རྗེས་སུ་གནང་བའི་ཆོ་ག།
ཤྲཱི་བ་ན་རཏྣ།


DTG028_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨ་ནུ་ཛྙཱ་བི་དྷིཿ། བོད་སྐད་དུ། རྗེས་སུ་གནང་བའི་ཆོ་ག །དཔལ་རྣལ་འབྱོར་ནམ་མཁའ་ལ་ཕྱག་འཚལ་ལོ། །གདོད་མའི་མགོན་ལ་རབ་བཏུད་ནས། །ནཱ་རོའི་ཞབས་ལས་རིམ་འོངས་པའི། །དུད་སོལ་མ་ཡིས་རྗེས་སུ་གནང༌། །ད་ནི་བདག་གིས་བཤད་པར་ཡ། །དེ་ཡང་རེ་ཞིག་དང་པོར་བཟའ་བ་དང་བཅའ་བ་དང་འཇིབ་པ་དང་བལྡག་པ་དང༌། བཏུང་བ་ལ་སོགས་པར་ལྡན་པའི་གཏོར་མ་འདུས་བྱས་ལ། འཆད་པར་གྱུར་བའི་ཆོ་གས་བཅོམ་ལྡན་འདས་མདུད་པའི་སོལ་བ་ལ་མཆོད་ཅིང་བསྟོད་པས་ཡང་དག་པར་མཉེས་པར་བྱས་ནས་མངོན་པར་འདོད་པའི་བྱ་བ་སྩོལ་བྱའོ། །དེ་ནས་རྗེས་སུ་གནང་བ་ནོད་པར་འདོད་པའི་སློབ་མ་སྐལ་བ་དང་ལྡན་པ་རྣམས་ཀྱིས་བླ་མ་ལ་མཎྜལ་ཕུལ་ཏེ། མགོ་བོར་མེ་ཏོག་གི་ཕྲེང་བ་དང་བཅས་པས་ཕུས་མོས་ལ་བཙུགས་ཤིང་ཐལ་མོ་སྦྱར་ཏེ། དཀྱིལ་འཁོར་དབང་ཕྱུག་ཕྱི་དང་གསང་བ་གཞན་པ་ལས་བྱུང་བ། །བདག་དང་སྦྱོར་བ་ནམ་མཁའི་དེ་ཉིད་གདན་བཞུགས་རིག་མར་བཅས། །རྣལ་འབྱོར་ནམ་མཁའི་ཞབས་ཀྱི་ཆུ་སྐྱེས་ལ་ནི་གྲུབ་པ་ཡི། །རྗེས་སུ་འགྲོ་བའི་བློ་ནི་རྒྱལ་བའི་ཆེད་དུ་བདག་ཕྱག་འཚལ། །ཞེས་བྱ་བ་འདི་བརྗོད་པའི་མཐར། །ཀྱེ་འཁོར་ལོའི་དབང་ཕྱུག་གི་བདག་པོ་རྣལ་འབྱོར་ནམ་མཁའ། སྡུག་བསྔལ་གྱི་རྒྱ་མཚོར་གྱུར་པའི་སྲིད་པ་རབ་ཏུ་གཞོམ་པ་དང༌། མཆོག་གི་བདེ་བ་ཆེན་པོའི་མྱ་ངན་ལས་འདས་པ་མངོན་དུ་མ་བྱས་པ་དེ་སྲིད་དུ། བར་དུ་གཅོད་པ་ཉེ་བར་ཞི་བའི་ཆེད་དུ། བདག་ལ་བཅོམ་ལྡན་འདས་མ་དུད་པའི་སོལ་བ་མའི་རྗེས་སུ་གནང་བ་དང་བྱིན་གྱིས་བརླབ་པ་སྩལ་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་ཏུ་གཞུག་གོ །དེ་མ་ཐག་པར་དེ་དག་རྣམས། །བླ་མ་སངས་རྒྱས་ལ་ཕྱག་འཚལ། །ཞེས་བྱ་བ་ལ་སོགས་པས་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་


