Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  collapse section
འཆི་བ་བསླུ་བའི་མན་ངག།  ངག་གི་དབང་ཕྱུག་གྲགས་པ།
   
   
   
   
   
  expand section
   
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousའཆི་བ་བསླུ་བའི་མན་ངག། ངག་གི་དབང་ཕྱུག་གྲགས་པ།next

འཆི་བ་བསླུ་བའི་མན་ངག།
ངག་གི་དབང་ཕྱུག་གྲགས་པ།

ལེའུ་དང་པོ། ཕྱིའི་འཆི་རྟགས་བསྟན་པ།


DTG028_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། མྲྀ་ཏྱ་ཐཱ་ཉ་ནོ་པ་དེ་ཤ་།བོད་སྐད་དུ། འཆི་བ་བསླུ་བའི་མན་དག །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།།


DTG028_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང༌། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །རྒ་དང་འཆི་བ་མེད་པ་བརྙེས། །རྒ་ཤི་མེད་པར་མཛད་པ་ལས། །རྒ་ཤི་མེད་པ་ཐོབ་པའི་ཕྱིར། །རྫོགས་སངས་རྒྱས་ལ་གུས་པར་འདུད། །བློ་དམན་རྣམས་ཀྱིས་རྟོགས་དཀའ་ཞིང༌། །གཡོ་བའི་སེམས་ལ་དཀའ་བ་ཡི། །འཆི་བདག་སླུ་བ་འཆི་ལྟས་བཅས། །བསྟན་བཅོས་དང་འབྲེལ་བཤད་པར་བྱ། །འཆི་བདག་རྣམ་ཀུན་སླུ་བ་ནི། །གྲོལ་བ་ཉིད་ལ་རིགས་པ་ཡིན། །མ་གྲོལ་བ་ནི་ཐམས་ཅད་ཀྱི། །ཅུང་ཟད་དུས་སུ་བསྲིང་བ་ཡིན། །ཚེ་དང་དབང་པོ་རྣམས་དང་སེམས། །འགག་པ་འཆི་བའི་མཚན་ཉིད་ཡིན། །ཐབས་ཀྱིས་ཡུན་རིང་འཚོ་བ་ནི། འཆི་བ་བསླུ་བ་ཞེས་བཤད་དོ། །ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་དུ་སྤྱོད། །གང་ཕྱིར་རིགས་པར་ཐབས་སྦྱར་བ། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་འདོད་པ་ཡིན། །འཆི་བའི་མཚན་ཉིད་ལས་རིང་ནས། །ཤེས་པར་བྱས་ནས་རིགས་པས་བཅོས་སྤྱི་བོར་ཐོག་ནི་འབབ་པ་ལ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཕྱི་དང་ནང་གི་དབྱེ་བ་ཡི། །འཆི་བའི་མཚན་ཉིད་རྣམ་པ་གཉིས། །གང་གིས་འཆི་བར་འགྱུར་བ་ནི། །ཤེས་འགྱུར་བརྩོན་པས་དེ་ཤེས་བྱ། །གལ་ཏེ་འགའ་ཞིག་འཆི་བ་ཡི། །མཚན་ཉིད་ཤེས་པར་འདོད་གྱུར་ན། །དེར་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཡིད་གཉིས་འགྱུར། །ཁམས་མི་སྙོམས་དང་འདོད་ཆགས་དང༌། །རབ་རིབ་ལ་སོགས་དབང་གྱུར་དང༌། །འཇིགས་དང་མྱ་ངན་སོགས་པའི་རྒྱུས། །གང་ཕྱིར་གཞན་དུ་སོ་སོར་སྣང༌། །ལྷ་དང་འབྱུང་བ་གཉིས་ཀ་ནི། །


DTG028_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲུགས་པས་འཆི་བའི་མཚན་ཉིད་གསུམ། །འཐོབ་ལས་འཆི་ལྟས་བྱུང་གྱུར་པའི། །དབྱེ་བ་དེ་བས་ཤེས་པར་བྱ། །ཕྱི་དང་ནང་གི་དབྱེ་བ་ཡིས། །ལྷ་འཁྲུགས་པ་ནི་གཉིས་སུ་འདོད། །དེ་བཞིན་འབྱུང་བ་འཁྲུགས་པ་ནི། །རྣམ་པ་གཉིས་སུ་བརྟག་པར་བྱ། །ལྷ་རྣམས་ཀུན་འཁྲུགས་ལས་འཆི་བ། །ལྷ་ལས་གྱུར་པ་ཡིན་པར་བཤད། །ལྷ་འཁྲུགས་པ་ལས་མུ་གེ་སོགས། །ཐོག་བབས་ལ་སོགས་མཚན་ཉིད་ཡིན། །འབྱུང་བ་འཁྲུགས་པས་འཆི་བ་ནི། །འབྱུང་བ་ལས་གྱུར་ཞེས་བྱ་བཤད། །འབྱུང་བ་འཁྲུགས་པས་མཁྲིས་སོགས་དང༌། །མེ་དང་ཆུ་སོགས་འཚེ་བ་ཡིན། །གཉི་ག་འཁྲུགས་པས་འཆི་བ་དང༌། །གཉི་ག་ལས་གྱུར་པ་ཞེས་བཤད། །གཉིས་ཀ་འཁྲུགས་པས་ཐོག་འབབ་སོགས། །མཁྲིས་པ་བད་ཀན་སོགས་གནོད་པའོ། །འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །ཅིག་ཅར་འབྱུང་བར་མི་འདོད་པ། །ཀུན་ལའང་རིམ་གྱིས་མ་ཡིན་གྱིས། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་སོ། །གང་དུ་མཚན་ཉིད་མཐོང་གྱུར་ཀྱང༌། །ལ་ལར་འཆི་བར་མི་འགྱུར་སྣང༌། །འཁྲུལ་མེད་དེར་ནི་ཆོས་ལ་སོགས། །གནོད་པའི་བར་ཆོད་ཡིན་པར་བརྟག །གང་དུ་མཚན་ཉིད་མ་མཐོང་བར། །ལ་ལར་འཆི་བ་སྣང་གྱུར་པ། །དེར་ནི་ངེས་མེད་པར་ངེས་ཀྱི། །མཚན་ཉིད་མེད་པ་ཉིད་མ་ཡིན། །འཆི་བ་ཐག་རིང་ནས་དེས་བྱེད། །གྲགས་པ་ཆེན་པོ་ཉིད་དུ་གྱུར། །ཅི་ནུས་པར་ནི་ཡོངས་གཏོང་དང༌། །གསོ་བའི་ཐབས་ལའང་འཇུག་པར་བྱེད། །རྟག་ཏུ་མཉམ་པར་བཞག་གྱུར་པས། །དེ་ལྟར་རྩེ་གཅིག་ཡིད་དུ་བྱ། །དང་པོ་རེ་ཞིག་ཕྱི་ཡི་ནི། །མཚན་ཉིད་ཉེ་བར་བརྟག་པར་བྱ། །མཚན་ཉིད་ཀྱིས་ནི་ཡོངས་ངེས་པའི། །དུས་ནི་རྣམ་པ་གཉིས་སུ་འདོད། །དེ་ཡང་ངེས་དང་མ་ངེས་པ། །ཞེས་བྱ་འབད་དེ་ཤེས་པར་བྱ། །འཕོ་བ་དང་ནི་བཅོ་ལྔ་སོགས། །ནད་པ་ལ་སོགས་སྐད་ཅིག་བདག །དུས་ནི་ངེས་པ་ཞེས་བཤད་དེ། །གོ་བཟློག་པ་ལས་མ་ངེས་པའོ། །འགྲམ་པའི་མཚམས་ནི་རབ་གཡོན། །འཆེ་བར་རབ་ཏུ་སྟོན་པ་ཡིན། །རླུང་དང་གྲང་སོགས་ཕྲད་པ་ལས། །མཚན་ཉིད་འདི་ལས་གཞན་དུ་བརྟག །དབྱར་ཟླ་འབྲིང་པོ་ཀརྐའི་


DTG028_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱིམ། །དགུན་ཟླ་འབྲིང་པོ་ཆུ་སྲིན་འདོད། །ཀརྐ་ཊ་དང་ཆུ་སྲིན་ལའང༌། །འཆི་བའི་མཚན་ཉིད་འབྱུང་བ་ཡིན། །དབྱར་ཟླ་འབྲིང་པོ་འཕོ་བའི་ཞག །ཉི་མ་ཕྱེད་ལ་རྐང་པའི་ཚད། །བྱང་དུ་བལྟས་ཏེ་གནས་པ་ཡི། །གྲིབ་མ་རང་གི་རང་བཞིན་ཡིན། །དགུན་ཟླ་འབྲང་པོ་འཕོ་བའི་ཞག །དེ་ཉིད་རྐང་ཚད་བདུན་དུ་འགྱུར། །སྤྲིན་མེད་ནམ་མཁར་ཉིན་ཕྱེད་ན། །གྲི་བ་མ་དག་ནི་བརྟག་པར་བྱ། །ཟླ་བ་རེ་རེ་རྐང་རེ་འཕེལ། །ཟླ་བ་རེ་ཞིང་རྐང་རེ་འགྲིབ། །འདི་ལས་གཞན་དུ་འགྱུར་ན་ནི། །འཆི་བའི་དོགས་པ་རབ་ཏུ་བསྐྱེད། །དབྱར་ཟླ་འབྲིང་ནས་ཆུ་སྲིན་པར། །རྐང་པ་རེ་རེ་འཕེལ་བ་ཡིན། །ཆུ་སྲིན་ནས་ནི་ཀརྐའི་བར། །རྐང་པ་རེ་རེ་འགྲིབ་པར་འགྱུར། །དབྱར་ཟླ་འབྲིང་ནས་རིམ་གྱིས་འཕེལ། །དེ་བཞིན་དགུན་ཟླ་འབྲིང་རིམ་འགྲིབ། །གྲིབ་མའི་འགྱུར་བ་མཐོང་ནས་ནི། །ཟླ་བ་གཅིག་ན་འཆི་བར་ངེས། །འགྲིབ་པའི་དུས་སུ་འཕེལ་བ་དང༌། །གལ་ཏེ་འཕེལ་བའི་དུས་སུ་འགྲིབ། །དུས་དེ་ཉིད་ནས་བརྩམས་ནས་ནི། །ཟླ་བ་གཅིག་ན་འཆི་བར་ངེས། །འཕེལ་བའི་དུས་སུ་རབ་འཕེལ་ན། །སྣ་ཚོགས་ནད་ཀྱིས་གཙེས་པར་འགྱུར། །འགྲིབ་པའི་དུས་སུ་འང་རབ་འགྲིབ་ན། །འཆི་བ་ཉིད་དུ་ཐེ་ཚོམ་མེད། །དབྱར་ཟླ་དགུན་ཟླ་འབྲིང་གི་མཐར། །དང་པོ་ཀརྐ་ཊ་དང་ཉའི། །ཉི་མ་དྲུག་དྲུག་གང་ཡིན་འདིར། །དུས་དང་དུས་མིན་ངེས་པར་བརྟག །དབྱར་ཟླ་འབྲིང་སོགས་ཉིན་ཞག་དུས། །དབྱར་ཟླ་ཐ་ཆུངས་སོགས་བཟང་ངན། །དགུན་ཟླ་འབྲིང་པོའི་ཞག་ལྷག་ལའང༌། །དགུན་ཟླ་ཐ་ཆུངས་སོགས་བཟང་ངན། །རྐང་མཐིལ་དག་ཏུ་ཕུག་སྙམ་དང༌། །གང་ཚེ་ལྟེ་བ་ཕུག་སྙམ་གྱུར། །ཉིན་ཞག་གསུམ་གྱི་འོག་ཏུ་ནི། །འཆི་བ་ཉིད་དུ་འགྱུར་བ་ཡིན། །རྐང་པ་དག་ནི་མཐིལ་ཕུག་ནས། །གལ་ཏེ་མིག་ཀྱང་ཕུག་སྙམ་ན། །དེ་ཚེ་ཟླ་བ་གསུམ་གྱི་ནི། །རྗེས་ལ་གཤིན་རྗེའི་ཁྱིམ་དུ་འགྲོ། །གལ་ཏེ་རྐང་མཐིལ་གཉིས་ཕུག་ནས། །སྣ་རྩེའི་བར་དུ་ཕུག་སྙམ་ན། །དེ་ཚེ་ངེས་པར་ཞག་གསུམ་ནས། །གཅིག་ཏུ་འཆི་བར་འགྱུར་བ་ཡིན། །བཤད་དང་གཅི་བའི་དུས་དག་ཏུ། །དུས་མཚུངས་སྦྲིད་པ་བྱུང་


DTG028_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་ན། །དུས་ནི་དེ་ཉིད་ནས་བཟུང་སྟེ། །དེ་ནི་ལོ་གཅིག་དག་ན་འཆི། །ལྟག་ཁུང་དག་ཏུ་ཕུག་སྙམ་ན། །ཞག་ལྔ་ནས་ནི་འཆི་བར་འགྱུར། །མིག་གི་ས་ལྕེ་རྩེ་མ་མཐོང་ན། །ཞག་གསུམ་ན་ནི་འཆི་བར་འགྱུར། །སྣ་རྩེ་རྒྱུན་དུ་འབིགས་སྙམ་ན། །ཟླ་བ་བཞིན་འཆི་བར་འགྱུར། །མཛོད་སྤུའི་གནས་སུ་ཕུག་སྙམ་ན། །ངེས་པར་འཕྲལ་དུ་འཆི་བར་འགྱུར། །གང་ཚེ་གཡས་དང་གཡོན་པར་ནི། །དུས་མཚུངས་པར་ནི་ཟུག་འགྱུར་བ། །དེ་ཚེ་ཟླ་བ་གཅིག་ན་འཆི། །དེ་བས་བསོད་ནམས་དག་ནི་བསག །མཚན་ནི་གཉི་ག་སྦྱོར་བ་ན། །བར་དང་ཐ་མར་སྦྲིད་པ་དང༌། །མཉམ་པར་འབྱུང་འགྱུར་དེ་ཡི་ཚེ། །ཟླ་བ་ལྔ་ན་འཆི་བར་འགྱུར། །ལག་པ་རྐང་པ་ཉིད་དག་གི །མཐེའུ་ཆུང་དག་གི་ཚིགས་རྣམས་ནི། །བཞི་པོ་དུས་གཅིག་ཟུག་སྙམ་པ། །དེ་ནི་ཟླ་བ་གཅིག་ན་འཆི། །གང་ཚེ་སྙིང་ག་ལྐོག་མ་ཡི། །བར་དུ་དུས་མཚུངས་པར་ཟུག་འགྱུར། །གལ་ཏེ་ཆོས་ལ་མི་བརྟེན་ན། །ཟླ་བ་ཕྱེད་དང་གཉིས་ན་འཆི། །གལ་ཏེ་མཐིལ་གསུམ་ཡང་དག་ཡང༌། །དུས་མཚུངས་པར་ནི་ཟུག་འགྱུར་ན། །གལ་ཏེ་བརྒྱ་བྱིན་མཚུངས་པ་ཡང༌། །ཞག་གསུམ་ན་ནི་འཆི་བར་འགྱུར། །གང་གིས་མིག་ནི་གཡོན་པ་ཡི། །གཟུགས་ནི་མེ་ལོང་ལ་མ་མཐོང༌། །གལ་ཏེ་འཆོས་པར་མི་བྱེད་ན། །ཞག་བདུན་ན་ནི་ངེས་པར་འཆི། །འཁྲིག་སྤྱོད་ཚེ་ན་དྲིལ་བུ་ཡི། །སྒྲ་ནི་རྣ་བ་དག་གིས་ཐོས། །གལ་ཏེ་ཚངས་པ་དང་མཉམ་པའང༌། །དེ་ཚེ་ཟླ་བ་གསུམ་གྱིས་འཆི། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་ནག་པོར་མཐོང༌། །དེ་ཚེ་ཟླ་བ་དྲུག་ན་འཆི། །དམར་པོས་ནད་ཀྱིས་འདེབས་པར་སྟོན། །སྣ་རྩེ་དང་ནི་སྨིན་མའི་བར། །སྤྱི་བོའི་རྩེ་མོར་སོ་སོར་ནི། །ཟུག་འགྱུར་གལ་ཏེ་ཟློག་མི་བྱེད། །དེ་ཚེ་འཕྲལ་དུ་འཆི་བར་འགྱུར། །རྐང་པའི་མཐེའུ་ནས་བརྩམས་ནས། །ལྟེ་བ་ཡིན་མཐར་ཐུག་པར། །ཟུག་ཅིང་ཚ་བར་བཅས་འགྱུར་ཏེ། །ཟླ་བ་དྲུག་ན་ངེས་པར་འཆི། །རྐང་པའི་མཐེ་བོ་ནས་སྙིང་ག །ལྐོག་མའམ་ཡང་ན་མགོ་མཐར་ཟུག །རིམ་བཞིན་ཟླ་ཕྱེད་ཟླ་བ་གསུམ། །ཉིན་ཞག་གཅིག་གིས་འཆི་བར་འགྱུར། །སྣ་


