དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས།
བསོད་སྙོམས་པ།


DTG028_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་ཀཱ་ལ་སཱ་དྷནཱཾ། བོད་སྐད་དུ། དཔལ་མགོན་པོ་ནག་པོའི་སྒྲུབ་


DTG028_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐོ་རངས་མལ་ནས་ལངས་ནས་གདོང་བཀྲུ་བ་ལ་སོགས་པ་སྔོན་དུ་སོང་བས། ཡིད་དང་མཐུན་པའི་གནས་སུ་སྔགས་པ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཨ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་དེ་ཉིད་སྔོན་པོ་རྣམ་པར་བཀོད་ནས། དེའི་འོད་ཟེར་གྱིས་བདག་ཉིད་ཀུན་དུ་སྣང་བར་བྱས་ཏེ། མདུན་གྱི་བར་སྣང་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་བལྟས་ནས། ཡིད་ཀྱི་རང་བཞིན་གྱིས་མཆོད་པ་རྣམས་ཀྱིས་མཆོད་ལ། བདུད་རྩི་ལྔ་ཡང་དབུལ་བར་བྱའོ།། དེ་ནས་ཕྱག་འཚལ་ནས་དོན་མངོན་དུ་བྱེད་པ་སྔོན་དུ་འགྲོ་བས་འདི་བརྗོད་པར་བྱའོ། །སྡིག་པ་ཐམས་ཅད་འཇིགས་པས་འཆགས་པར་བགྱིད། །འགྲོ་བའི་དགེ་ལ་དགའ་བས་ཡི་རང་ངོ༌། །དཀོན་མཆོག་གསུམ་པོ་ལ་ཡང་སྐྱབས་སུ་མཆི། །རྫོགས་པའི་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ནས་སེམས་ཅན་བདེ་བ་ལ་ཉེ་བར་སྡུད་པའི་རྣམ་པ་ཅན་གྱི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་ལས་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དང༌། ཟག་པ་མེད་པའི་བདེ་བ་རྒྱུན་མི་འཆད་པར་མོས་པའི་རྣམ་པ་ཅན་གྱི་དགའ་བ་དང༌། འཇིག་རྟེན་པའི་ཆོས་བརྒྱད་སྤོང་བའི་རྣམ་པ་ཅན་གྱི་བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ་མཆོད་བྱ་དང༌། མཆོད་པ་རྣམས་དབྱེར་མེད་པར་དམིགས་ནས། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོཉཧཾ་ཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་སོང་བས་དཔེར་ན་རྨི་ལམ་གྱི་ཤེས་པ་ལྟར་རང་གི་སེམས་ཉིད་དེ་དང་དེའི་རྣམ་པས་གཟུང་བ་མེད་པའི་ཕྱིར་དེ་ལ་འཛིན་པའི་ཡིད་ཀྱང་མེད་ཅེས་ཐོག་མཐའ་མེད་པ་ནས་རང་བཞིན་གྱིས་ཡོངས་སུ་དག་པར་ཡིད་ཀྱིས་དམིགས་པས་སྟོང་པ་ཉིད་མངོན་དུ་བྱའོ། །དེའི་རྗེས་ལ་སྔོན་སྨོན་ལམ་རྗེས་སུ་དྲན་པས་སྐད་ཅིག་གིས་བར་སྣང་དུ་ཡི་གེ་བཾ་ལས་བྱུང་བའི་པདྨའི་སྟེང་དུ། ཨ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་གི་དེ་ཉིད་ཁ་དོག་ནག་པོ་ལས་བྱུང་བ། རྗེ་བཙུན་དཔལ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ་སྤྱན་འབར་བ་ཆེན་པོ་གཡས་གཡོན་གྱི་ཕྱག་