DTG028_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཀོད་ནས། དེ་རྣམས་ཀྱི་མགོ་བོར་ལྷའི་རང་བཞིན་གྱི་གཏོར་མ་ཡང་དག་པར་བཀོད་པ། སྣ་ཚོས་པདྨ་འདབ་མ་བརྒྱད་པ་དང་ཉི་མ་ལ་ཧཱུཾ་གིས་ལས་སྐྱེས་པའི་དུད་པའི་སོལ་བ་དང༌། དུ་བའི་མདོག་ཅན་ཞབས་གཡོན་བརྐྱང་བས་གནས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་པ། གཡས་ཁ་ཊྭཱཾ་གའི་རལ་གྲི་འཕྱར་བ། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པ། སྐྲ་དམར་སེར་གྱེན་དུ་འབར་བ། དར་དམར་པོའི་སྨད་དཀྲིས་ཅན། །ཕྱག་རྒྱ་དྲུག་གིས་ཉེ་བར་བརྒྱན། སྒལ་ཚིགས་ཀྱི་ཕྲེང་བ་འཕྱར་བ། འཇིགས་པའི་གཟུགས་ཅན་མ། མེ་དཔུང་རབ་ཏུ་འབར་བ་ཅན་དུ་བལྟ་བར་བྱའོ། །དེ་ནས་ཨོཾ་དྷུ་མཱངྒཱ་རཱི་ཡེ་སཱུཾ་སྭཱཧཱ། ཞེས་བྱ་བས་ལན་ཉི་ཤུ་གཅིག་ཏུ་བསྡུས་ཏེ། སེམས་ཅན་སྒྲོལ་མཛད་སྦྱོར་བའི་བདག་མོ་ཁྱོད་ལ་འདུད། །སྐལ་མད་སེམས་ཅན་རྒལ་བར་མཛད་མ་ཁྱོད་ལ་འདུད། །ཀུན་བདག་གཅིག་པའི་རང་བཞིན་མ་ལ་བདག་འདུད་དོ། །གཅིག་པུའི་དེ་ཉིད་ངེས་གྱུར་བདག་ཉིད་མ་ལ་འདུད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བླ་མས་གསུམ་དུ་བརྗོད་ཅིང༌། གུ་གུལ་ལ་སོགས་པའི་སྤོས་ཀྱིས་བདུག་པ་དང༌། རྔ་ལ་སོགས་པའི་རོལ་མོའི་སྒྲས་བྱིན་དབབ་པར་བྱའོ། །དེའི་རྗེས་སུ་རྡོ་རྗེ་འཆང་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ཡང་དག་པར་བསྒྲགས་ནས། ཀྱཻ་བཅོམ་ལྡན་འདས་མ་རྣལ་འབྱོར་ནམ་མཁའ་དུད་པའི་སོལ་བ་མ། འདི་དག་རྣམས་ཀྱིས་བཀའ་ལས་མ་འདའ་བར་དམ་བཅའ་བ་རྗེས་སུ་དྲན་པས་དམ་ཚིག་སྲུངས་ཤིག །བསྟན་པ་སྐྱོངས་ཤིག །སློབ་མ་ཆེ་གེའི་དགྲ་དང་བགེགས་ཐམས་ཅད་གཞོམ་པར་མཛོད་ཅིག །ཆེ་གེའི་རྗེས་སུ་འཇུག་པར་གྱིས་ལ་ཇི་ལྟར་མངོན་པར་འདོད་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱོས་ཤིག་ཅེས་བསྒོ་བྲ་བྱའོ། །དེ་ནས་དེས་ཇི་ལྟར་བཀའ་སྩལ་བ་དེ་བཞིན་དུ་བགྱིས་ཏེ། ཁྱེད་རྣམས་ཀྱི་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་པར་བགྱིད་དོ་ཞེས་ཁས་ལེན་པ་ནི། དེ་རྣམས་ཀྱང་མཉན་དུ་གཞུག་གོ །དེ་ནས་གཏོར་མ་སྔར་གྱི་གནས་དེ་ཉིད་དུ་བཞག་ལ། བཅོམ་ལྡན་འདས་མ་ལ་ཡང་དག་པར་མཆོད་ཅིང་མངོན་པར་བསྟོད་དེ། ངེས་པར་དགྱེས་པར་གྱུར་པར་བལྟ་བར་བྱའོ། །


DTG028_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་རྗེས་སུ་འཆད་པར་འགྱུར་བའི་སྒྲུབ་པའི་ཐབས་བརྗོད་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། །དོ་རྗེས་དུད་སོལ་དགྱེས་བྱ་ཞིང༌། །དགེ་འདུན་མཆོད་སྟོན་གྱིས་མགུ་དང༌། །ཕོངས་དང་མགོན་མེད་རྣམས་ཚིམ་བྱ། །འདི་ནི་རྗེས་སུ་གནང་བའི་ཚོ་གའོ། །དངོས་གྲུབ་བརྙེས་པའི་པཎྚི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་མཛད་པའོ།།