DTG028_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩེའི་ཤ་ནི་ལྷོད་གྱུར་ན། །ཞག་བདུན་ན་ནི་འཆི་བར་འགྱུར། །མཁུར་ཚོས་ཤ་ནི་ཆང་གྱུར་ན། །ཟླ་བ་ལྔ་ན་འཆི་བར་འགྱུར། །མིག་དང་སྣ་གོང་དག་གི་བར། །མགུལ་པ་མཐོང་བར་མ་གྱུར་ན། །ཞག་ལྔ་ནས་ནི་འཆི་འགྱུར་བས། །ཆོས་ཀྱི་རྒྱགས་ནི་བསྐུར་བར་བྱ། །མིག་གཉིས་མིག་འབྲས་དྲི་མ་ཆགས། །གལ་ཏེ་འཕྲལ་དུ་འབྱུང་འགྱུར་ན། །སླར་འཆོས་པར་ནི་མི་བྱེད་ན། །ཟླ་བ་དྲུག་གི་ནང་དུ་འཆི། །གློ་བུར་དུ་ནི་སྣ་ཡོ་ཞིང༌། །རྣ་བ་རང་གི་གནས་ནས་བསྐྱོད། །མིག་ཀྱང་ཟླུམ་པོར་གྱུར་ན་ནི། །ཞག་བདུན་ནས་ནི་འཆི་པར་སྟོན། །གློ་བུར་དུ་ནི་སྙིང་ག་དམའ། །དེ་ཆེ་ཟླ་བ་བྱེད་ན་འཆི། །མགྲིན་པའི་ངོས་གཉིས་རྩ་དག་ནི། །ཆད་པ་དག་ཀྱང་ཟླ་ཕྱེད་ནའོ། །གལ་ཏེ་ལྕེ་ཡི་དབུས་སུ་ནི། །རི་མོ་ནག་པོ་གློ་བུར་བྱུང༌། །སོ་དག་དམ་དུ་འཐམས་པ་ནི། །དེ་ཚེ་ཉིན་ཞག་གཉིས་ན་འཆི། །རྣ་བའི་འཁོར་ནང་རྒྱབ་ཀྱི་ནི། །རྩ་ནི་ཆད་པར་སྣང་གྱུར་ན། །ཉིན་ཞག་དེའམ་ཡང་ན་ནི། །ཞག་ལྡན་ནི་འཆི་བར་འགྱུར། །སེན་མོའི་ཁ་དོག་དམར་པོ་དག །འཕྲལ་དུ་མེད་པར་གྱུར་ན་ནི། །གལ་ཏེ་སྔགས་སོགས་ལ་མ་སྦྱངས། །དེ་ཚེ་ཟླ་བ་དྲུག་ན་འཆི། །གློ་བུར་དུ་ནི་སྦོམ་འགྱུར་དང༌། །རྡེག་ཅིང་ཁྲོ་དང་འཇིགས་པས་འཁྲུགས། །གལ་ཏེ་ཆོས་ནི་མ་བསྟེན་གང༌། །དེ་ནི་ལོ་གཅིག་དག་ན་འཆི། །དབང་པོ་རྣམས་ནི་རང་གི་ཡུལ། །ཇི་བཞིན་འཛིན་པར་མི་བྱེད་དང༌། །ཚིག་ནི་ཡང་ཡང་འཁྲུལ་པ་དང༌། །བློ་ཡང་ཡང་དང་ཡང་དུ་འཁྲུལ། །མིག་ལས་རྟག་ཏུ་འཛག་པ་དང༌། །གཟུགས་མཐོང་ན་ཡང་འཁྲུལ་པ་དང༌། །མེ་ལོང་དམ་ནི་ཡང་ན་ཆུར། །རང་གི་གྲིབ་མ་མ་མཐོང་དང༌། །མཚན་མོའི་དུས་སུ་གཞའ་དང་ནི། །ཉིན་པར་སྐར་མའི་ཚོགས་མཐོང་དང༌། །སྤྲིན་མེད་པར་ནི་ལྷོ་ཕྱོགས་ན། གནས་པའི་གློག་འགྱུར་མཐོང་བ་དང༌། །ཉིན་པར་གྲིབ་མའི་ལམ་དང་ནི། །དེ་བཞིན་སྐར་མ་ལྷུང་བ་མཐོང༌། །དང་པ་བྱ་རོག་རྨ་བྱ་ནི། །གཅིག་ནི་འདྲེས་པར་མཐོང་བ་དང༌། །ཟླ་བ་གཉིས་དང་ཉི་མ་གཉིས། །དེ་བཞིན་རང་གི་མགོ་བོར་འབར། །ཤིང་རྩེ་རི་བོའི་རྩ་


DTG028_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ནི། །དྲི་ཟའི་གྲོང་ཁྱེར་མཐོང་བ་དང༌། །ཡི་དགས་ཤ་ཟ་འཇིགས་རུང་བའི། །གཞན་དག་ཀྱང་ནི་མཐོང་འགྱུར་དང༌། །ཤིན་ཏུ་འདར་བར་འགྱུར་བ་དང༌། །ཡང་དང་ཡང་དུ་བརྒྱལ་བ་དང༌། །སྐྱུགས་པ་བཤད་དང་གཅི་བ་ན། །གསེར་རམ་དངུལ་གྱི་མདོག་ཏུ་མཐོང༌། །དེ་ཡིས་རེ་རེ་མཐོང་འགྱུར་ནའང༌། །ཟླ་བ་གཅིག་གིས་འཆི་བར་འགྱུར། །ལྐོག་མ་མཆུ་དང་རྐན་དང་ལྕེ། །ཆོད་དང་བུ་ག་དེ་བཞིན་ལུས། །མཐོང་ན་དེ་བཞིན་ཟླ་དྲུག་གི །ནང་དུ་ངེས་པར་འཆི་བར་འགྱུར། །གྲི་བ་མཆུ་དང་རྐན་དང་ལྕེ། །རྒྱུན་དུ་སོ་སོར་སྐམས་ན་ནི། །དེ་ནི་ཟླ་དྲུག་ནང་དུ་ནི། །ངེས་པར་འཆི་བར་སྟོན་པ་ཡིན། །སྐར་མའི་ཚོགས་དང་དྲང་སྲོང་བདུན། །ཕྱོགས་སུ་མཚན་མོ་མ་མཐོང་ངམ། །ལུས་ནི་གློ་བུར་འབར་འགྱུར་ན། །ཞག་བདུན་ན་ནི་འཆི་བར་འགྱུར། །སྒྲིབ་མེད་དང་ནི་སྣར་མ་དང༌། །བསྟན་དང་དེ་བཞིན་གྲིབ་པའི་ལམ། །མཚན་མོ་གློ་བུར་དུ་བ་མཐོང༌། །ཟླ་བ་དྲུག་ལ་འཆི་བར་འགྱུར། །ཟླ་བ་ར་རི་མེད་པ་དང༌། །ཉི་མ་འོད་དང་བྲལ་བ་དང༌། །མེ་ནི་སྣ་ཚོགས་འོད་བཅས་དང༌། །ཟླ་བ་ཡང་ནི་འོད་ཟེར་བཅས། །མཚན་མོ་ཉི་མ་ཉིན་པར་མཚན། །དེ་བཞིན་རང་མིག་འབར་བ་དང༌། །སྐར་མ་རི་རབ་དག་གི་ཚད། །རྒྱ་མཚོ་ཆུ་བོ་ལྟ་བུ་དང༌། །ལྟེ་བའི་སྐྱིབས་སུ་བཤད་སྒོ་ལ། །སྦྲིད་པ་བཞིན་མདོག་པདྨ་དང༌། །ལྐོག་མར་འབྲུམ་པ་དམར་པོ་དང༌། །ལུས་ལ་ཁ་དོག་སྣ་ཚོགས་དང༌། །སྙིང་གནས་སྨྲེ་མཆི་མར་བཅས། །ཡང་ན་རྐན་ནི་འགུལ་བ་དང༌། །ཟླ་ཟེར་མེ་ལྟར་འཚེར་བ་དང༌། །ཉི་ཟེར་ཁ་བ་ལྟ་བུར་བསིལ། །ཟླ་བ་ཉི་མའི་བུ་ག་དང༌། །ས་དང་གནམ་གྱི་བུ་ག་དང༌། །གང་ཞིག་བདག་ཉིད་ཁོ་ནས་མཐོང༌། །དེ་ནི་ཟླ་ཕྱེད་ནས་འཆི་མཐོང༌། །ཁུ་བ་དང་ནི་བཤང་གཅི་རྣམས། །དུས་ནི་མཚུངས་པར་འབབ་འགྱུར་ན། །ལོ་གཅིག་ནས་འཆི་དེ་ལ་ནི། །སྨན་པའི་ཐབས་ཀྱིས་གསོ་བར་བྱ། །གང་གི་ལུས་ནི་ཕྱེད་དག་ནི། །གྲང་ཞིང་དེ་བཞིན་ཕྱེད་དྲོན། །ཞག་བདུན་ནས་ནི་འཆི་འགྱུར་གྱིས། །འཇིག་རྟེན་པ་རོལ་རྣམ་བསམ་བྱ། །ཧ་ཞེས་བྱ་བ་གྲང་བར་ཚོར། །ཕུ་ནི་མེ་དང་འདྲ་འགྱུར་ན། །གང་


DTG028_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་ཉམས་སུ་མྱོང་བ་དེ། །ཞག་བཅུ་ནས་ནི་གཤིན་རྗེ་མཐོང༌། །སྲིན་ལག་གི་ནི་རྩ་བ་རུ། །རི་མོ་ནག་པོ་མཐོང་འགྱུར་ན། །ཞག་ནི་བཅོ་བརྒྱད་འོག་ཏུ་ནི། །སྔོན་ལས་ངེས་པར་འཆི་བར་འགྱུར། །གང་གི་མགོ་བོར་རྩངས་པ་ནི། །ཁ་དོག་གསུམ་བ་འཛེགས་ནས་སུ། །མྱུར་དུ་འགྲོ་བར་བྱེད་པ་ན། །ཟླ་བ་ལྔ་ལས་ངེས་པར་འཆི། །ལག་པ་གཉིས་ཀྱིས་མཉེས་པ་ཡི། །ལུས་ཀྱི་སྒྲ་ནི་མི་ཐོས་ཤིང༌། །ཡན་ལག་ཐམས་ཅད་གྲང་གྱུར་པ། །ཞག་བཅུ་ན་ནི་འཆི་བར་འགྱུར། །གང་གི་བྱིན་པ་ལག་པ་ནི། །ཅིག་ཅར་བསྐྱོད་ཅིང་འགྲོ་བ་དང༌། །ཚངས་པའི་སྐུད་པ་མེད་གྱུར་ན། །དེ་ནི་ལོ་གཅིག་དག་ནས་འཆི། །འདམ་མམ་ས་རྡུལ་ཕྱོགས་སུ་ནི། །རྐང་པའི་མདུན་ནམ་ཡང་རྒྱབ་ན། །རྐང་རྗེས་དུམ་བུ་མ་ཚང་བ། །ཟླ་བ་བཞི་ནས་འཆི་བར་འགྱུར། །སྐྱེས་བུ་གནག་དང་དམར་སེར་གྱི། །མདོག་ཅན་གློ་བུར་དག་ཏུ་མཐོང༌། །གལ་ཏེ་འཁྲུལ་འགྱུར་མ་ཡིན་ན། །ལོ་གསུམ་འདས་ནས་འཆི་བར་འགྱུར། །སྙིང་ག་རྐང་པ་བཀྲུས་མ་ཐག །སྐམས་ན་ཟླ་བ་གཉིས་ན་འཆི། །མི་སྡུག་པར་སྣང་དྲི་ང་བ། །བྱུང་ན་ཉིན་ཞག་གསུམ་ན་འཆི། །ཉི་མ་ཚ་བར་ཆུ་ཡིས་ནི། །ཁ་ཡི་ནང་ནི་བཀང་ནས་ཀྱང༌། །ཉིན་རེ་ཕུ་ནི་འདེབས་པ་ན། །རིམ་གྱིས་དེ་དབུས་གནས་པ་ཡི། །དབང་པོའི་གཞུ་ནི་སྣ་ཚོགས་མཐོང༌། །སྐྱེས་བུ་རྟག་ཏུ་ཚེ་རིང་ཞིང༌། །ཟླ་དྲུག་ཚེ་ཡོད་དེ་མི་མཐོང༌། །དེ་ལྟར་མཚན་མ་སྣ་ཚོགས་ཉིད། །མདུན་གྱི་ནམ་མཁའི་དབུས་སུ་ནི། །མུ་ཏིག་ཕྲེང་བ་ཆད་པ་འདྲའི། །མུ་ཏིག་རྡོག་མས་བརྒྱན་པ་ནི། །ཉི་མ་གསལ་བའི་ཚེ་ནི་མཐོང༌། །མཐིང་གའི་ནོར་བུ་མདོག་འདྲ་ལ། །སྐྲ་ཤད་འཛེངས་པ་ལྟ་བུ་ནི། །མཐོང་བར་གྱུར་པའི་ཕྱོགས་ནས་ནཾ། །ཕྱོགས་གཞན་དུ་ནི་འགྲོ་བ་ངང། །གླུ་ནི་དུ་མར་གཙེར་བདག །རྟག་ཏུ་མཐོང་བར་འགྱུར་བ་ཡིན། །དེ་མ་མཐོང་ན་ཟླ་དྲུག་གིས། །འཆི་བ་རུ་ནི་ངེས་པར་བསྒྲགས། །སྔ་དྲོའམ་ཡང་ནི་ཕྱི་དྲོའམ། །ཟླ་ཟེར་དག་ལ་ཡུན་རིང་དུ། །དཔུང་པ་བརྒྱངས་པའི་གྲིབ་མ་ལ། །བལྟས་ཏེ་རིམ་གྱིས་


