དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།
མཆོག་སྲེད།


DTG028_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞིས། །སེམས་ཅན་དོན་བྱེད་བརྩོན་འགྲུས་ལྡན། །རྟག་ཏུ་བསྒྲུབ་ལ་དགའ་བ་ཡིས། །སློབ་དཔོན་ལ་སྨོད་བསྟན་ལ་སྡང༌། །དམ་ཚིག་ལ་འཕྱ་མཚམས་མེད་བྱེད། །དེ་རྣམས་བསྒྲལ་བར་བྱ་བ་ཡིན། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །དང་པོར་བདག་ཉིད་ཡི་དམ་ལྷ། །རིམ་པ་ཐམས་ཅད་རྫོགས་བསྒོམས་ལ། །བསྟན་པ་བསྲུང་ཕྱིར་ནག་པོ་མཆོད། །བྲག་སྟེང་དཀྱིལ་འཁོར་གྲུ་གསུམ་གནས། །ཧཱུཾ་སྐྱེས་འབར་བ་ནག་པོ་ཆེ། །གྲི་དང་ཀ་པཱ་ལ་ལག་ན་འཛིན། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་གཙིགས་གཟུགས་ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་འཛག་ཁྲོས་ཙམ་ན། །རང་གི་ཡན་ལག་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ཡང་འཛག་པར་བྱེད། །དཀོན་མཆོག་གསུམ་ཁྲོ་བླ་མ་བརྙས། །མཚམས་མེད་ལ་སོགས་བྱེད་རྣམས་ཀྱི། །དེ་རྣམས་མགོ་ནས་ཏིལ་ཙམ་ཟ། །དེ་ལྟར་གསལ་བར་བྱས་ནས་ནི། །རང་གི་གནས་ནས་སྤྱན་འདྲེན་བྱ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །མྱུར་དུ་འོངས་ནས་དེ་ལ་ཐིམ། །མོན་སྲན་གྲེའུ་དང་འཛམ་བུའི་ཏི། །མེ་ཏོག་བདུག་སྤོས་ཤ་ལྔ་དང༌། །བདུད་རྩི་ལྔ་སྦྱར་གཏོར་མ་སྦྱིན། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནོ་བ་ཧཱ་རི་ཎེ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡཱ་པ་ཀ་རི་ཎཱཾ། ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ད་ནི་མེ་ཀ་ན་མཱ་ར་ཡ་ཧཱུཾ་ཕཊ། ནག་པོ་ཁྱོད་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་པ་བཞིན་དུ་ངས་ཅི་བཅོལ་པའི་ལས་གྱིས་ཤིག །དེ་ལྟར་མ་བྱས་ན་མགོ་ཨརྫ་ཀའི་དོག་པ་ལྟར་འགས་སོ། །དམ་ཆུ་བླུད། ལག་ཏུ་རྡོ་རྗེ་སྦྱིན། དེ་ནས་བསྟོད་པ། ཧཱུཾ་སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་


DTG028_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིད་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །དེ་ནས་བསྐུལ་པ། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷ་གདོན་སྡིགས། །གཡས་པ་གྲི་གུག་གནོད་སེམས་ཅན་ལ་སྡང༌། །གཡོན་པས་ཐོད་པ་གནོད་སེམས་ཁྲག་བཀང་གསོལ། །ཞབས་བརྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིངྒ་འདི་ལ་མྱུར་དུ་ཆུག །འདི་ཡི་ཤ་ཟོ་ཁྲག་ལ་འཐུང༌། །རུས་པ་ཀླད་པ་ནང་གྲོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཕྲོལ་ལ་ཤོག །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །ཞེས་བསྐུལ། གོང་གི་སྔགས་སམ་ཡང་ན། ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་ཧཱུཾ་ཕཊ། སྟོང་རྩ་བརྒྱད་བཟླས། དེ་ནས་སྦྱོར་བ་བཤད་བྱ་བ། །ཚ་བ་གསུམ་ལ་གཟུགས་བརྙན་བྱ། །དུག་དང་སྐེ་ཚེ་ལན་ཚྭཱ་དང༌། །ཚྭཱ་གསུམ་སྨྱོ་བྱེད་སྲིན་ལག་ཁྲག །གྲོ་གར་སྔགས་སྤེལ་སྙིང་གར་གཞུག །གདུག་པའི་ཚེར་མས་ལུས་ལ་དགང༌། །དུར་ཁྲོད་མེ་ལ་གདུངས་བཟླས་ན། །དེ་མ་ཐག་ཏུ་མེད་པར་འགྱུར། །ཡང་ན་རབས་ཆད་ཐོད་པ་རུ། །བཅུག་ལ་དགྲ་ཡི་དུར་བཅུག་ན། །ཐེ་ཚོམ་མེད་པར་གང་བསྒོ་འགྲུབ། །ཀླུ་ཡོད་གནས་སུའང་གང་བསྒོ་འགྲུབ། །ནག་པོའི་འཕན་ནམ་རྒྱལ་མཚན་ལ། །སྔགས་དང་མིང་སྤེལ་བྱས་ནས་ནི། །མཆོད་རྟེན་ལ་བཏགས་གང་བསྒོ་འགྲུབ། །གང་འདོད་ཡུལ་གྱི་ལྷ་རྟེན་ནས། །ནག་པོ་བསྐྱེད་ལ་


DTG028_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏོར་མ་སྦྱིན། །གོང་གསུངས་བཟླས་པ་ཚང་བར་བྱ། །ཡུལ་དུ་སེར་བ་མྱུར་དུ་ཕོབ། །བསྒོ་ན་མྱུར་དུ་འབེབས་པར་བྱེད། །དེ་རུ་གཏོར་མ་གཏེང་དུ་སྦ། །ཡུལ་ལྷའི་སྟེང་དུ་ནག་པོ་བཞག །ནག་པོའི་སྔགས་བཟླས་ཕུར་བུ་ནི། །ཡུལ་ལྷའི་སྙིང་གར་གདབ་པར་བྱ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །ཁྱི་ཡི་ཐོད་པ་ཤ་མེད་ལ། །སྔགས་དང་མིང་སྤེལ་དགྲ་ཁྱིམ་སྦ། །དེ་ཡིས་ཀྱང་ནི་གང་བསྒོ་འགྲུབ། །ཐལ་བའམ་ཡུངས་ཀར་གང་ལ་ཡང༌། །བཟླས་གཏོར་སེར་སོགས་འཆད་པར་བྱེད། །ནག་པོ་སྔགས་ཀྱི་སྦྱོར་བ་ཡི། །ཡོན་ཏན་བརྗོད་པར་མི་ནུས་སོ། །ཞེས་གསུངས་སོ། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།།