟུང་བ་ནི། །རྣམ་པར་རྒྱལ་བའམ་དངོས་པོ་འཐོབ། །ཡང་ན་བུ་ཐོབ་རྣམ་པར་བཤད། །གང་ཞིག་ཁྲག་གི་བཏུང་བ་འཐུངས། །ཡང་ན་ཆང་ནི་རབ་ཏུ་འཐུངས། །བྲམ་ཟེ་ཡིན་ན་རིག་པ་ཐོབ། །དེ་ལས་གཞན་ནི་ནོར་ཐོབ་འགྱུར། །གལ་ཏེ་རྨི་ལམ་འོ་མའམ། །བ་ཡི་འོ་མ་བཞོས་ནས་འཐུངས། །དེ་ཡིས་འོ་མའི་བཏུང་བ་ཐོབ། །ཡང་ན་སྦྱིན་སྲེག་བྱེད་པར་འགྱུར། །ཞོ་མཐོང་བས་ནི་བདེ་སྐྱིད་འབྱུང༌། །གྲོང་མཐོང་ནོར་དང་ལྡན་པར་འགྱུར། །ནས་ཀྱི་སྦྱིན་སྲེག་ཤེས་བར་བྱ། །ཡུངས་ཀར་གྱིས་ནི་ཐོབ་པར་འགྱུར། །མེ་ཏོག་ལྡན་ན་མེ་ཏོག་ཤེས། །འབྲས་བུ་ལྡན་ན་བློ་མེད་བློ། །མེ་འབར་དུ་བ་ཅན་


DTG028_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐོང་ན། །མེ་འབར་བ་ནི་འཇིགས་པར་བཤད། །སྟན་དང་མལ་སྟན་བཞོན་པ་དང༌། །ལུས་པོ་ཤིང་རྟ་ཁྱིམ་རྣམས་ནི། །མེ་འབར་འདུག་ཚེ་གཉིད་སད་ན། །དེ་ཡིས་དེ་ཡི་དཔལ་རྣམས་འཕེལ། །རྟགས་ལ་མངོན་པར་མཆོད་མཐོང་ན། །དེ་ཡིས་བསམ་པ་འགྲུབ་པར་འགྱུར། །བྱེ་བྲག་ཏུ་ནི་སྐུ་མཐོང་ན། །དེ་ཡིས་ལུགས་ལས་རྒྱལ་བར་འགྱུར། །ལྷ་རྣམས་བྲམ་ཟེ་ཅན་རྣམས་དང༌། །ཕ་དང་རྟགས་ཅན་བུད་མེད་རྣམས། །རྨི་ལམ་དུ་ནི་མཆོག་གང་སྨྲས། །དེ་ནི་དེ་ལྟར་རྣམ་པར་བཤད། །གང་ལ་ལྷ་ཉིད་གར་བྱེད་དང༌། །གཞོགས་སྟེགས་རྒྱུག་པར་བྱེད་པ་རྣམས། །དེ་རྣམས་ཡུལ་བགྲོད་རྣམ་པར་བཤད། །ཙནྡན་དམར་པོའི་ཤིང་དག་ལ། །མར་གྱིས་བྱུགས་ལ་སྦྱིན་སྲེག་བྱ། །ག་ཡ་ཏྲི་ནི་སྟོང་ཕྲག་བཟླས། །དེ་ཡིས་ཞི་བ་ཐོབ་པར་འགྱུར། །འདི་ནི་ངག་དབང་དགོངས་པ་སྟེ། །གང་གིས་ནང་པར་ཀློག་པ་དེའི། །རྨི་ལམ་ངན་པ་ཟློག་པར་འགྱུར། །རྨི་ལམ་བརྟག་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའོ།།