དུད་སོལ་མའི་སྒྲུབ་ཐབས།
ནགས་ཀྱི་རིན་ཆེན།


DTG028_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། དྷཱུ་མངྒཱ་རི་སཱ་དྷ་ནཾ། བོད་སྐད་དུ། དུད་སོལ་མའི་སྒྲུབ་ཐབས། དུད་སོལ་མ་ལ་ཕྱག་འཚལ་ལོ། །དང་པོར་གདུག་པའི་བགེགས་ཚོགས་རྣམས། །འཇོམས་མཛད་དུད་སོལ་མར་བཏུད་ནས། །གཞན་ལ་ཕན་ཕྱིར་བདག་གིས་ནི། །འདི་ཡི་སྒྲུབ་ཐབས་བཤད་པར་བྱ། །དེ་ལ་དང་པོར་རེ་ཞིག་སྔགས་པས་རང་གི་ཡིད་དང་རྗེས་སུ་མཐུན་པའི་ཡུལ་དང་གནས་སུ་བདེ་བའི་སྟན་ལ་ཉེ་བར་འདུག་ནས། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་སོང་བས་གང་ཅི་ཡང་རུང་བའི་ལྷའི་ཁྱད་པར་གྱི་རང་གི་ཆོ་ག་ཤེས་པས། འདོད་པའི་ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་ལ་སོགས་པ་རྫོགས་པར་བདག་ཉིད་ཀྱིས་བྱའོ། །མདུན་གྱི་ཕྱོགས་སུ་སྐད་ཅིག་གིས་སྐུ་མདོག་དང་ཕྱག་དང༌། དབྱིབས་ལ་སོགས་པ་སྔོན་དུ་བཤད་པའི་བཅོམ་ལྡན་འདས་མ་དུད་སོལ་མ་བལྟ་བར་བྱ་སྟེ། དེ་ཡང༌། རྣོ་བའི་ངར་ལྡན་རལ་གྲི་གཡས་པའི་ཕྱག་གིས་སྟེང་དུ་འཕྱར། །གཡོན་གྱི་ལག་པར་འགྲོ་ལ་གནོད་བྱེད་རྣམས་ཀྱི་ཁྲག་གི་སྣོད་བཟུང་ཞིང༌། །ཚངས་དབང་ཁྱབ་འཇུག་སོགས་ཀྱི་བསྙེམས་པ་དྲག་པོ་རབ་ཏུ་གཞིལ་བ་མ། །དུད་པའི་སོལ་བ་མ་འདི་ཤིན་ཏུ་བརྟན་པའི་ཡིད་ཀྱིས་རབ་བསྒོམ་བྱ། །བདག་ཉིད་ཀྱི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་རང་གི་སྙིང་གར་བཟླས་བྱའི་སྔགས་ཀྱི་ཡི་གེ་ཤིན་ཏུ་གསལ་བ་རྣམས་ལས་རང་རང་གི་ཁ་དོག་དང་རྗེས་སུ་མཐུན་པའི་སྔགས་ཀྱི་འོད་ཟེར་རྣོ་ཞིང་རྩུབ་པ་དྲག་ཅིང་གདུག་པ་བཟོད་པར་དཀའ་བའི་འོད་ཟེར་གྱི་ཚོགས་འཕྲོས་པ་རྣམས་ཀྱིས་དུད་སོལ་མའི་སྙིང་གི་ཆུ་སྐྱེས་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་དབུས་ཀྱི་ཧཱུཾ་གི་ས་བོན་དུ་བ་ལྟ་བུ་ཤིན་ཏུ་གདུང་བས་གདུངས་ཏེ། ཡང་ནས་ཡང་དུ་བསྐྱོད་ཅིང་བསྐྱོད་པས་རབ་ཏུ་བསྐུལ་བར་བྱའོ། །དེ་ལས་ཀྱང་འདི་ལྟར་བཟོད་པར་


DTG028_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀའ་བའི་འོད་ཟེར་དྲག་པོས་དེའི་སྙིང་གདུངས་ཤིང་གདུངས་པ་མ་བཟོད་པས། སྒྲུབ་པ་པོའི་མངོན་པར་འདོད་པའི་དོན་རིག་ནས། རང་གི་སྙིང་གི་ས་བོན་ལས། དེ་ལྟ་བུའི་འོད་ཟེར་ཆེས་དྲག་པོ་སྤྲོས་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་གནོད་པར་བྱེད་པ་བགེགས་གདུག་པ་ཅན་མ་ལུས་པ་ཐམས་ཅད་ལ་བསྣུན་ཅིང་བསྐྲད་དེ་བཅོམ་ནས། སྒྲུབ་པ་པོ་བགེགས་དང་བྲལ་བ་ཉིད་དུ་ཤེས་པ་ལས་གང་དང་གང་འདོད་པའི་བྱ་བ་དེ་དང་དེ་རྫོགས་པར་བྱ་ཞིང༌། ཇི་ལྟར་བཀའ་སྩོལ་བ་དེ་དང་དེ་ཐམས་ཅད་ཀྱིས་རྗེས་སུ་འཇུག་པ་དང་ཁས་ལེན་ན། ཅི་ཞིག་བགྱི་ཞེས་བཀའ་ནོད་ཅིང་འདུག་པར་མངོན་པར་མོས་ནས་འདི་སྐད་དུ་སྔགས་བཟླ་བར་བྱ་བ་ནི། ཨོཾ་དྷཱུ་མངྒཱ་རཱི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ཇི་ཙམ་ནུས་པར་བཟླས་སོ། །དུབ་པར་གྱུར་པས་ལངས་པར་འདོད་པ་ན། རང་གི་འདོད་པའི་ལྷ་ལ་ཕྱག་བྱས་ནས། མངོན་པར་མཆོད་ཅིང་ཡང་དག་པར་བསྟོད་དེ། དགེ་བ་གང་ཞིག་ཐོབ་པ་དག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང༌། བཟོད་པར་གསོལ་ལ་ཡེ་ཤེས་སེམས་དཔའ་གཤེགས་པར་བྱའོ། །དུད་པའི་སོལ་བ་ནི། ཆོ་ག་ཇི་ལྟ་བར་གཏོར་མ་དང་མཆོད་པ་དང་བདུད་རྩིས་ཚིམ་པར་བྱས་པས། ཡང་དག་པར་མཉེས་པ་ལས། རང་གི་འདོད་པའི་དོན་གསོལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མོས་པར་བྱས་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦདྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཅེས་བྱ་བས་སྤྲོས་པ་མེད་པའི་ངང་དུ་གནས་པར་བྱ་བ་འདི་ནི་དུད་པའི་སོལ་བ་མ་སྒྲུབ་པའི་ཐབས་ཡིན་ནོ། །དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་ཞབས་ཀྱིས་མཛད་པའོ།།