རྫས་ཀྱི་མཚན་ཉིད་བསྟན་པ།


DTG028_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིང་པཱ་ལ་ཤའམ་ཨུ་དུམྦཱ་ར་ལ་སོགས་པ་འོ་མ་ཅན་གྱི་སྟེང་གི་ཡལ་ག་གསར་པ་སོར་བཅུ་གཉིས་པ་མཉམ་པར་བཅད་པ་སྦོམ་ཕྲ་མཐེའུ་ཆུང་ཙམ་ལ་སྦྲང་རྩི་དང་འོ་མ་དང་མར་ལ་སྤགས་པའི་ཡམ་ཤིང་འདབ་མ་གཉིས་དང་ལྡན་པ། རྩེ་མོ་གཅིག་པ་མིང་མེད་དང༌། མཐེ་བོང་གིས་བཟུང་ལ་བསྣུན་ནོ། །རུལ་པ་དང་ཡོན་པོ་དང་ཕྲ་བ་ལ་སོགས་པ་སྤང་ངོ༌། །ཀུ་ཤ་ཏིལ་མར་ལ་སྤགས་པ་དང༌། འབྲས་སཱ་ལུའི་ཟན་དང༌། འོ་མ་དང༌། ནས་དང༌། ཏིལ་དང༌། ཞོ་དང༌། པྲི་ཡང་ཀུ་དང༌། ཙནྡན་དང༌། དཱུར་བ་དང༌། ཤིང་དྲི་ཞིམ་པོའི་ཁུ་བ་དང༌། མེ་ཏོག་དང༌། འབྲས་ཡོས་དང་འབྲས་བུ་སྐྱུར་པོ་ཅན་གྱི་ལོ་མ་རྩེ་མོ་གཉིས་ཀ་སྦྲང་དང་འོ་མ་ལ་སྦགས་ལ། ཇི་ལྟ་བ་བཞིན་དུ་ཞི་བའི་སྦྱིན་སྲེག་བྱའོ། །འདིར་ཡང་སྔོན་གྱི་ཤིང་རྐེད་ང་ནས་སྐྱེས་པའི་ཡལ་ག་སྦོམ་ཕྲ་ཆང་བར་ཤོང་པ་ཁྲུ་རེ་བ་ཞོ་དང་འོ་མར་སྤགས་པའི་ཡམ་ཤིང་དང༌། འབྲས་ཞོ་དང་མེ་ཏོག་བརྒྱ་པ་


DTG028_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེ་དང་སྤགས་པ་དང༌། བོ་ལིའི་འབྲས་བུ་དང༌། འབྲས་སཱ་ལུ་དང༌། པདྨ་གེ་སར་དང༌། ནཱ་ག་ཀེ་སར་དང༌། ཀརྞི་ཀ་དང༌། འབྲུ་སྣ་ཚོགས་རྣམས་ཀྱིས་རྒྱས་པ་ལའོ། །ཞི་བའི་སྐབས་སུ་བཤད་པའི་ཤིང་ཡོན་ཏན་དང་ལྡན་པ་ལོ་མ་ཅན་སོར་ལྔ་པའམ། པྲི་ཡང་ཀུའམ། ཙམ་པ་ཀའི་གེ་སར་ལ་སོགས་པས་ཡམ་ཤིང་ངོ༌། །མེ་ཏོག་དང་འབྲས་བུ་དམར་ལ་སྐྱུར་བ་རྣམས་ཀྱིས་དབང་ལའོ། །ཤིང་རོ་ཚ་བ་དང༌། ཁ་བ་དང༌། ཚེར་མ་དང་ལྡན་པ་རྣམས་སམ། རོ་བསྲེགས་པའི་ཤིང་གསེས་པ་སོར་བཅུ་པ་རྩ་བའི་ཕྱོགས་ནས་བཟུང་སྟེ། དུག་དང་ཁྲག་དང་ཏིལ་གྱིས་སྤགས་པ་རྩེ་མོ་རྣོ་བ་དང་ལྡན་པ་ཡམ་ཤིང་ངོ༌། །ཡུངས་ཀར་དང༌། ཚ་བའི་མར་དང༌། ཁྲག་དང༌། ཚྭཱ་དང༌། སྐེ་ཚེ་དང༌། ནིམ་པའི་ལོ་མ་དང༌། རོ་བསྲེགས་པའི་ཐལ་བ་དང༌། རྐང་རྗེས་ཀྱིས་དང༌། བོང་བུ་དང༌། རྔ་མོ་ལ་སོགས་པའི་སྤངས་དང༌། ཁྱིའི་ཞག་དང༌། བྱ་རོག་ལ་སོགས་པའི་སྒྲོ་དང༌། སྐྲ་དང༌། དྲི་ཆེན་དང༌། དྲི་ཆུ་དང༌། ཚེར་མ་དང༌། རུས་པའི་ཕྱེ་མ་ལ་སོགས་པ་གང་རྙེད་པ་རྣམས་ལ། དུག་དང་ཁྲག་དང༌། ཚྭཱ་རྣམས་སྤགས་པས་སམ། ཡང་ན་ཐལ་བ་དང་སོལ་བ་དང་ཕུ་བ་མ་ལ་སོགས་པ་རྣམས་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ་དུག་ལ་སོགས་པས་སྤགས་པས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་རིམ་གྱིས་མཚོན་རྣོན་པོས་བཅད་ཅིང་བསྣུན་པ་ནི་གསད་སྤའི་སྦྱིན་སྲེག་གོ །འདི་ནི་རྫས་ཀྱི་མཚན་ཉིད་བསྟན་པའོ། །