DTG028_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་ལ་བལྟ། །དེར་ཡང་གྲིབ་མ་མི་གཟུགས་ནི། །གྲིབ་མ་སྐྱ་བོ་མཐོང་འགྱུར་ལ། །དེ་མི་མགོ་བོ་མ་མཐོང་ན། །ལོ་གཅིག་གི་ནི་ནང་དུ་འཆི། །ལག་པ་གཡོན་པ་མ་མཐོང་ན། །བུ་དང་ཆུང་མ་བརླག་པར་འགྱུར། །ལག་གཡས་མ་མཐོང་བ་ཡིས་ཀྱང༌། །ཕ་དང་སྤུན་ཟླ་སོགས་ཆེན་འཆི། །ལག་གཉིས་པུས་མོའི་སྟེང་བཞག་པ། །བྱས་ནས་སྤྱི་བོར་ཐལ་སྦྱར་བ། །དེ་གཉིས་དབུས་ན་ཆུ་ཤིང་གེ །འབྲས་བུ་ལྟ་བུའི་གྲིབ་མ་མཐོང༌། །གང་ཚེ་དེ་ལས་འདབ་མ་གཅིག །ཡོངས་སུ་ཁ་བྱེ་སྣང་གྱུར་པ། །ངེས་པར་ཆོས་ནི་དེ་ཉིད་ཀྱི། །ཟླ་བ་དྲུག་ན་འཆི་བར་འགྱུར། །རླུང་ནི་ཉི་མའི་ལམ་འགྲོ་ལས། །རྣ་བ་མགོ་དང་མིག་ལས་ནི། །སྒྲ་དང་དུ་བ་དེ་བཞིན་འོད། །གསུམ་པོ་འདི་དག་བརྟག་པར་བྱ། །རྣ་བ་ཤིན་ཏུ་དམ་པོར་དགབ། །ཟབ་ཅིང་འུར་འུར་སྒྲ་གྲག་པ། །ཉིན་ཞག་ལྔའམ་བཅུའམ་ནི། །བཅོ་ལྔ་ཉིན་ཞག་ཉི་ཤུའམ། །ཉི་ཤུ་རྩ་ལྔ་ཉིད་ཀྱི་ནི། །བར་དུ་ཐོས་པར་མ་གྱུར་ན། །མདའ་དང་རྒྱ་མཚོ་ཡོན་ཏན་མིག །ཟླ་ལོར་གོ་རིམས་བཞིན་དུ་འཆི། །འདི་རྣམས་ཀྱི་ཡང་བར་རྣམས་སུ། །ཉིན་ཞག་བཅུ་དྲུག་དོར་བར་བྱ། །ལོ་ཉིད་ཀྱི་ནི་ཆ་ལྔ་ཡི། །གོ་རིམས་བཞིན་དུ་བསྐྱེད་པས་སོ། སྤྱི་བོའི་སྟེང་ནས་བྱུང་བ་ནི། །དུ་བའི་ཕྲེང་བ་ཞག་བདུན་ནི། །གང་གིས་མཐོང་བར་མ་གྱུར་དེ། །ལོ་གསུམ་ནས་ནི་འཆི་བར་འགྱུར། །རང་མིག་དག་གི་ཕྱོགས་བཞིར་ནི། །སོར་མོས་མནན་ན་བྱི་ལ་ཡི། །མིག་དང་འདྲ་བའི་སྣང་བ་ནི། །ཡུད་ཀྱི་རིམ་པས་མཐོང་བར་འགྱུར། །མ་བཙིར་བར་ཡང་དེ་མཐོང་ན། །ཞག་བརྒྱད་ན་ནི་འཆི་བར་འགྱུར། །འདི་དག་སྤྱིར་ནི་ཤེས་བྱ་སྟེ། །ཁྱད་པར་འདི་ཡང་བརྗོད་པར་བྱ། །ཟླ་བའི་འོག་དང་དེ་ཡི་སྟེང༌། །རྣ་བ་སྣ་དང་ཉེ་བར་ནི། །སྣང་བ་མ་མཐོང་མདོར་བསྡུ་ན། །དྲུག་གསུམ་གཉིས་གཅིག་ཟླ་བས་འཆི། །ཉི་མའང་གལ་ཏེ་ཟླ་བ་ཡི། །རིམ་འགྱུར་དེ་ཚེ་སྔ་མ་བཞིན། །ཕྱོགས་མདའ་ཡོན་ཏན་མིག་གི་ནི། །ཉིན་ཞག་རྣམས་སུ་འཆི་བར་འགྱུར། །རང་གི་རང་བཞིན་འགྱུར་བ་ལས། །ཟླ་བ་དྲུག་མ་འཆི་བར་འགྱུར། །སྣ་ལི་རྩེ་མོ་མ་མཐོང་ན། །ཟླ་བ་ལྔ་


DTG028_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་འཆི་བར་འགྱུར། །རྣ་བ་གཉིས་ནི་འོན་གྱུར་ན། །ཟླ་བ་བཞི་ནི་འདས་ནས་འཆི། །དབང་པོ་དར་གནས་པ་ལས་འགྱེལ། །ཟླ་བ་གསུམ་ན་འཆི་བར་འགྱུར། །སྨིན་མཚམས་བར་དུ་སྣང་བ་མཐོང༌། །ཟླ་བ་གཉིས་ན་གཤིན་རྗེ་མཐོང༌། །འཁྲིག་པའི་འབྲས་བུ་ཟད་འགྱུར་ན། །ཟླ་གཅིག་འདས་ནས་འཆི་བར་འགྱུར། །གཞན་གྱི་མིག་ལ་གཟུགས་བརྙན་ནི། །མ་མཐོང་ཟླ་བ་ཕྱེད་ན་འཆི། །ལྕེ་ནི་བསྐྱོད་པར་མི་ནུས་ན། །ཞག་བཅུ་ནས་ནི་འཆི་བར་འགྱུར། །ལྟོ་བ་ལྡོག་གྱུར་ཞག་ལྔ་ནས། །འཆི་བདག་དང་ནི་ཕྲད་པར་འགྱུར། །རྩིབ་ལོགས་གཉིས་ལས་དྲངས་སྙམ་ན། །ཞག་གསུམ་ནས་ནི་འཆི་བར་འགྱུར། །ལུས་ཀུན་རེངས་པར་གྱུར་ན་ནི། །ཞག་གཅིག་ན་ནི་འཆི་བར་འགྱུར། །དཔྲལ་བར་གནས་པའི་རི་མོ་གསུམ། །མེད་འགྱུར་ཞག་ནི་གསུམ་ནས་འཆི། །བདེ་བར་གནས་པར་ལྕེའུ་ཆུང་ནི། །རེག་པ་མི་ཚོར་སྐམས་པ་ནི། །ཉིན་ཞག་ལྔ་ཡི་བར་འགྱུར་ཏེ། །ཉིན་ཞག་ལྔ་བཅུ་དག་ནི་འཆི། །རོ་སྐྱུར་བ་ལ་སོགས་པ་དང༌། །ཁ་དོག་ལས་ནི་སྔོ་ལ་སོགས། །ཁུ་བ་གཅིག་ནི་འགྱུར་བ་ལས། །ཟླ་བ་དྲུག་ན་འཆི་བར་འགྱུར། །ཅིག་ཅར་རྒྱུན་ནི་ལྔ་པའམ། །གཡོན་ནས་འཁོར་ཞིང་དྲི་ད་བར། །གང་གི་གཅིག་ནི་འབྱུང་འགྱུར་བ། །དེ་ནི་ཟླ་བ་དྲུག་ན་འཆི། །ཟླ་བ་ཡར་ངོ་འམ་མར་ངོ་ལ། །གལ་ཏེ་ཁུ་བ་ནག་པོར་འགྱུར། །འོན་ཏེ་སླར་གསོར་མ་བྱས་ན། །ཟླ་བ་དྲུག་ན་འཆི་བར་འགྱུར། །ནག་པོའི་ཆ་ནི་ཡོངས་སྤངས་ཏེ། དཀར་པོའི་ཆ་ནས་བླངས་ནས་སུ། །སྣ་བུག་གཡོན་ནས་རླུང་རྒྱུའི་ཚེ། །བཅུག་ནས་སླར་གསོར་འགྱུར་བ་ཡིན། །རང་གི་ལུས་ནི་བརྟན་འགྱུར་ཀྱང༌། །གལ་ཏེ་གྲིབ་མ་ཡོན་ནི། །ཟླ་བ་བཞིན་འཆི་འགྱུར་ཞེས། །ལུང་ལ་མཁས་པ་རྣམས་ཀྱིས་བཤད། །གྲིབ་མ་ལྷོ་ཕྱོགས་འགྲོ་བར་ནི། །གལ་ཏེ་བདག་ཉིད་ཀྱིས་མཐོང་ན། །བདག་ཉིད་དེ་ཉིད་འཆིའོ་ཞེས། །དེ་ལྟར་མི་རྟག་པ་ཉིད་མཐོང༌། །དོན་མེད་པ་དང་བསླུ་བ་དང༌། །ལོག་པ་ལ་སོགས་པར་བཤད་པས། །རྨི་ལམ་ཐམས་ཅད་བདེན་མིན་ཡང༌། །དེ་ལ་མ་དང་རིགས་མ་ཡིན། །རྨི་ལམ་དག་ཏུ་ལྷས་བསྟན་དང༌། །


DTG028_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ན་རྨི་ལམ་བདེན་མཐོང་མིས། །རྨི་ལམ་ཡིད་ཆེས་བྱས་ནས་སུ། །འཆི་བའི་མཚན་མ་བལྟ་བར་བྱ། །རྒྱ་སྐྱེགས་ཀོ་བི་ད་ར་དང༌། །ཀ་ར་བཱི་ར་མེ་ཏོག་རྒྱས། །རྨི་ལམ་མཐར་ནི་གང་ཞིག་འཛེག །དེ་ནི་ཟླ་བ་དྲུག་ན་འཆི། །མི་ནི་གང་ཞིག་རྨི་ལམ་མཐར། །ལྷ་གང་གི་ནི་མཆོད་སྡོང་ངམ། །བྱེ་མའམ་ཐལ་ཕུང་ལ་འཛེག་པ། །དེ་ནི་སྔ་མ་བཞིན་དུ་འཆི། །བོང་བུ་ལ་ནི་ཞོན་ནས་སུ། །ལྷོ་ཕྱོགས་སུ་ནི་རབ་སོང་ནས། །སླར་ཡང་ལྡོག་པར་མ་གྱུར་པ། །དེ་ཡི་སྲོག་ཀྱང་དེ་བཞིན་ནོ། །གང་ཡང་སྤྲེའུ་ལ་ཞོན་ནས། །ལྷོ་ཕྱོགས་སུ་ནི་འགྲོ་བྱེད་ཅིང། །དེར་གནས་བཞིན་དུ་སད་ན་ནི། །དེ་ནི་སྔ་མ་བཞིན་དུ་འཆི། །ཤིང་རིངས་མཆོད་རྟེན་སྲོག་ཤིང་ངམ། །གྲོག་མཁར་ཕྱག་དར་ཁྲོད་ཕུང་ལ། །མི་ནི་གང་ཞིག་འཛེག་འགྱུར་བ། །དེ་ནི་ཟླ་དྲུག་ལས་མི་འཚོ། །བུ་མོ་ནག་མོ་རབ་ཁྲོས་ནས། །གང་ཞིག་བཅིངས་པས་འཆི་བ་ནི། །དེ་ནི་དུས་མཚན་ཡིན་ཞེས་བྱ། །ཞག་བདུན་ནས་ནི་འཆི་བྱེད་ཡིན། །བུད་མེད་གང་ཞིག་གོས་གནག་ཅིང༌། །མདོག་གནག་མི་ནི་འདོད་སྤྱོད་ལ། །ཀ་ར་བཱི་རའི་ཕྲེང་བ་རྨིས། །དེ་ནི་གཤིན་རྗེའི་གནས་སུ་འགྲོ། །རྨི་ལམ་དུ་ནི་མུན་པའམ། །གཡང་སའམ་དེ་བཞིན་བཙོན་རར་འཇུག །རྨི་ལམ་དུ་ནི་ཤིང་ལས་ལྷུང༌། །དེ་ནི་འཆི་བདག་གན་ན་གནས། །གཉིད་ལོག་ལུས་དང་མགོ་བོ་ལ། །ལྗོན་ཤིང་རྩྭའམ་ཤིང་དག་ནི། །འབྲས་བུ་མེད་པར་གང་གིས་མཐོང༌། །ཟླ་དྲུག་ལས་ནི་མི་འཚེའོ། །མི་ནི་གང་ཞིག་སྤྲེའུ་ཡི། །བཞོན་པ་ལ་ཞོན་ཤར་ཕྱོགས་འགྲོ། །སད་པར་གྱུར་ན་དེ་ཡི་ནི། །མཚན་མོ་ཐ་མ་ཡིན་ཞེས་བྱ། །ཁྱི་ཁྭ་བྱ་རྒོད་ཅེ་སྦྱང་དང༌། །སྲིན་པོ་ཡི་དགས་ཤ་ཟ་ཡིས། །ཟོས་དང་བོང་བུ་ཕག་རྔ་མོ། །མ་ཧེ་སྤྱོན་ཏེ་ཁྱེར་བ་ནི། །དེ་ནི་ངེས་པར་ལོ་གཅིག་ནས། །འཆི་བ་རུ་ནི་སྟོན་པ་ཡིན། །རྨི་ལམ་མཚན་མ་མཐོང་ན་ནི། །སྒྱུ་མ་ལྟ་བུའི་བློས་ཞི་བྱ། །མི་ནི་ལྕགས་ཀྱི་དབྱིག་པ་ཐོག །གནག་ཅིང་གོས་ནི་ནག་པོ་གྱོན། །གཉིད་ལོག་པ་ཡི་མདུན་ན་མཐོང༌། །ཟླ་བ་གསུམ་ན་འཆི་བར་འགྱུར། །ལུས་ནི་དྲི་དམར་གྱིས་བྱུགས་ཤིང༌། །ཕྲེང་བ་དམར་པོས་རྣམ་པར་བརྒྱན། །


