བསྙེན་པའི་བྱ་བ།


DTG028_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་བི་དྷིཿ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག།


DTG028_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲུང་མའི་མགོན་པོ་འཁོར་དང་བཅས། །བླ་མའི་མཆོག་ལ་ཕྱག་འཚལ་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དབང་བསྐུར་ཆོ་ག་བྲི་བར་བྱ། །སློབ་དཔོན་དབང་དང་ལྡན་པ་ཡིས། །སློབ་མའི་ནུས་པ་བསྐྱེད་ཕྱིར་རོ། །དེ་ལ་དོན་ནི་གསུམ་ཡིན་ཏེ། །བསྙེན་དང་དངོས་གཞི་རྗེས་ཉིད་དོ། །དེ་ལ་བསྙེན་པ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་སྣོད་དང་ལྡན་པས་མཆོད་པ་དང་གཏོར་མ་དང་ཡོན་དབུལ་བ་རྣམས་རྫོགས་པར་བྱས། སློབ་དཔོན་གྱིས་བདག་ལ་དཔལ་མགོན་པོ་ནག་པོའི་དཀྱིལ་འཁོར་དུ་འཇུག་པའི་མཐུ་དང༌། དངོས་གྲུབ་ཀྱི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་སྩལ་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་ནས། གནས་དབེན་པར་དཀྱིལ་འཁོར་ལ་སོགས་པ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དམ་རྫས་ཚང་བར་བཀོད་ལ། ནག་པོ་ཆེན་པོ་བསྐྱེད་པར་བྱ་བ་ལ་སོགས་པ་བྱས་ཏེ། སྔགས་ཉིས་སྟོང་ངམ་འབུམ་ཕྲག་བརྗོད་པར་བྱའོ། །