དཔལ་མགོན་པོའི་ནང་སྒྲུབ་ཅེས་བྱ་བ།


DTG028_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་བི་ཏ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་མགོན་པོའི་ནང་སྒྲུབ་ཅེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་


DTG028_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཚལ་ལོ། །ནག་པོ་བསྒྲུབ་འདོད་རྣལ་འབྱོར་གྱིས། །ཡིད་དང་མཐུན་པའི་དབེན་གནས་སུ། །རྟེན་དང་མཆོད་པའི་རྫས་བཤམས་ཏེ། །དང་པོ་བྱང་ཆུབ་སེམས་བསྐྱེད་ལ། །མདུན་དུ་སྐད་ཅིག་འདབ་བརྒྱད་སྟེང༌། །དཔལ་ལྡན་ནག་པོ་ཆེན་པོ་ལ། །ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡང༌། །བྱ་རྒོད་མགོ་དང་ཁྱུང་གི་མགོ །ཁྭ་ཡི་གདོང་དང་འུག་པའི་གདོང༌། །དེ་བཞིན་ཕྱོགས་ཀྱི་ལྷ་མོའོ། །ཕག་གི་གདོང་དང་ཁྱི་གདོང་མ། །སྤྱང་ཀི་སྟག་གི་གདོང་ཅན་བཞི། །མཚམས་ཀྱི་ལྷ་ནི་ཤེས་པར་བྱ། །ཀུན་ཀྱང་ནག་མོ་གྲི་ཐོད་ཐོགས། །པདྨ་རོ་དང་ཉི་སྟེང་ན། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །དེ་ལ་བདུན་པོ་རྣམ་དག་གིས། །མཆོད་ལ་གསོལ་བ་བཏབ་བྱས་ལ། །རང་བཞིན་གནས་སུ་གཤེགས་སུ་གསོལ། །རང་ཉིད་ཡི་དམ་གསལ་བའི་མདུན། །སྟོང་པའི་ངང་ལས་པཾ་དང་རཾ། །པདྨ་ཉི་མའི་སྟེང་དུ་ཧཱུཾ། །འཕྲོས་འདུས་གྲི་གུག་ཧཱུཾ་གིས་མཚན། །འོད་འཕྲོས་དོན་བྱས་སླར་འདུས་ནས། །ས་བོན་ཕྱག་མཚན་གྱུར་པ་ལས། །དཔལ་ལྡན་མགོན་པོའི་སྐུར་གྱུར་ཏེ། །ཞལ་གཅིག་སྤྱན་གསུམ་སྨིན་མ་འཁྱོག །ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཕྱག་བཞི་གཡས་གཉིས་གྲི་གུག་དང༌། །རལ་གྲི་འབར་བ་འཛིན་པའོ། །གཡོན་གྱི་ཕྱག་གཉིས་ཐོད་ཁྲག་དང༌། །མདུད་རྩེ་གསུམ་པ་བསྣམས་པའོ། །ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་ཅན། །སྟག་ཤམ་མགོ་ཕྲེང་ངོ་ཤལ་བྱས། །ཕྱག་རྒྱ་ལྔ་དང་ལྡན་པ་ལ། །ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །དེ་ལྟར་དམ་ཚིག་གསལ་བསྐྱེད་ལ། །ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད། །ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བྱ། །སྐུ་གསུང་ཐུགས་གསུམ་བྱིན་གྱིས་བརླབ། །ཨོཾ་བཛྲ་ཀ་ཝཱུ་བ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ། མན་ངག་བཞིན་དུ་བཟླས་པར་བྱ། །སྐྱོན་གཏོར་མ་ཕུལ་བྱས་ལ། །མཆོད་བསྟོད་གསོལ་བཏབ་ཡེ་ཤེས་གཤེགས། །དམ་ཚིག་བསྡུས་ལ་དགེ་བ་བསྔོ། །དགེ་རྩས་བར་ཆད་ཀུན་བསལ་ནས། །བསྟན་པ་དར་ཞིང་རྒྱས་པར་ཤོག །མགོན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་


DTG028_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཙ་མི་ཆེན་པོས་བསྒྱུར་བའོ།།