DTG028_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏིལ་མར་གྱིས་བསྐུས་ཤིན་ཏུ་སྐྲག །སྐྲ་བྲེགས་གོས་ནི་དམར་པོ་གྱོན། །བོང་བུ་ཞོན་ཏེ་མགྱོགས་པར་ནི། །ལྷོ་ཡི་ཕྱོགས་སུ་འགྲོ་འགྱུར་བར། །བདག་ཉིད་འདི་འདྲར་རྨི་ལམ་ན། །མཐོང་ན་ཟླ་བ་དྲུག་ལ་འཆི། །དྲི་དང་ཕྲེང་བ་དམར་པོའམ། །ཡང་ན་གོས་ནི་དམར་པོའམ། །གང་གི་རྨི་ལམ་དག་ཏུ་རྙེད། །དེ་ནི་ཟླ་བ་བརྒྱད་ན་འཆི། །ཕྱི་རོལ་གྱི་ནི་འཆི་བ་ཡི། །མཚན་མ་གྲངས་ལས་འདས་པ་ནི། །ལོ་བརྒྱད་ཡང་ནི་ཁ་ཅིག་གིས། །སྨྲ་བར་ཡང་ནི་སུ་ཡིས་ནུས། །འཆི་བར་སྟོན་པར་བྱེད་པ་ཡི། །ཕྱི་ཡི་རྟགས་ནི་ཇི་ལྟར་བཤད། །འདི་དག་ཤེས་བྱས་སྔགས་སོགས་ཀྱིས། །བསླུ་བའི་འབད་པར་མྱུར་དུ་བྱ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་དང་པོའོ།། །།

ལེའུ་གཉིས་པ། ནང་གི་འཆི་རྟགས་བསྟན་པ།


DTG028_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ནང་གི་འཆི་བ་ཡི། །མཚན་ཉིད་གསལ་བར་བརྗོད་པར་བྱ། །དེ་ནི་རླུང་བྱུང་ལས་ཤེས་བྱ། །རླུང་ནི་ཁ་དང་སྣ་སྤྱོད་ཡུལ། །ཇི་སྲིད་ནང་གི་མཚན་ཉིད་ནི། །ལེགས་པར་ངེས་པར་མ་བྱས་པར། །ཕྱི་ཡི་མཚན་ཉིད་ཙམ་གྱིས་ནི། །འཆི་བའི་ངེས་པ་ལེགས་མི་རྙེད། །འཆི་བའི་ངེས་པ་གཉི་ག་ནི། །ངེས་བྱས་ཡོངས་སུ་གསལ་བ་ཡིན། །ཕྱི་རོལ་བློ་ནི་ཕྱིན་ཅི་ལོག །ནད་ལ་སོགས་པའི་དོགས་པ་སྐྱེད། །དགུན་ཟླ་འབྲིང་སོགས་འཕོ་བ་ཡི། །ཟླ་བ་ཉ་སོགས་ཐམས་ཅད་ལ། །འཆི་བའི་མཚན་ཉིད་སྤྱི་ཡི་ནི། །ནང་པར་ཐོག་མར་བརྟག་པར་བྱ། །མི་ནི་རྟོག་བྱེད་ཉིན་ཞག་ནི། །གང་ལ་ངེས་པར་རྟོག་པར་བྱེད། །ཉིན་ཞག་དེ་ནས་བརྩམས་ནས་ནི། །དུས་འདས་པ་ནི་འཆི་བར་འགྱུར། །རང་བཞིན་ཐ་མལ་དང་ལྡན་པའི། །སྲོག་ཆགས་ཀུན་ལ་རྟག་ཏུ་ནི། །སྣ་ཁུང་གཡས་དང་གཡོན་པ་ལ། །སོ་སོར་བརྟེན་པའི་རླུང་རྒྱུ་བ། །ཉི་མ་ཟླ་བ་ཞེས་བྱ་བ། །རླུང་ནི་ཐུན་ཕྱེད་དག་ཏུ་རྒྱུ། །དེ་ལས་བཟློག་པས་འཆི་བ་སོགས། །མཁས་པ་རྣམས་ཀྱིས་བརྟག་པར་བྱ། །ཚེས་གཅིག་ནས་ནི་བརྩམས་ནས་སུ། །ཟླ་བར་གཏོགས་པ་དཀར་པོར་རྒྱུ། །རླུང་ནི་ཉི་མ་གསུམ་ཡིན་ཏེ། །དེ་ནས་ཞག་གསུམ་ཉི་མ་ཡི། །སླར་ཡང་ཟླ་བས་ཉིན་གསུམ་སྟེ། །དེ་ནས་ཉི་མར་ཞག་གསུམ་མོ། །


DTG028_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡར་ངོའི་ཟླ་བ་ཉ་ཡི་བར། །གོ་རིམས་འདིས་ནི་ངེས་པ་ཡིན། །དེ་བཞིན་མར་ངོ་ནས་བརྩམས་ཏེ། །ཉི་མར་རླུང་ནི་རྒྱུ་བ་ཡིན། །ཅིག་ཤོས་ཀྱི་ནི་བཅོ་ལྔའི་བར། །ཉི་མ་གསུམ་གསུམ་སྔ་མ་བཞིན། །གོ་རིམས་འདི་ལས་བཟློག་པར་བལྟ། །ཟླ་བ་ཕྱེད་དང་གཉིས་པར་ངེས། །ཟླ་བ་དྲུག་ནས་འཆི་འགྱུར་བ། །དེ་ཕྱིར་ཆོས་ནི་དྲན་པར་བྱ། །ཟླ་བ་གཅིག་ནི་གོ་བཟློག་པས། །གཉེན་དང་བཤེས་ནི་རྒུད་པར་འགྱུར། །ཟླ་ཕྱེད་ཕྱིན་ཅི་ལོག་གྱུར་པས། །ནད་ནི་མི་བཟད་འབྱུང་བར་འགྱུར། །ཉིན་གཅིག་ཉིན་གསུམ་བཞི་དང་ལྔ། །ཞག་དྲུག་གོ་ནི་བཟློག་པ་རུ། །རླུང་ནི་གལ་ཏེ་རྒྱུ་གྱུར་ན། །དེ་ཚེ་རྩོད་དང་སྐྱེ་སོགས་འབྱུང༌། །རང་བཞིན་ཡོངས་སུ་སྤངས་ན་ནི། །ལམ་གསུམ་རྟོགས་པར་རླུང་རྒྱུ་ན། །སླར་གསོ་བ་ནི་ནུས་པ་མིན། །ཉི་མ་ཕྱེད་ནི་འདས་ནས་འཆི། །རླུང་ནི་འཕོ་བ་མེད་པ་རུ། །ལམ་ནི་གཉིས་པོ་དག་ལས་ཀྱང༌། །ཞག་བཅུའི་བར་དུ་རྒྱུ་གྱུར་ན། །འཕོ་བའི་ཚེ་ན་དེ་འཆི་ཡི། །ཉིན་ཞག་མཉམ་འདྲ་སྐད་ཅིག་འཐོབ། །གང་གི་མིག་ནི་འགུལ་གྱུར་པ། །དེ་ཡི་སྲོག་ནི་ཉིན་ཞག་ནི། །གཅིག་ན་འཇིག་པར་གདོན་མི་ཟ། །ཐུན་ཕྱེད་ཀྱི་ནི་བར་དག་ཏུ། །ཕན་ཚུན་དུ་ནི་ལམ་མང་ཞིང༌། །རླུང་རྒྱུ་དེ་ལས་མཆོད་པ་དག །ཐོབ་པ་ཉིད་དུ་ཤེས་པར་བྱ། །གང་གི་འཕོ་བ་ལྔ་པོ་ནི། །འདས་པར་ཁ་རུ་རྒྱུ་གྱུར་པ། །རླུང་དེ་ལས་ནི་ནོར་བརླག་པའམ། །མི་དགའ་བའམ་འཇིགས་སོགས་འབྱུང༌། །སྣ་ཡི་ཁུང་བུ་གཡོན་པའི་རླུང༌། །འཕོ་བ་ཡང་ནི་བཅུ་གསུམ་ནི། །འདས་པར་གང་གི་རྒྱུ་གྱུར་པ། །དེ་ལ་ནད་སོགས་སྐྱེ་བར་འགྱུར། །སྣ་ཁུང་གཉི་གའི་ཡོངས་སྤངས་ཏེ། །གང་ཚེ་ཁར་ནི་རྒྱུ་གྱུར་ན། །གལ་ཏེ་རྡོ་རྗེ་འདྲ་ནའང་འདི། །ཉིན་ཞག་དེ་ལས་འཚོ་མ་ཡིན། །དགུན་ཟླ་ར་བའི་འཕོ་བ་ཡི། །དུས་ནས་བརྩམས་ཏེ་རླུང་དག་ནི། །ཉི་མར་ཞག་ལྔ་རྒྱུ་གྱུར་ན།། ལོ་ནི་བཅོ་བརྒྱད་ཉིད་ནས་འཆི། །སྟོན་ཟླ་འབྲིང་པོའི་འཕོ་བ་ཡི། །དུས་ནས་བརྩམས་ཏེ་རླུང་དག་ནི། །ཞག་ལྔའི་བར་དུ་རྒྱུ་གྱུར་ན། །ལོ་ནི་བཅོ་ལྔ་ཉིད་ནས་འཆི། །དབྱར་ཟླ་ཐ་ཆུངས་ཡང་དེ་བཞིན། །ལོ་ནི་བཅུ་གཉིས་ཉིད་ནས་འཆི། །དབྱར་ཟླ་ར་བའང་དེ་བཞིན་འགྱུར།།


DTG028_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་དགུ་ཉིད་ནས་འཆི་བར་འགྱུར། །དཔྱིད་ཟླ་འབྲིང་པོའི་འཕོ་བ་ཡི། །དུས་ནས་བརྩམས་ཏེ་གལ་ཏེ་ནི། །ཞག་ལྔའི་བར་དུ་རྒྱུ་གྱུར་ན། །དེ་ཚེ་ལོ་དྲུག་ཉིད་ནས་འཆི། །དགུན་ཟླ་འབྲིང་པོ་འཕོ་བ་ཡི། །རླུང་ནི་ཞག་ལྔ་རྒྱུ་གྱུར་ན། །ལོ་གསུམ་འདས་ནས་འཆི་བར་ནི། །དེ་ལྟར་དུས་ལ་མཁས་པས་བཤད། །ཐམས་ཅད་དུ་ནི་ཞག་གཉིས་གསུམ། །བཞི་ཡི་བར་དུ་རླུང་རྒྱུ་ན། །གོ་རིམས་དག་ནི་ཇི་བཞིན་དུ། །ལོ་ཡི་ཆ་ཡིས་དེ་དེས་བྱ། །ཟླ་བ་རུ་ནི་དེ་བཞིན་དུ། །རླུང་རྒྱུ་ན་ནི་འཆི་མ་རྟོགས། །ནད་དང་མུ་གེའི་དགོན་པ་དང། །མྱ་ངན་བརྒྱལ་སོགས་འཚེ་བ་འབྱུང༌། །སྤྱི་ཡི་དུས་ནི་ལེགས་རྟོགས་པས། །གསལ་བ་འདི་ནི་བསྟན་པ་ཡིན། །ཁྱད་པར་དུ་ནི་བརྟག་པའི་ཕྱིར། །རྒྱུ་བ་གཞན་དག་བསྟན་པར་བྱ། །མཉམ་པོ་མདུན་དུ་ཉི་མ་སོང༌། །གལ་ཏེ་སྐྱེ་བའི་སྐར་ཟླ་བ། །དུས་ནི་རྒྱས་པ་ཞེས་བྱ་སྟེ། །འཆི་བའི་ངེས་པ་བྱེད་པ་ཡིན། །མི་ནི་ཁྱིམ་གང་ལས་སྐྱེས་པས། །དེ་དང་གཞན་ལ་མདུན་གང་ཡིན། །མཉམ་པོ་བདུན་ཞེས་བྱ་བར་བཤད། །དེར་ནི་ཉི་མ་མཉམ་བདུན་རྟོགས། །ཁྱིམ་དེ་ཉིད་དུ་ཟླ་བ་ནི། །སྐྱེ་བའི་སྐར་མར་སོང་འགྱུར་བ། །རྒྱས་པའི་དུས་ཞེས་བྱ་བ་སྟེ། །དེར་ནི་འཆི་བར་བརྟག་པར་བྱ། །རླུང་ནི་ནང་དུ་རྟོགས་པ་དག །ཉི་མའི་ལམ་ནི་ཐམས་ཅད་དུ། །ཅིག་ཤོས་འདིར་ནི་དུས་མིན་པར། །མཁས་པས་དུས་ནི་བརྟག་པར་བྱ། །རླུང་ནི་སྐད་ཅིག་དུས་གང་ལ། །བགྲོད་པ་གཞན་དུ་འཇུག་འགྱུར་ན། །དུས་འདིར་སྐད་ཅིག་རྫོགས་འགྱུར་ན། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །གལ་ཏེ་རླུང་ནི་ཉི་མར་རྟོགས། །རྒྱས་པའི་དུས་སུ་ཉིན་ཕྱེད་རྒྱུ། །དེ་ཚེ་ལོ་ནི་བཅུ་བཞི་ནས། །འཆི་བ་ཉིད་དུ་ཤེས་པར་བྱ། །ཉིན་གཅིག་ཏུ་ནི་ཉིན་མཚན་དང༌། །ཉིན་ཞག་གཉིས་དང་གསུམ་དང་བཞིར། །གལ་ཏེ་རྒྱུ་ན་ཉི་མ་ཕྱོགས། །རི་བོ་ལོ་དྲུག་རིག་བྱེད་འཆི། །ཞག་ལྔ་དེ་བཞིན་ཞག་བཅུ་དང༌། །ཉིན་ཞག་བཅོ་ལྔའི་བར་དུ་ནི། །གལ་ཏེ་རྒྱུ་ན་གོ་རིམས་བཞིན། །ལོ་གསུམ་གཉིས་དང་གཅིག་གིས་འཆི། །དེ་བཞིན་ཉིད་ཤུ་ཉི་ཤུ་ལྔ། །གལ་ཏེ་རླུང་ནི་རྒྱུ་གྱུར་


