དཔལ་ནག་པོ་ཆེན་པོ་ལ་བསྟོད་པ།
མཆོག་སྲེད།


DTG028_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྟོ་ཏྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱུཾ་སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་


DTG028_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པའི། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཧཱུཾ་ཞལ་གཅིག་པ་ལ་ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །སྤྱན་གསུམ་མེ་ཡི་མདོག་འདྲ་བ། །མཆེ་བ་ཟླ་བ་ཚེས་པ་འདྲ། །ཐོད་པའི་ཕྲེང་བས་དོ་ཤལ་བྱས། །གསུས་ཁྱིམ་ཆེ་ལ་འཕྱང་བ་པོ། །མི་ཐུང་ཁྲོས་པའི་གཟུགས་འདྲ་བ། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་བ་སྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་པ། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་མཆེ་གཙིགས་ལྗགས་འདྲིལ་བས། །བར་གྱི་གདོན་ཚོགས་བསྡིགས་པར་བྱེད། །གཡས་ན་གྲི་གུག་བསྣམས་པ་ནི། །དགྲ་བགེགས་འདུལ་ཞིང་བདུད་མགོ་གཅོད། །གཡོན་པས་ཐོད་པ་བསྣམས་པ་ནི། །གནོད་སེམས་ཅན་གྱི་ཁྲག་བཀང་གསོལ། །ཁྲོས་པའི་ཞབས་གཉིས་བརྡབ་པ་ཡིས། །གནོད་སེམས་ཅན་གྱི་ལུས་ལ་ཉེད། །ཁྱོད་ཀྱིས་ཐུབ་པའི་བསྟན་པ་སྲུངས། །རྣལ་འབྱོར་པ་ཡི་བར་ཆད་སྲུངས། །ཆོས་དང་དཔལ་འབྱོར་རྒྱས་པར་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།།