DTG028_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་གྲི་གུག་དང་ཀ་པཱ་ལ་འཛིན་པ། མགོ་བོའི་ཕྲེང་བས་དབུ་ལ་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། འཇིགས་པའི་མཆེ་བས་འཇིགས་པར་བྱེད་པ། སྐུ་ལ་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། ཡན་ལག་ཐུང་བ་ཞལ་ནས་ཁྲག་གི་རྒྱུན་འཛག་པར་སྐད་ཅིག་གིས་བསྐྱེད་པར་བྱའོ། །རང་གི་སྙིང་གའི་ཧཱུཾ་དེ་ཉིད་ཀྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བྱས་ལ་སྔགས་བཟླ་བར་བྱའོ། །དེ་ལ་འདི་ནི་སྔགས་ཡིན་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དུག་དང་ཁྲག་དང་སྒོག་སྐྱ་དང་ཉུངས་ཀར་རྣམས་ཀྱིས་བདུག་སྤོས་ནག་པོ་ལ་ཕུལ་ནས། སྲན་མ་ལ་སོགས་པའི་ཆན་དང༌། ཆང་དང༌། མེ་ཏོག་དང༌། བྱུག་པ་དང༌། ཤ་ལྔ་བདུད་རྩི་ལྔ་རྣམས་ཀྱིས་གཏོར་མ་སྔགས་འདིས་ནག་པོ་ཆེན་པོ་ལ་དབུལ་བར་བྱའོ། །ཏདྱ་ཐཱ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ནཱ། ཨ་པཤྩི་མ་ཀཱ་ལོ་ཡ་མི་ཏྟ་རཏྣ་ཏྲ་ཡ། ཨ་བ་ཀ་རི་ཎཾ། ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ལ་ཉེ་བར་སྤྱོད་པ་ནི། ཚ་བ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། ཡན་ལག་ཐམས་ཅད་ཚེར་མས་བཀང་སྟེ། །དུག་དང་ཁྲག་གིས་ཆོ་ག་བཞིན་དུ་མངོན་པར་བྱུགས་ཤིང༌། གང་གི་མིང་ནས་སྨོས་ཏེ། མེ་ལ་གདུང་བ་སྟེ་དེའི་མོད་ལ་མི་སྣང་ཞིང་འཆི་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་རྟག་ཏུ་བླ་མ་ལ་འཁུ་བ་དང༌། དཀོན་མཆོག་གསུམ་འཇིག་པ་དང༌། གང་ཞིག་སེམས་ཅན་དུ་མ་ཉམས་པར་བྱེད་པ་དེ། ནག་པོ་ཆེན་པོས་དེའི་ལུས་ལ་ཤ་བཅད་ནས་ཟ་བར་འགྱུར་ཞིང༌། ཁྲག་ཀྱང་འཐུང་བར་འགྱུར་རོ། །དེ་བཞིན་དུ་མགོ་བོ་ལ་ཞུགས་ནས་ཏིལ་འབྲུ་ཙམ་དུ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཆོ་ག་རྒྱས་པར་ཤེས་པར་བྱའོ། །ཡང་ན་དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང༌། དུར་ཁྲོད་ཀྱི་སོལ་བས་མི་རུས་ཀྱི་སྨྱུ་གུས་གྲི་གུག་གི་ཆང་གཟུངས་ལ་རྩིབས་བརྒྱད་ཀྱི་འཁོར་ལོ་བྲིས་ལ་ཤར་ནས་བརྩམས་ཏེ་རིམ་པ་བཞིན་དུ་སྔགས་འདི་བཟླ་བར་བྱའོ། །ཨ་མུ་ཀཾ་མཱ་ར་ཡ་སྭཱ་ཧཱ་ཞེས་པ་ནས་རྩིབས་གཞན་ལ་ཡང་ལྟེ་བ་ལ་ནི་ཧཱུཾ་གཉིས་སྤེལ་ལོ། །མུ་ཁྱུད་


DTG028_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རེ་ཁཱ་གཉིས་ཀྱི་བར་དུ་ནི་སྔར་གྱི་ཕྲེང་བའི་སྔགས་སོ། །འཁོར་ལོ་འདི་རབ་ཏུ་གནས་པ་སྔོན་དུ་སོང་བས་སྐུད་པ་སྔོན་པོས་དཀྲིས་ཏེ། ཐོད་པ་ཁ་སྦྱར་དུ་བཅུག་སྟེ་ཐལ་བས་བཀང་སྟེ། ཡང་ཐ་གུ་སྔོན་པོས་བཅིངས། དུར་ཁྲོད་དུས་མཐོ་གང་ཙམ་དུ་བརྐོས་པས་སྦ་བར་བྱའོ། །དེའི་སྟེང་དུ་རང་ཉིད་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས། ཁ་ལྷོར་བལྟས་ཏེ་ཁྲོ་བ་དང་བཅས་པས་སྔགས་འདི་བཟླས་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་སྭཱ་ཧཱ། དེ་ལྟར་ཉིན་རེ་བཞིན་བྱས་ན་ཞག་བདུན་ནས་འཆི་བར་འགྱུར་རོ། །གལ་ཏེ་ཤི་བར་མ་གྱུར་ན། འཁོར་ལོ་དེ་ཉིད་དུམ་བུ་དུམ་བུར་བྱས་ཏེ་ཐལ་བ་དེ་དང༌། མིའི་ཤ་དང་ལྷན་ཅིག་ཏུ་ཆང་གིས་བྱུགས། དེ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་སྦྱིན་སྲེག་བྱས་ན། གདོན་མི་ཟ་བར་འཆི་བར་འགྱུར་རོ། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། སློབ་དཔོན་ཆེན་པོ་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མཱ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།།