DTG028_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན། །གོ་རིམས་བཞིན་དུ་ཟླ་དྲུག་དང༌། །ཟླ་བ་གསུམ་གྱིས་འཆི་བར་འགྱུར། །གལ་ཏེ་ཉི་ཤུ་དྲུག་བདུན་བརྒྱད། །ཉིན་ཞག་ཉིད་ཤུ་རྩ་དགུ་རྒྱུ། །ཟླ་བ་གཉིས་གཅིག་ཟླ་ཕྱེད་དང༌། །ཞག་བཅུས་རིམ་གྱིས་འཆི་པར་འགྱུར། །གལ་ཏེ་ཉིན་ཞག་སུམ་ཅུ་དང༌། །སུམ་ཅུ་གཅིག་དང་སུམ་ཅུ་གཉིས། །དེ་ཚེ་གོ་རིམས་ཇི་བཞིན་དུ། །ཉིན་ཞུགས་གསུམ་དང་ཉིད་ནས་འཆི། །ཉིན་ཞག་སུམ་ཅུ་རྩ་གསུམ་དང༌། །གལ་ཏེ་ཉི་མར་རླུང་རྒྱུན། །ཉིན་ཞག་དེ་ཉིད་ལ་འཆི་བར། །ཁྱབ་འཇུག་ཡིན་ཡང་ཐེ་ཚོམ་མེད། །ཉིན་ཞག་ལྔ་ནས་ཉི་ཤུ་ལྔར། །བར་བར་གྱི་ནི་ཉིན་ཞག་ལ། །གྲངས་ནི་བཅུ་དྲུག་མ་བཤད་པར། །དོར་བ་དེ་རྣམས་བརྗོད་པར་བྱ། །ཞག་གསུམ་རྒྱུ་ན་ལོ་གསུམ་ནས། །ཉི་ཤུ་རྩ་བཞིར་དོར་བས་སོ། །ཉིན་བདུན་རྒྱུ་བས་ལོ་གསུམ་ནས། །སྔར་བཤད་ཉིས་འགྱུར་དབྲི་བས་སོ། །གལ་ཏེ་ཞག་བརྒྱད་པར་རྒྱུ་ན། །གཉིས་དང་ཞག་ནི་བཅུ་གཉིས་དབྲི། །ཞག་དགུ་རྒྱུན་ལོ་གསུམ་ལས། །ཉིན་ཞག་དགུ་བཅུ་རྩ་དགུ་དོར། །རླུང་ནི་ཉི་མའི་སྤྱོད་ཡུལ་དུ། །གལ་ཏེ་ཞག་ནི་བཅུ་གཅིག་རྒྱུ། །ལོ་གཉིས་ཉིན་ཞག་ཉི་ཤུ་བཞིས། །མཚང་བ་ན་འཆི་བར་འགྱུར། །ཞག་ནི་བཅུ་གཉིས་ལོ་གཉིས་ལས། །སྔ་མ་ཉིས་འགྱུར་གྱིས་ཆུད་བས། །ཞག་ནི་བཅུ་གསུམ་ལོ་གཉིས་ལས། །ཟླ་གཉིས་ཞག་ནི་བཅུ་གཉིས་དབྲི། །ཞག་ནི་བཅུ་གཉིས་ལོ་གཉིས་ལས། །ཟླ་གསུམ་ཞག་ནི་དྲུག་གིས་འབྲི། །ཉིན་ཞག་བཅུ་དྲུག་རྒྱུན་ནི། །ལོ་གཅིག་ཞག་ནི་བཅུ་གཉིས་དབྲི། །རླུང་ནི་ཉི་མའི་སྤྱོད་ཡུལ་དུ། །ཉིན་ཞག་བཅུ་བཅུན་རྒྱུ་གྱུར་ན། །ལོ་གཅིག་ཞག་ནི་ཉི་ཤུ་བཞིས། །མ་ཚང་བ་ནི་འཆི་བར་འགྱུར། །ཞག་བཅོ་བརྒྱད་ཀྱི་ལོ་གཅིག་ནི། །ཟླ་བ་གཅིག་དྲུག་དོར་བས་སོ། །བཅུ་དགུ་རྒྱུན་ལོ་གཅིག་ལས། །བཞི་བཅུ་རྩ་བརྒྱད་ཕྲི་བས་སོ། །ཉི་ཤུ་གཅིག་ཟླ་དྲུག་ལས་ནི། །ཞག་དྲུག་མ་ཚང་བ་ཡིས་སོ། །ཉི་ཤུ་རྩ་གཉིས་ཟླ་དྲུག་ལས། །ཞག་བཅུ་གཉིས་ནི་དོར་བས་སོ། །ཉིན་ཞག་ཉི་ཤུ་རྩ་གསུམ་རྒྱུ། །བཅོ་བརྒྱད་རྣམ་པར་དོར་བས་སོ། །ཞག་ནི་ཉི་ཤུ་རྩ་བཞི་རྒྱུ། །ཉིན་ཞག་ཉི་ཤུ་རྩ་བཞིས་སོ། །ཉིན་ཞག་སུམ་ཅུ་གསུམ་


DTG028_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན། །འཆི་བའི་མཚན་ཉིད་འབྱུང་བ་ཡིན། །རླུང་འབྱུང་དབང་ལས་ཤེས་བྱ་བ། །དེ་ཡན་ཆད་ནི་ཡོད་མ་ཡིན། །འདིར་བཤད་པ། དང་པོ་ཉི་མ་ཕྱེད་བྱས་ཉི་མ་རངས་པ་ཡང་ནི་ཉིན་མཚན་དག་གི་བར་དུ་རྒྱུ། །དེ་ལས་ཞག་གཉིས་དང་ནི་ཞག་གསུམ་འོན་ཏེ་ཞག་བཞི་ཁྱབ་པའི་བར་དུ་ནི། །ཉི་མ་ལ་ནི་གཡོན་པ་མིན་ལ་རླུང་ནི་རྔུབས་ལ་བརྟེན་ཏེ་གང་ཞིག་རྒྱུ་གྱུར་ན། །དེ་ལས་གནས་དང་ཉི་མ་ཕྱོགས་དང་བཀྲ་ཤིས་དྲུག་དང་བཞི་ནི་འདི་ཤེས་བྱ། །ལྔ་ལས་ཉི་ཤུ་རྩ་ལྔ་ཉིན་ཞག་ལྔ་ལྔས་འཛེགས་པར་འགྱུར་ལས་ཇི་བཞིན་འཕེལ། །དེ་ལས་རེ་རེ་བསྐྱེད་པའི་ཆུ་ནི་སུམ་འགྱུར་བྱས་པ་གསུམ་གྱིས་ལྷག་པ་ཁོ་ནའི་བར། །རྒྱས་པའི་དུས་སུ་དེ་ལ་ལོ་ནི་གསུམ་མིག་ཟླ་བ་དྲུག་གསུམ་ཟུང་དང་ཟླ་བ་རུ། །ལྷག་མ་ཚེས་དང་ཕྱོགས་དང་ཟླ་བ་ཡོན་ཏན་ཟུང་དང་ཟླ་བར་འཚོ་བ་ཡིན། །འཁོར་ལོ་རིམ་གསུམ་བྲིས་ནས་ནི། རེ་མིག་སུམ་ཅུ་རྩ་གསུམ་བཅས། །ཚེ་དང་སྲོག་གི་རླུང་དག་དང༌། །ཉིན་ཞག་མཚན་མ་རིམ་བཞིན་བྲི། །དེ་ལྟར་བདག་གིས་ནང་གའི་འཆི་བའི་མཚན་མ་ནི། །མིང་གཞན་འཆི་ལྟས་ཞེས་བྱ་འདིར་ནི་བཤད་པ་ཡིན། །དེ་རྣམས་ཤེས་པར་བྱས་ལ་མོད་ལ་མྱུར་དུ་ནི། །བསམ་གཏན་སོགས་ཀྱིས་འཆི་བ་བསླུ་ཉིད་འབད་དེ་བྱ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་གཉིས་པའོ།། །།

ལེའུ་གསུམ་པ། ཕྱིའི་འཆི་་བླུ་བ་བསྟན་པ།


DTG028_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་དང་ནང་གི་བདག་ཉིད་ཅན། །འཆི་ལྟས་ཚོགས་ནི་ཤེས་བྱས་ལས། །ཕྱི་དང་ནང་གི་བདག་ཉིད་ལའང༌། །བསླུ་བའི་བསྡུས་བཤེས་པར་བྱ། །ལུས་དང་ངག་གི་ལས་ཀྱི་ཕྱིར། །བསམ་གཏན་ལམ་ཀྱིས་ནང་གི་ཡིན། །ནོར་བུ་སྔགས་སྨན་ཕྱི་ཡི་སྟེ། །རྣལ་འབྱོར་ནུས་པས་ནང་ཡིན་ནོ། །འཆི་བདག་བསླུ་བ་འབད་པ་ནི། །དད་པ་ཡིས་ནི་བྱེད་པར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །དད་དང་བྲལ་བ་ལྷ་ཡིས་ཀྱང༌། །ལུས་ཀྱིས་སྡུག་བསྔལ་སྣ་ཚོགས་དང༌། །ནོར་གྱི་ཕུང་པོ་རྣམས་ཀྱིས་ཀྱང༌། །ཆོས་ནི་ཕྲ་མོ་ཐོབ་མི་འགྱུར། །དད་པ་མཆོག་ཏུ་ཕྲ་བའི་ཆོས། །དཀའ་ཐུབ་སྦྱིན་སྲེག་ཡེ་ཤེས་ལ། །དང་


DTG028_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་མཐོ་རིས་ཐར་པ་ཡིན། །འགྲོ་བ་འདི་ཀུན་དད་པ་ཡིན། །གལ་ཏེ་ནོར་སྲོག་ཐམས་ཅད་ཀྱང༌། །དེ་བཞིན་དད་པ་མེད་ལས་མིན། །དེ་བས་འབྲས་བུ་ཅུང་ཟད་ཀྱང༌། །དད་པ་མེད་ན་ཐོབ་མི་འགྱུར། །འཆི་བདག་བསླུ་བར་འདོད་པ་ཡིས། །དང་པོར་དད་པ་མཆོག་གཞོལ་བྱ། །ཆོས་ཀྱིས་འཆི་ལས་སྐྱོབ་བྱེད་ཅིང༌། །འཆི་བ་བསླུ་བ་ཡིན་པར་བཤད། །ཆོས་མིན་དགའ་ཞིང་བག་མེད་པས། །སྐད་ཅིག་ཀྱང་ནི་གནས་མ་བྱ། །ཆངས་པ་ཡང་ནི་ཆོས་མིན་པར། །འཆི་བདག་བསླུ་བར་དབང་མ་ཡིན། །དམ་པ་རྣམས་ཀྱི་ཆོས་ནི་བདེན། །སྦྱིན་དང་དཀའ་ཐུབ་བཟོད་ལ་དགའ། །གང་ལ་མཆོག་ཏུ་བརྩེ་ཡོད་དེ། །ཆོས་གཞན་མང་པོས་ཅི་ཞིག་བྱ། །གང་ཞིག་རྟག་ཏུ་སེམས་ཅན་ལ། །སྙིང་རྗེས་སྙིང་ནི་འཇག་གྱུར་པ། །ཡེ་ཤེས་ཐར་པ་དེ་ཡིན་གྱི། །ཆོས་གཞན་མང་པོས་ཅི་ཞིག་བྱ། །མི་ཚེ་ཆོས་ཀྱི་མཆོག་ཡིན་པར། །གྲུབ་པའི་མཐའ་ནི་ཀུན་ལས་འདོད། །རྟག་ཏུ་དེ་ཉིད་ལ་བསླབས་ན། །འཆི་བདག་རིམ་གྱིས་ཐག་བསྲིངས་ཡིན། །བྱ་དང་ཉ་དང་རི་དགས་སྦྲུལ། །རྐུན་པོ་གསད་པའི་ཕྱོགས་གཏོགས་རྣམས། སྲོག་སྐྱབས་པ་ཡི་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །རྐུན་མ་ཉ་དང་རི་དགས་སྦྲུལ། །བྱ་སོགས་སྲོག་ནི་འདོད་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་པ་ཡང་ཚེ་ཐུང་འགྱུར། །མི་དགེ་བཅུ་ནི་སྤངས་པ་དང༌། །དེ་བཞིན་གསུམ་ལ་སྐྱབས་འགྲོ་དང༌། །བསླབ་པ་ལ་དང་བརྒྱད་བསྲུངས་ན། །འཆི་བདག་ཐག་ནི་བསྲིངས་པར་འགྱུར། །བཙོན་རར་བཅུག་དང་ནད་ཆེན་གདུངས། །དེ་བཞིན་འཇིགས་པས་ཉེན་པ་རྣམས། །བསྐྱབ་བྱས་ན་ནི་ངེས་པ་རུ། །ཚེ་རིང་འཆི་བདག་སླུ་བྱེད་འགྱུར། །དམན་དང་མགོན་མེད་ངོ་ཚར་བཅས། །ཚུལ་ཁྲིམས་ལྡན་ལ་གུས་པར་ནི། །འདོད་པའི་དོན་ནི་རབ་སྟེར་བས། །ཚེ་ནི་ངེས་པར་འཕེལ་པར་འགྱུར། །ཕ་དང་མ་དང་བླ་མ་རྒན། །ཤེས་པས་རྒན་སོགས་ལ་གུས་ཤིང༌། །མཆོད་དང་བཀུར་སྟི་བྱིན་ནས་ཀྱང༌། །འཆི་བ་དག་ནི་ཉེར་མི་འགྱུར། །རང་གི་འདོད་ལྷ་དེ་ལ་གུས། །དཀའ་ཐུབ་ཅན་ལ་


DTG028_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གུས་པ་ཡིས། །རྟག་ཏུ་ནང་པར་ལྷ་དད་ཕྱག །བྱས་པས་ཚེ་ནི་འཕེལ་བར་འགྱུར། །མཆོད་རྟེན་གས་དང་འཇིག་པ་ལ། །སོ་ཕག་ལ་སོགས་ཀྱིས་བཅོས་ན། །ཚེ་ཐུང་ཚེ་ནི་རིང་འགྱུར་ལ། །དགེ་སློང་བསོད་སྙོམས་པ་དང་མཚུངས། །ལྷ་ཁང་སྐུ་གཟུགས་མཆོད་རྟེན་སོགས། །བྱེད་དང་ཀུན་དགའ་ར་བ་འཛུགས། །མཆོད་རྟེན་ཆེ་བརྒྱད་མཆོད་སོགས་ཀྱིས། །རྟག་ཏུ་ཚེ་ནི་འཕེལ་བར་འགྱུར། །འདུན་པས་སློང་བ་ལ་རྙེད་པ། །རྫས་ཀྱིས་དགེ་འདུན་མཆོད་སྟོན་གསོལ། །ཞག་བདུན་ཚེ་རིང་ཚེ་ཐོབ་འགྱུར། །ཆོས་རྒྱལ་མྱ་ངན་མེད་དང་མཚུངས། །བྱེ་མའི་མཆོད་རྟེན་བྱེད་པ་དང༌། །དེ་བཞིན་ཚ་ཚ་འདེབས་པ་དང༌། །མཆོད་རྟེན་ལ་སོགས་ཕྱག་བྱས་པས། །ཚེ་ནི་ངེས་པར་འཕེལ་བར་འགྱུར། །འདུས་པ་ཆེན་པོའི་མདོ་དང་ནི། །ཨ་ཏ་ན་ཏི་ཡ་ཀའི་མདོ། །ཕྲ་མོར་བཅས་དང་སྤྲིན་ཆེན་དང༌། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་རྣམས། །གུས་པས་དགེ་སློང་འདོན་འཇུག་པའམ། །རང་ཉིད་ཀྱིས་ནི་རབ་བཏོན་ན། །དེ་བཞིན་ཚེ་རིང་འཐོབ་འགྱུར་ཞིང༌། །འཆི་བདག་བསླུ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་སྟོན་བྱེད་དང༌། །སྡོང་པོས་བརྒྱན་སོགས་མདོ་སྡེ་རྣམས། །རྟག་ཏུ་རྩེ་གཅིག་པས་བཀླགས་ན། །འཆི་བདག་བསླུ་བར་འགྱུར་བ་ཡིན། །སངས་རྒྱས་ཀྱིས་གསུངས་རྣལ་འབྱོར་གྱི། །རྒྱུད་སོགས་མ་ལུས་བཀླགས་པའམ། །བསྲུང་བ་ལྔ་ཡི་ཆོ་གས་ཀྱང༌། །འཆི་བདག་བསླུ་བར་འགྱུར་བ་ཡིན། །གཙུག་ཏོར་བཙུགས་པའི་མཆོད་རྟེན་སོགས། །བསྐོར་བ་དག་ནི་བྱས་པ་དང༌། །གཟུངས་ནི་བཟླས་པར་བྱས་པས་ཀྱང༌། །འཆི་བདག་གི་ནི་བརྩོན་པ་འཇོམས། །དེ་ཡི་ཆོ་ག་སྔོན་འགྲོ་བས། །གཟའ་སོགས་མ་མོ་བཀླགས་པ་དང༌། །གཟུངས་སྔགས་སྟོང་དུ་ཟློས་པ་དང༌།། དཀོན་མཆོག་སྒྲོན་མ་བཟླས་པ་དང༌། །གཟུངས་ཀྱི་ཚོགས་ལས་གསུངས་པ་ཡི། །གཟུངས་ཟློས་པ་ལ་བརྩོན་པ་ཡི། །མཁས་པ་རྣམས་ནི་འཆི་བ་དང༌། །ཉི་མའང་རིང་དུ་གནས་པར་བྱེད། །དཀྱིལ་འཁོར་འདྲི་དང་སྦྱིན་སྲེག་དང༌། །ཕྱག་རྒྱ་འཆིང་བར་བྱེད་པ་དང༌། །གཏོར་


