དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ།
མཆོག་སྲེད།


DTG028_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་དེ་ཝཱི་སྟོ་ཏྲ་ཨཥྚ་ནཱ་མ། བོད་སྐད་དུ། དཔལ་ལྷ་མོ་ནག་མོ་ཆེན་མོལ་བསྟོད་པ་བརྒྱད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏིལ་མར་གྱིས་བསྐུས་ལན་བུ་གཅིག་པ་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང༌། །རྒྱན་དུ་རྐང་སྒྲོགས་ལྕགས་ལས་བྱས་པ་ཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་དེ། །གཅེར་བུ་བོང་བུ་ཞོན་ཞིང་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་ལུས་ངག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་མི་བཟང་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་འགྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་བྱེད་མནན་ཅིང་ནད་ཆེན་འཆི་བའི་འཇིགས་པ་བསལ་ཞིང་མི་བཟད་དྲིལ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མགོ་བོས་ཅོད་པན་གྱིས་ནི་ལེགས་སྦས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་


DTG028_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་གཤིབས་པ་ཡི། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ལ་ཁྲག་གི་ཆང་གིས་མྱོས་པར་འགྱུར། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་འགྲོ་བ་འབྱུང་པོ་ཕལ་ཆེན་རྣམས་ཀྱིས་མཐོང༌། །ཀོ་རློན་ཆེན་པོ་དྲལ་ཏེ་བརྐྱངས་པའི་གོས་ཀྱིས་མན་པས་ཤིང་ཕྱེད་གཡོགས་ཕྱེད་ནི་རེ་ལྡེས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་ལ་སོགས་པའི་ཐིག་ལེས་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་ནི་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ནས། །མ་མོ་རྣམས་ཀྱང་སྐྲག་ཅིང་བརྟབས་ལ་རྔམ་པ་འཐོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང༌། །ཉིན་གཅིག་བཞིན་དུ་བསྟོད་པ་བྱེད་དེ་གཤིན་རྗེ་ཉིད་ཀྱང་རྟག་ཏུ་འདར་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་པ་དག་མཇུག་བརྟུལ་བ་ནི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བ་འགོ་བོའི་གདེངས་ཀ་སྟོང་དང་ལྡན་བ་རྒྱབ་ནས་རྒྱན་དུ་བྱས་ནས་གནས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོས་བསྐོར་བའི་ས་གཞི་མ་ལུས་གནོན། །སྟེང་ན་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་ཁྱོད་ཀྱི་ལྟེ་བའི་ཐད་ཀའི་ཕྱོགས་སུ་གཞག །རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །ཆུ་རྣམས་སྐེམས་པར་ནུས་པ་སྟེ། །བུད་མེད་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་དཀའ་ཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །མི་ནད་གང་ཡིན་ཁྱོད་ཀྱིས་ཤེས། །དེ་ནི་འཇིགས་པ་མེད་པར་མཛོད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ནད་དོ་ཅོག་གི་བདག་མོ་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།།