DTG028_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་དང་ནི་ཚོགས་འཁོར་ལོ། །རབ་སྦྱིན་འཆི་བདག་སླུ་བ་ཡིན། །ཕྱོགས་བཞིའི་འཕགས་པའི་དགེ་འདུན་ལ། །མཆོད་སྟོན་མལ་ཆ་ཚོགས་སྦྱིན་དང༌། །ཆོས་གོས་ཙམ་ཞིག་འཆང་བ་ལ། །སྦྱིན་པ་འཆི་བདག་སླུ་བྱེད་འགྱུར། །དེ་ལ་སོགས་ཏེ་བྱ་བ་རྩོམ། །ཆོས་དང་བསོད་ནམས་མཚན་ཉིད་འགྱུར། །བསོད་ནམས་ཀྱིས་ནི་ཚེ་འཕེལ་ཞིང༌། །དེ་བཞིན་འཆི་བདག་བསླུ་བ་ཡིན། །དེ་ལྟར་ཆོས་ནི་ཅུང་ཟད་ཅིག །སྟོན་གྱི་དེ་ཡི་རྒྱས་པ་ནི། །རང་ཉིད་ཀྱིས་ནི་རྗེས་དཔག་པའམ། །འཆི་བདག་བསླུ་མཁས་དེ་ལས་བསླབས། །དེ་ལྟར་ཆོས་ལ་བརྩོན་བྱས་ནས། །གྲུབ་པའི་སྔགས་དང་སྨན་སོགས་ནི། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིས། །འཆི་བདག་རྣམ་པར་བསལ་བར་བྱ། །ནོར་བུ་སྔགས་དང་སྨན་གྲུབ་དང༌། །བཅུད་ལེན་སྟོབས་ཀྱིས་རང་ཉིད་ནི། །འཆི་བདག་ཕ་རོལ་གནོན་མཐོང་སྟེ། །རིག་འཛིན་གྲུབ་པ་ཇི་བཞིན་ནོ། །རིན་ཆེན་བརྟག་པའི་བསྟན་བཅོས་གང༌། །རྟོག་ལ་མཁས་པས་རྡོ་རྗེ་འཆང༌། །ཚེ་ཡི་ནོར་བུ་འཆང་བའང་རུང༌། །དེ་བཞིན་སྣ་ཚོགས་ནོར་བུ་འཆང༌། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང༌། །འཆང་བར་བྱེད་པས་འཆི་བདག་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་ལས་ནི། །སོམ་ཉི་བྱེད་པར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །དབེན་པའི་གནས་སུ་རས་རིས་སོགས། །མདུན་དུ་མཆོད་པ་བྱས་ནས་ནི། །སྔགས་རྣམས་བཟླས་པ་ཙམ་གྱིས་ཀྱང༌། །འཆི་བ་བསླུ་བ་འབྱུང་བར་འགྱུར། །དང་པོར་ཡི་གེ་ཨཱ་བརྗོད་ལ། །དེ་ནས་རོ་ལྀཀ་ཅེས་གསལ་བ། །རིག་འཛིན་སྡེ་སྣོད་ལས་གསུངས་ཏེ། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་འདིས་འཇིག་རྟེན་དབང་ཕྱུག་ལ། །དད་པས་དེ་མདུན་ངེས་པར་ནི། །ཡི་གེའི་གྲངས་ཀྱིས་འབུམ་བཟླས་ན། །འཆི་བ་བསླུ་བ་ཐོབ་པར་འགྱུར། །དང་པོ་རྣམ་པར་སྣང་མཛད་བརྗོད། །དེ་འོག་ཏཱ་རེ་ལན་གསུམ་བརྗོད། །ཏུཏྟཱ་རེ་གཉིས་ཏུ་རེ་གཉིས། །སྭཱཧཱ་མཐའ་ཅན་འཆི་བ་བསླུ། །སྒྲོལ་མ་འབྱུང་


DTG028_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་རྒྱུད་ལས་གསུངས། །སྔགས་ནི་ཡི་གེའི་འབུམ་པ་རུ། །སྒྲོལ་མའི་སྤྱན་སྔར་བཟླས་ནས་ནི། །ཞོ་དང་སྦྲང་རྩི་ལས་སྔར་བཏགས། །དཱུར་བའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐའ་ལས་བྱུང་བའི། །འཆི་བ་ངེས་པར་ཟློག་པར་བྱེད། །སློབ་དཔོན་ལ་ནི་ཡོན་ཕུལ་ནས། །ཨོཾ་ཡིག་དེ་ལས་རུ་རུ་སྟེ། །དེ་ནས་སྤུ་རུའི་ཚིག་གི་རྗེས། །ཛྭ་ལ་ཏིཥྛ་སིདྡྷ་དང༌། །ལོ་ཙ་ན་ཞེས་བྱ་ཚིག་གསུམ། །སརྦཱ་རྠ་སཱ་དྷ་ནི། སྭཱ་ཧཱའི་སྔགས་ཨ་ཤོ་ཀ་འདབ་མར། །གཙང་མར་ཙནྡན་ཆུ་ཡིས་ནི། །འབུམ་མམ་བྱེ་བར་བྲིས་ནས་ཀྱང༌། །དག་ཅིང་དད་པའི་ཆོ་ག་ཡིས། །ཆུ་མེད་འོ་མས་བཀྲུ་བའམ། །འདུར་བ་ལ་སོགས་སྦྱིན་སྲེག་བྱས། །འཆི་བསླུ་བ་མ་ལུས་པ། །ངེས་པ་ཁོ་ནར་བྱེད་པ་ཡིན། །ནད་ཀྱི་ཚིགས་ནི་མ་ལུས་པ། །ཞི་བར་བྱེད་པའང་འབྱུང་བར་འགྱུར། །དཀྱིལ་འཁོར་ཆེན་པོའི་ཆོ་ག་བཤད། །འཕགས་པ་ཡི་གེ་བརྒྱ་ཞེས་བྱ། །སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ། །མཐུ་ནི་རྣམ་པ་དུ་མ་མཐོང༌། །བཟང་སྤྱོད་ཡི་དམ་བཅས་པ་ཡི། །ཆོ་ག་ཡིས་ནི་འབུམ་བཟླས་ན། །ཐར་པའང་ངེས་པར་སྐྱེད་བྱེད་ན། །འཆི་བ་བསླུ་བ་སྨོས་ཅི་དགོས།། །།ན་མཿ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། །དེ་ནས་ཏ་ཐཱ་ག་ཏཱ་ནཱཾ། །སརྦ་ཏྲཱ་པྲ་ཏི་ཧ་ཏ། །བ་བ་ཏ་དྷརྨ་ཏའི་ཚིག །བ་ལི་ནཱཾ་ཞེས་ཚིག་གི་མཐར། །དེ་ནས་ཨ་ས་མ་སམ། །མནྟ་ཏོ་ཨནནྡ། །ཏ་བ་བཱ་ཏི་འོག་ཤེས་ནི། །ཧ་ར་ཧ་ར་སྨ་ར་སྨ་ར། །ཎ་ར་བི་ག་ཏ་རཱ་ག །དེ་ནས་བུདྡྷ་དྷརྨ་ཏེ། །ས་ར་གཉིས་མ་མ་བ་ལ། །ཧ་ས་གཉིས་དང་ཏྲ་ཡ་གཉིས། །ག་ག་ན་མ་ཧཱ་བ་ར། །ལ་ཀྵ་ཎེ་དེ་བཞིན་ཛྭ་ལ། །ཛ་ལ་ན་སཱ་ག་རེའི་མཐར། །སྭཱ་ཧཱའི་ཚིག་ནི་སྦྱར་བྱ་བ། །གསང་སྔགས་ཡིག་བརྒྱར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་རབ་ཏུ་བཤད། །འཕགས་པ་སོ་སོར་འབྲང་མའི་སྔགས། །འབུམ་ཕྲག་གཅིག་ནི་ལེགས་བཟླས་ལ། །དཱུར་བའི་སྦྱིན་སྲེག་བཅུ་ཆས་ནི། །འཆི་བདག་ངེས་པར་བསླུ་བ་ཡིན། །ཨོཾ་སྨྲས་བི་མ་ལེ་ཛ་ཡ། །བ་རེ་ཨ་མྲྀ་ཏེ་ཧཱུཾ་ཧཱུཾ། །ཕཊ་གཉིས་དེ་ནས་སྭཱ་ཧཱ་ཡི། །


DTG028_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་ནི་མཐའ་རུ་བརྗོད་པར་བྱ། །རྣམ་པར་སྣང་མཛད་བྷ་ར་གཉིས། །སཾ་བྷ་ར་གཉིས་བརྗོད་བྱ་ལ། །ཨིནྡྲི་ཡ་བ་ལ་ཡི་སྒྲ། །བི་ཤོ་དྷོ་ནི་ཞེས་བརྗོད་དོ། །ཧཱུཾ་ཧཱུཾ་རུ་རུ་ཙ་ལེ་དང༌། །སྭཱ་ཧཱ་སྔགས་འདིས་འཆི་བདག་བསླུ། །འཕགས་པ་སོ་སོར་འབྲང་མ་ཡི། །སྙིང་པོ་དངོས་གྲུབ་ཀུན་སྩོལ་ཡིན། །འཇིག་རྟེན་དབང་ཕྱུག་སྤྱན་སྔ་རུ། །འཆི་བ་ལས་རྒྱལ་ཞེས་བྱ་བའི། །གསང་སྔགས་ཡི་གེ་བཅུ་པ་ནི། །འབུམ་ཕྲག་བཅུ་བཟླས་དེ་འོག་ཏུ། །མེ་ཏོག་དཀར་པོ་མར་བཏགས་པའི། །སྦྱིན་སྲེག་གྲངས་ནི་འབུམ་བྱའོ། །སྔགས་མཐུས་དེ་འོག་ངེས་པར་ནི། །འཆི་བདག་བསླུ་བ་འབྱུང་བར་འགྱུར། །ཐོག་མར་ཨོཾ་སྟེ་དེ་ནས་ཨཾ། །དེ་འོག་ཨོཾ་ཨཾ་ཞེས་བྱ་བ། །ཨོཾ་མྲྀ་ཏྱུ་ཛ་ཡ་དེ་ནས། །ཨོཾ་འདི་སྔགས་འདི་ཡི་གེ་བཅུ། །བསྐལ་བ་སོགས་སུ་འཚོ་བའི་ཕྱིར། །དེ་བཞིན་གཤེགས་པས་གང་གསུངས་པ། །དེ་ཡིས་ཚེ་ནི་བསྲིངས་བ་འགྲུབ། །དེ་བསྲིངས་འཆི་བ་བསླུ་བ་ཡིན། །སྔགས་གང་ཞི་བའི་ལས་བྱེད་པ། །དེ་ཡིས་ཚེ་འཕལ་འགྱུར་བ་ནི། །དེ་ནི་འཆི་བ་བསླུ་བར་འགྱུར། །སྔགས་རྣམས་ཀྱི་ནི་མཐུ་ལ་ཡང༌། །ཐེ་ཚོམ་བྱ་བར་རིགས་མ་ཡིན། །གང་ཕྱིར་སྔགས་ཀྱི་མཐུ་དག་ནི། །བསམ་མི་ཁྱབ་པར་ཀུན་ནས་འདོད། །འཇིག་རྟེན་ན་ནི་དངོས་གཞན་གང༌། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་དང་མངོན་བརྩོན་ལས། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །རྟོགས་པ་ལས་བཤད་ཆོག་འམ། །ཅི་འདོད་པ་ཡི་སྦྱོར་བ་ཡིས། །བཀྲེས་ཤས་ཆེ་བའི་ས་ཕྱོགས་སུ། །སེལ་ཏྲེ་ས་རབ་ཏུ་སྤྱོད་པར་བྱ། །གཅིག་བུའམ་ཡང་ན་གཞན་པ་ཡིས། །སྨན་དང་ལྷན་ཅིག་རྟག་ཏུ་སྤྱད། །དེ་ནས་ལུས་ནི་བརྟན་འགྱུར་ལ། །གཤིན་རྗེའི་སྒོ་ནི་མཐོང་མི་འགྱུར། །གྲུབ་པའི་སྨན་ནི་གཞན་དག་ཀྱང༌། །ངེས་པར་བསྟེན་པར་གྱུར་པ་ཡིས། །ཚེ་འཕེལ་ནད་དང་རྒས་པ་ནི། །ཟད་པས་འཆི་བ་མ་མཐོང་ངོ༌། །དངུལ་དང་གསེར་སོགས་ལྡན་པ་ཡི། །དངུལ་ཆུ་ཆོ་ག་བཞིན་ཟོས་ན། །བཅུད་ཀྱིས་ལེན་གྱི་རང་བཞིན་ཅན། །འཆི་བ་བསླུ་བ་འབྱུང་བ་ཡིན། །ཚེས་གཅིག་ཟླ་བའི་ཕྱོགས་སོགས་པར། །


DTG028_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་ཁམས་ནི་ཐོབ་པ་ན། །སྣ་སྨན་གཏང་བའི་ཆོ་ག་ཡིས། །འཆི་བ་བསླུ་བ་འབྱུང་བར་འགྱུར། །ཁ་སྦྱོར་ལ་སོགས་རྒྱུད་ལས་གསུངས། །མི་འཆི་ལྔ་དང་ལྡན་པ་ནི། །མན་ངག་ཇི་བཞིན་བསྟེན་པ་ཡིས། །འཆི་བ་བསླུ་བ་འབྱུང་བར་འགྱུར། །སྟེང་དང་འོག་དང་ཁ་སྦྱར་སྦྱོར་བ་ནི། །གང་ཞིག་ཕན་པའི་རྣལ་འབྱོར་དག་ཏུ་བྱེད། །དེ་ལ་གཤིན་རྗེའི་རྒྱལ་པོ་རྟག་ཏུ་ནི། །ཁྲོས་པར་གྱུར་ཀྱང་ཅིའང་བྱེད་མི་ནུས། །ལ་ལར་ཐབས་ཀྱིས་འཆི་བ་ཡང༌། །སླར་འཚོ་བར་ཡང་འགྱུར་བ་མཐོང༌། །ལུས་ལྡན་བུ་མོ་མི་དང་ནི། །ཕན་ཚུན་བསྲུབས་ལས་འགྱུར་བ་མཐོང༌། །ཁྲག་དང་ལུས་ཟུངས་བསྲེས་པ་ནི། །ཁམས་ནི་ཤིན་ཏུ་དྲངས་མིན་པས། །གང་ཞིག་འཕྲལ་དུ་འཆི་ཉིད་ལ། །ཐིགས་པ་གཉིས་ནི་གཏིག་པར་བྱ། །མར་བསྐུས་པ་ཡི་སྦུ་གུ་ལས། །དེ་ནི་བླུད་པས་གཞུག་པར་བྱ། །བདག་ཉིད་སྣ་ཁུང་ལས་བྱུང་བའི། །སྣ་ཁུང་རིམ་གྱིས་བསྒྲེ་གྱུར་པ། །སླར་ཡང་འཚོ་བར་འགྱུར་མཐོང་སྟེ། །འདིར་ནི་འགག་པར་བསྔགས་པ་ཡིན། །ནུས་མཐུ་མངོན་དུ་མཐོང་བས་ན། །སྦྱོར་བ་འདི་ནི་མང་པོར་བསྔགས། །འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། །པོ་སོ་བྷྲྀངྒ་ཛར་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་ཡིས། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེ་ལུས་ནི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །དྲི་ཆུ་རྣམ་པ་མང་ཞིག་ནི། །ལུས་ལ་བསྲུང་བ་གྲུབ་པ་འདིས། །བཟའ་དང་བསྐུ་བས་འཕྲལ་དུ་ནི། །འཆི་བ་བཟློག་པར་འགྱུར་བ་ཡིན། །འདི་དག་སྦྲང་རྩི་མར་ལྡན་པས། །རྟག་ཏུ་གོམས་པར་བྱས་ན་ནི། །དུས་དང་དུས་མིན་ལས་བྱུང་བའི། །འཆི་བ་ཟློག་པར་བྱེད་པ་ཡིན། །སྨན་རྣམས་ཀྱི་ནི་མཐུ་ལ་ཡང༌། །སོམ་ཉི་བྱ་བར་རིགས་མིན་ཏེ། །གང་ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང༌། །དེ་ལྟར་ཕྱི་ཡི་བྱ་བས་གུས་བྱས་པས། །ཇི་བཞིན་སྟོབས་ཀྱིས་འདིར་ནི་འཆི་བདག་བསླུ། །འཆི་བ་སྟོབས་ལྡན་འཇིགས་པ་ཆེད་དོགས་ལ། །དེ་ལྟར་དེ་


DTG028_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་ནང་གི་བྱ་བ་ཡིན། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་གསུམ་པའོ།། །།

ལེའུ་བཞི་པ། ནང་གི་འཆི་བ་བླུ་བ་བསྟན་པ།


DTG028_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་འཆི་བ་བསླུ་བ་ལ། །མཁས་པ་ནང་གི་བདག་ཉིད་ཅན། །གང་གིས་བརྩོན་པས་འཆི་བ་ནི། །ངེས་པར་བསླུ་བ་བཤད་པར་བྱ། །རྒྱལ་པོ་རྐུན་པོ་བདུད་ཆེན་པོ། །སྟག་ལ་སོགས་པའི་འཇིགས་དང་བྲལ། །འདུ་འཛི་དང་བྲལ་རི་བོ་སོགས། །ཡིད་འོང་ལ་ལར་གནས་པར་བྱ། །ཚད་ཙམ་ཟ་ཞིང་སྨྲ་ཉུང་ལ། །ཤིན་ཏུ་འཆག་པར་དགའ་མ་ཡིན། །གཉིད་ཆུང་བསམ་གཏན་ལ་མང་གནས། །སྔགས་ཀྱི་བཟླས་པ་ལ་རབ་བརྩོན། །རང་གི་འདོད་ལྷ་མཆོད་སོགས་དང༌། །དམ་ཆོས་བཀླག་པའི་བྱ་བ་དང༌། །གཏོར་མ་སྦྱིན་སོགས་བྱམས་པ་ཡི། །སེམས་ལ་སོགས་པ་དུས་གསུམ་བརྩོན། །བསོད་ནམས་ཀྱིས་ནི་འདོད་པ་འགྲུབ། །དེ་བས་འདུ་འཛི་སྤང་བར་བྱ། །དད་པས་ཐམས་ཅད་ཡང་དག་འགྲུབ། །དེ་ཕྱིར་དད་པ་རྣམ་འཕེལ་བྱ། །བརྩོན་འགྲུས་ཀྱིས་ནི་བརྩམས་པ་འགྲུབ། །དེ་བས་བརྩོན་འགྲུས་སྔོན་འགྲོ་བྱ། །བསམ་གཏན་གྱིས་འདོད་འབྲས་བརྟན་པས། །བསམ་གཏན་ལ་སེམས་གཅིག་ཏུ་འབད། །འདུ་འཛི་སྤངས་པས་ཉམས་ལེན་འགྱུར། །དེ་བས་འདུ་འཛི་རྣམ་སྤང་བྱ། །ཡང་དག་ཤེས་ལྡན་ཐམས་ཅད་འགྲུབ། །དེ་བས་ཤེས་དང་ཀུན་ལྡན་བྱ། །འཆི་བ་ལས་ནི་སྡུག་བསྔལ་མཐོང༌། །འཚོ་བ་ལས་ནི་ཆོས་འགྱུར་མཐོང༌། །སོམ་ཉི་མ་ལུས་དང་བྲལ་བས། །འཆི་བ་བསླུ་བ་ཀུན་དུ་སྤྱོད། །དེ་ལ་དང་པོར་བསམ་གཏན་བཅས། །བགེགས་དགྲའི་གསང་སྔགས་འབུམ་ཉིད་ནི། །ལེགས་བཟླས་སྦྱིན་སྲེག་ཁྲི་བྱས་པས། །བགེགས་ནི་ཐམས་ཅད་བཟློག་པར་བྱ། །ན་མཿ་ས་མནྟ་ཀཱ་ཡ། །དེ་ནས་བཱ་ཀྩིཏྟཱི་ཚིག །བཛྲ་ཎཾ་ན་མོ་བཛྲ། །ཀྲོ་དྷཱ་ཡ་ཞེས་ཚིག་བརྗོད་ལ། །མཧཱ་དོཥྚྲོཏྐ་ཊའི་རྗེས། །བྷི་ར་བ་ཡ་ཨ་སི་བརྗོད། །མུ་ས་ལ་པ་ར་ཤུ་པ། །གྲྀ་ཧི་ཏ་ཧ་སྟ་ཡ་ཡིན། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། །ཁ་ཁ་ཁཱ་ཧི་ཁཱ་ཧིའི་ཚིག །ཏིཥྛ་ཏིཥྛ་ཚིག་དེ་ནས། །བནྡྷ་གཉིས་དང་ཧ་ན་གཉིས། །ད་ཧ་གཉིས་དང་ག་རྫ་གཉིས། །དེ་ནས་


DTG028_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བི་སྤོ་ཊ་གཉིས་ཏེ། །སརྦ་བཛྲ་ཚིག་དང་ནི། །བིགྷ་བི་ནཱ་ཡ་ཀཱན་བརྗོད། །མ་ཧཱ་ག་ན་པ་ཏིའི་ཚིག །ཛི་བི་ཏཱནྟ་ཀ་ར་ཡ། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཡི། །སྔགས་འདི་བགེགས་རྣམས་ཟློག་བྱེད་ཡིན། །ཡང་ན་འདི་ཡི་སྙིང་པོ་ཡིས། །བགེགས་རྣམས་ཐམས་ཅད་ཟློག་པར་བྱེད། །སྔོན་བཞིན་བཟླ་དང་སྦྱིན་སྲེག་གིས། །འདི་ཡི་མཐུ་ཡང་དེ་འདྲ་ཡིན། །ཨོཾ་སྔར་ཧུ་ལུ་ཧུ་ལུ་དང༌། །དེ་འོག་ཏིཥྛ་ཏིཥྛཱི་ཚིག །ཧ་ན་གཉིས་དང་ད་ཧ་གཉིས། །ག་རྫ་ག་རྫ་དེ་འོག་ཏུ། །བི་སྥོ་ཊ་ཡ་ལན་གཉིས་བརྗོད་།སརྦ་བི་གྷ་བི་ནཱ་ཡ་ཀཱ་ན། །ཨོཾ་ཨ་མྲྀ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཏ་མ་མར་ཀྵ་ཀུ་རུ་སྭཱ་ཧཱ། དེ་ལྟར་བདུད་དང་བགེགས་རྣམས་ནི། །མ་ལུས་རྣམ་བསལ་འཁྲུག་མེད་པས། །ཇི་ལྟར་མངོན་འདོད་རྣལ་འབྱོར་ནི། །གཅིག་ཅིག་ཉིན་མཚན་བསྒོམ་པར་བྱ། །སྟུག་པོ་བཀོད་པའི་གནས་བཞུགས་ཏེ། །ཞི་པས་སངས་རྒྱས་མཛད་པ་མཛད། །པདྨ་ཟླ་བའི་གདན་སྟེངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན། །འོད་ཟེར་དཀར་པོའི་ཚོགས་འཕྲོ་བ། །རྣམ་སྣང་དཀར་པོ་བསྒོམས་ན་ནི། །འཁོར་བ་སྲིད་དུ་འཆིར་འོས་མིན། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས། །རང་མདོག་ཕྱག་རྒྱ་ཆ་ལུགས་ལྡན། །ང་རྒྱལ་བརྟན་པས་བསྒོམས་ན་ནི། །རྡོ་རྗེའི་ལུས་སུ་ངེས་པར་འགྱུར། །ཉི་ཟླ་ཁ་སྦྱར་ནང་ན་བཞུགས། །འཇིག་རྟེན་དབང་ཕྱུག་མི་འཇིགས་པ། །ཞི་ཞིང་ཟླ་བ་དང་འདྲ་ལ། །རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན།། འོད་དཔག་མེད་ནི་སྐུ་མདོག་དམར། །རྫོགས་སངས་རྒྱས་ཀྱི་མཚན་རབ་འཆང༌། །རྡོ་རྗེ་སྐྱིལ་ཀྲུང་བཅས་པ་ཡི། །ཞབས་ཀྱི་པདྨ་གཉིས་ཀྱི་སྟེང༌། །ཕྱག་གཉིས་དག་ནི་མི་འཆོལ་བར། །ཏིང་འཛིན་ཕྱག་རྒྱར་ལེགས་གནས་པ། །སེམས་ཅན་ཀུན་དོན་རྫོགས་མཛད་པའི། །སྐུ་ལས་ཐུགས་རྗེའི་རྒྱུན་འཛག་པས། །བསམས་ལ་དེ་ཡི་ཐུགས་ཀར་ནི། །འཇིག་རྟེན་དབང་ཕྱུག་གཞན་དེ་བཞིན། །སླར་ཡང་དེ་ཡི་ཐུགས་ཀ་རུ། །དེ་བཞིན་རྩེ་གཅིག་ཡིད་ཀྱིས་ནི། །ཇི་སྲིད་གྲངས་ནི་བྱེ་བར་འགྱུར། །ཇི་སྲིད་བསམ་གཏན་འདི་


DTG028_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདྲ་བྱ། །དེ་ནས་ཕྲ་ཞིང་རབ་ཕྲའི་མཐའི། །འཇིག་རྟེན་དབང་ཕྱུག་ལ་གཏད་སེམས། །རྣལ་འབྱོར་དབང་ཕྱུག་གིས་བསམ་ན། །འཆི་བདག་རང་ཉིད་འཆི་བར་འགྱུར། །ཕུང་པོ་ལས་སྐྱེས་ནད་གཞན་ཡང༌། །རང་ཉིད་འཇིག་པར་གྱུར་པ་ཡིན། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེངས་སུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་ནི། །མཆོག་སྦྱིན་པ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བའི་མདངས་འདྲ་བའི། །ཟླ་བ་ལ་ནི་རྒྱབ་བརྟེན་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །མཆོག་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མའི་སྙིང་གར་བསྒོམས། །དེ་ཡི་འཁོར་ལོའི་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ལ། །ལྟེ་བར་ཨོཾ་དང་ཧའི་ཡི་གེ །དབུས་ནས་བསྒྲུབ་བྱའི་མིང་དང་ལྡན། །ཟླ་དྲུག་བརྟན་ཅིང་ངེས་པས་ནི། །རྩེ་གཅིག་པ་ཡི་སེམས་ཀྱིས་བསྒོམ། །ཡི་གེ་བཅུ་པའི་སྔགས་འདི་ནི། །སྐྱོ་བར་མ་གྱུར་སེམས་ཀྱིས་བཟླ། དང་པོར་ཨོཾ་ནི་བཞག་ནས་སུ། །དེ་འོག་ཏཱ་རེ་རབ་ཏུ་སྦྱར། །དེ་འོག་ཏུཏྟཱ་རེ་ཏུ་རེ། །སྭཱ་ཧཱའི་མཐའ་ཅན་ལས་ཀུན་བྱེད། །ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །སྦུ་རྩེ་ཙམ་ཡང་མ་ཉམས་པར། །འཆི་བདག་ལྟ་བུར་འཆི་ལས་རྒྱལ། །སྐྲ་དཀར་གཉེར་མ་ངན་པ་དང༌། །ནད་དང་དབུལ་བ་ཀུན་ཟད་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་ནི་འཇིག་པར་བྱེད། །མ་བསླངས་པར་ནི་ཟས་སྒོམ་སོགས། །ཁ་ཟས་གོས་ལ་སོགས་པ་རྙེད། །རལ་གྲི་མིག་སྨན་རྐང་བྱུག་པ། །བུམ་བཟང་སོགས་དང་དངོས་གྲུབ་རྣམས། །སྙན་དང་གས་སྨྲ་མཁས་ཉིད་ཀྱི་བློ། །ཤེས་རབ་གཅིག་བུ་དྲི་མ་མེད། །འདོད་པའི་དངོས་གྲུབ་གཞན་དག་ཀྱང༌། །འཁོར་ལོ་འདི་ནས་འབྱུང་བར་འགྱུར། །སྤྱན་དང་སྐུལ་བྱེད་མཱ་མ་ཀཱི། །ལྷ་མོ་དཀར་མོ་ཆེན་མོ་ནི། །རང་མདོག་ཆ་ལུགས་ཕྱག་རྒྱ་ཡིས། །བསྒོམས་ན་འཆི་བས་མི་ཚུགས་སོ། །རང་གི་འདོད་


DTG028_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷའི་རྣལ་འབྱོར་ཉིད། །ང་རྒྱལ་བརྟན་པ་དང་ལྡན་པ། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །འདོད་པའི་དོན་ནི་རབ་སྒྲུབ་བྱེད། །དུང་དང་ཀུནད་ཟླ་བ་འདྲ། །བསྡུ་བའི་རིམ་གྱིས་ཡང་དག་གནས། །རྒྱུན་མི་འཆད་པར་བསླབས་ན་དེས། །འཆི་བ་བསླུ་བར་འགྱུར་བ་ཡིན། །འཁོར་ལོ་བདེ་མཆོག་རྒྱུད་ལས་གསུངས། །ཧེ་རུ་ཀ་ཡི་རྣམ་པར་བསྒོམ། །བྱས་ནས་དེ་ཡོངས་གྱུར་པ་ལས། །ཀ་པཱ་ལ་ཡི་རྣམ་པར་བསྒོམ། །ཀཾ་ཀ་ལ་ཡི་གཟུགས་བསམས་པའམ། །ཁ་ཊྭཱཾ་གར་ནི་རྣམ་པར་བསྒོམ། །གསད་པར་འོས་པ་མ་ཡིན་ཕྱིར། །འཆི་བ་འབྱུང་བར་མི་འགྱུར་རོ། །སྤྱི་བོ་རུ་ནི་ཟླ་བའི་གཟུགས། །བདུད་རྩི་ཐིགས་པ་འཛགས་པ་ཡིས། །བ་སྤུའི་བུ་ག་ཀུན་ནས་ནི། །ཡན་ལག་ཐམས་ཅད་ཚིམ་པར་བྱེད། །འདུ་འཛི་ཐམས་ཅད་རྣམ་སྤངས་པ། །རྣལ་འབྱོར་པ་ཡིས་ཟླ་དྲུག་བསྒོམ། །ནད་ཀུན་ལས་ནི་རྣམ་རྒྱལ་ནས། །འཆི་བདག་ལྟ་བུར་འཆི་ལས་རྒྱལ། །མགོ་བོ་པདྨོ་འདབ་མ་སྟོང༌། །དཀར་པོའི་ཁ་ནི་ཐུར་དུ་བལྟས། །ཟླ་བའི་རིམ་བསམས་བསྐལ་སོགས་པར། །འཆི་བ་འཇིག་པར་བྱེད་པ་ཡིན། །དེ་ཉིད་ནག་པོའི་གཟུགས་ཉིད་པ། །ནག་པོའི་གཟུགས་ཀྱི་འོད་རྣམས་ཀྱིས། །ཀུན་དུ་ཁྱབ་པར་བསམས་ན་ནི། །སྐྲ་དཀར་ལ་སོགས་འཇིག་པར་བྱེད། །ལྕེ་ནི་རྐན་ལ་གཞར་བྱ་ཞིང༌། །སོ་ནི་སོ་ལམ་རེག་པར། །རྒྱུ་ཡི་ནུས་པ་བསམ་མི་ཁྱབ། །དད་པས་བྱས་པ་འདི་བརྩམ་བྱ། །ལྐོག་མའི་བུ་གའི་སྟེང་དང་སྦྱར། །ལྕེ་ཆུང་ཐུར་དུ་བསྟན་ནས་ནི། །ལྕེ་ཡི་རྩེ་མོར་ཀུན་རེག་པར། །བདུད་རྩིའི་རོ་ནི་མྱོང་བར་བྱེད། །དེས་ནི་འཕྲལ་དུ་འཆི་བ་སེལ། །སྐྲ་དཀར་ལ་སོགས་པ་ཡང་འཇིག །དེ་བྱས་ནས་ནི་རྒུད་པ་དང༌། །འཇིགས་པ་ཀུན་ལས་བསྲུང་འགྱུར་བ། །དབུགས་དབྱུང་རྔུབ་པ་དྲན་པ་ཡང༌། །རྣམ་པ་གཞན་པ་བརྩམ་པར་བྱ། །གྲངས་འཕེལ་དེ་ལས་ངེས་པ་ནི། །རྒ་དང་འཆི་བ་མེད་པར་འགྲོ། །སེམས་ཅན་རྣམས་ཀྱི་ཉིན་མཚན་དུ། །དབུགས་ནི་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་དག་གིས་ལྷག་པར་རྒྱུ། །གྲངས་ནི་


DTG028_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོངས་སུ་བསྒྲགས་པ་ཡིན། །གང་ཕྱིར་བདུད་རྩི་སྔགས་ཡིན་པས། །རླུང་ནི་འཇུག་པ་སྔགས་ཡིན་ཏེ། །བདུད་རྩི་གསོན་པའི་ཐབས་ཡིན་པས། །དེ་ཡིས་འཆི་བས་མི་ཚུགས་སོ། །འཇུག་པའི་རླུང་ནི་བགྲང་བྱ་ཞིང༌། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱིས་ཆོ་ག་བཞིན། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོ་ག་བཞིན་དུ་རྫོགས་གྱུར་ན། །མི་ནི་ཚེ་ཉམས་གྱུར་པ་ཡང༌། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་ཟློས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཐབས་ལ་མཁས་པར་གྱུར་པ་དང༌། །རླུང་གི་བཟླས་ལ་བརྩོན་པར་བྱ། །ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ནས་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །བསླབ་ལ་མི་གནས་མི་དགའ་ཞིང། །ཡུད་ཙམ་ཡང་ནི་གཉིད་མ་ལོག །འབད་དེ་གཉིད་ལས་རྒྱལ་བྱས་ལ། །བཟའ་དང་བཏུང་ཡང་ཁ་ཟས་སོགས། །ལུས་སུ་འབྱུང་བ་རྒྱུ་བྱས་པས། །རླུང་རྒྱུ་བ་ལ་བརྩོན་པར་བྱ། །ལུགས་མཐུན་ལ་འབད་རྣལ་འབྱོར་པ། །ངེས་པར་འཆི་བ་ལས་རྒྱལ་འགྱུར། །རྨོངས་ལ་ལོངས་སྤྱོད་ལ་གཅིག་གཞོལ། །ལུགས་མི་མཐུན་པས་འཆི་བར་འགྱུར། །རང་གི་ངོ་བོ་ལུགས་མཐུན་འགྱུར། །དེ་ལས་བཟློག་པས་ལུགས་མི་མཐུན། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །བཅིངས་པ་ཡིས་ནི་རླུང་དགག་ཉིད། །ཡང་ན་དགག་པར་སྦྱོར་བས་རྒྱལ། །དགག་པའི་འཆི་བ་སླུ་བྱེད་ཡིན། །རྐང་མཐིལ་གྱི་ནི་མཐར་ཐུག་པར། །རླུང་གིས་རིམ་གྱིས་དགང་བར་བྱ། །དགག་པ་ཀུམྦ་ཀ་ཞེས་བྱ། །དེ་ཤེས་རིམ་པ་བརྗོད་བྱ་སྟེ། །སྟེང་གི་དགག་པའི་སྦྱོར་བས་ནི། །དགག་པར་བྱེད་པ་རྒྱལ་བར་འགྱུར། །ཆུང་དང་འབྲིང་སོགས་དབྱེ་བ་ཡིས། །སྟེང་དགག་རྣམ་པ་གསུམ་དུ་འདོད། །སྟེང་དགག་ཅེས་ནི་བྱ་བ་འདི། །འོག་ནས་བཤད་པས་དོན་སྟོན་བྱེད། །ཆུང་བ་ཚད་ནི་སུམ་ཅུ་དྲུག །འབྲིང་ནི་དེ་བཞིན་ཉིས་འགྱུར་ཡིན། །ཆེན་པོ་


DTG028_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུམ་འགྱུར་ཡིན་ཞེས་བྱ། །དགག་པས་དེ་ནི་རྒྱལ་བར་འགྱུར། །དགག་པ་ཡིས་ནི་ཚང་བྱས་ལ། །ཕྱི་ནང་རང་གི་པུས་ལྷ་ངར། །འདིར་ནི་ལག་པ་ཉུག་བྱས་ལ། །དེ་ནས་སེ་གོལ་དྲུག་གདབ་བོ། །མདོ་ནི་མཁས་པས་ཡོངས་འཆད་པའི། །དུས་ཀྱི་ཚད་ནི་ཡིན་པར་བཤད། །ཇི་སྲིད་སུམ་ཅུ་དྲུག་ཚད་འགྱུར། །དེ་སྲིད་དགག་པའི་བྱ་བ་ཡིན། །སྟེང་དགག་འདི་ནི་དམན་པ་སྟེ། །དེ་ནས་བར་མ་ཉིས་འགྱུར་ཉིད། །སྟེང་དགག་ཆེན་པོ་སུམ་འགྱུར་ཏེ། །བརྒྱ་རྩ་བརྒྱད་ནི་ཚད་ཡིན་ནོ། །འཆི་བསླུ་བར་འདོད་པ་ཡིས། །འབད་པས་དེ་ཉིད་ལས་རྒྱལ་བྱ། །སྟེང་དགག་ཆེན་པོའི་མཚན་ཉིད་ནི། །ཇི་སྲིད་དག་པར་བ་འཇིགས་པའོ། །རྒྱུན་དུ་དགག་པར་འགྱུར་བ་ཡང༌། །དེ་ཚེ་ལེགས་པར་གནས་པ་ཡིན། །ཉི་མ་དེ་ལས་འཆི་སོགས་ཉིད། །དགག་པ་ལ་ནི་གང་གནས་པ། །དེ་ཚེ་བསྐལ་པ་སྟོང་དུ་ཡང༌། །འཆི་བདག་ཉེ་བར་མི་འགྱུར་རོ། །ནམ་མཁའ་བ་ནི་བཞོས་པ་ལས། །བདུད་རྩི་གཤེར་བ་དག་གི་ཚོགས། །བུམ་པས་མཚན་པས་ཆུ་ཞེས་བྱའི། །དཀྱིལ་འཁོར་ལས་ནི་འོད་ཟེར་འཕྲོས། །སྣ་རྩེར་བྱུང་བའི་རླུང་གིས་ནི། །བླངས་པ་ཡང་ཡང་བརྟག་པར་བྱ། །སྙིང་གར་པདྨར་ཐིམ་པ་ཡིས། །སེམས་ཀྱི་བུང་བའི་ཕྲུ་གུ་གསོ། །ནམ་མཁའ་བཞོ་བའི་བསམ་གཏན་དག །འདི་ནི་རྟག་ཏུ་སྤྱད་པར་བྱ། །ནམ་མཁའ་ལྟ་བུར་འཆི་བདག་གི །མཐོང་བས་མཐོང་བ་མ་ཡིན་ནོ། །ཡང་ན་རླུང་ནི་ཡོངས་སྤངས་ལ། །དེ་བཞིན་ཉིད་ལ་རྟག་ཏུ་སྤྱད། །དེ་བཞིན་ཉིད་ཀྱི་འཆི་དང་འདུད། །དགྲ་རྣམས་གཞན་ལ་རྒྱལ་བྱེད་ཉིད། །ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བར་འགྱུར། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང༌། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཁོ་ན་ཉིད་རྟག་བསླབས་ན། །འཆི་བ་བསླུ་པར་འགྱུར་བ་ཡིན། །ཆོས་དང་ལོངས་སྤྱོད་སྐུ་སོགས་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་དབྱེར་མེད། །དམིགས་པ་ཀུན་གྱི་སྦྱོར་བ་ནི། །དམིགས་པ་ཐམས་ཅད་རྣམ་པར་སྤངས། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་བ་རྒྱལ་བ་རྣམས་ཀྱིས་


DTG028_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས། །བསམ་བྱ་བསམ་པར་མི་བྱ་ཞིང༌། །བསམ་པ་མིན་པའང་མི་བསམ་མོ། །བསམ་དང་བསམ་མིན་མ་བསམས་ན། །དེ་ནས་སྟོང་ཉིད་ཐོབ་པར་འགྱུར། །མཁས་པས་དངོས་པོ་མི་བསམ་ཞིང༌། །དངོས་པོ་མེད་པའང་མི་བསམས་ལ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྒོམ་པ་དེ་ནི་བསྒོམ་དང་བྲལ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་ཉིད་འཛིན་པ་རྣམ་སྤངས་བའི། །སྟོང་པ་ཉིད་ནི་རྟག་བསྒོམས་ན། །འཆི་བདག་གིས་ནི་མཐོང་མི་འགྱུར། །ཀུན་རྟོག་ཙམ་ལས་བྱུང་བ་ཡི། །འཆི་བ་དེ་ཡང་མཐོང་མི་འགྱུར། །གཞན་ཡང་བདུད་ནི་མང་པོ་དང༌། །འཁོར་བ་ཡང་ནི་མི་མཐོང་ངོ༌། །དེ་ཡང༌། འཆི་བ་ཞེས་བྱའི་རྣམ་རྟོག་འདི། །དངོས་པོ་ཀུན་ལ་ཡོད་མིན་ཏེ། །སོ་སོའི་སྐྱེ་བོའི་རྣམ་འཕྲུལ་གྱི། །རྣམ་པར་རྟོག་པས་བཅོམ་པ་ཡིན། །རྣམ་རྟོག་སྡུག་བསྔལ་ཐམས་ཅད་དེ། །རྣམ་པར་རྟོག་པ་བདུད་ཅེས་བཤད། །དེ་བས་རྣམ་པར་རྟོག་གཞོམ་ཅིང༌། །རྣམ་པར་མི་རྟོག་ཉིད་དུ་བྱ། །ཞེས་གསུངས་སོ། །གུས་པ་ལ་སོགས་ཁྱད་པར་གྱིས། །རྒྱུན་དུ་བསྒོམས་པ་གང་གང་ཡིན། །དེ་དང་དེ་ནི་གསལ་འགྱུར་ཏེ། །འདོད་དང་མྱ་ངན་བློ་དང་མཚུངས། །བསྟན་བཅོས་རྣམས་ནི་རྙེད་སླ་ཡི། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །སྦྱོར་བ་ཤེས་པའི་འཇིག་རྟེན་ལས། །སྦྱོར་བ་རྙེད་པར་དཀའ་མ་ཡིན། །སྦྱོར་བ་རྣམས་ལ་མཁས་ཤིང་དང༌། །བཟོད་དང་བརྩོན་འགྲུས་ལ་རབ་གནས། །བསྒྲུབ་ལ་བརྩོན་པའི་ཤེས་རབ་ཅན། །འཆི་བ་བསླུ་བའི་སྣོད་ཡིན་ནོ། །ངལ་དང་སྨིན་དང་བཏུང་སོགས་ཀྱིས། །ཕོ་བའི་མེ་ནི་འབར་འགྱུར་ལ། །མེ་ནི་རབ་ཏུ་འབར་བའི་ཟས། །ཡོངས་ཞུ་བར་ཡང་ནུས་པ་ཡིན། །ཡོངས་སུ་ཞུ་བས་ལུས་རྒྱས་ཤིང༌། །རྒྱས་པས་སྟོབས་ནི་རྣམ་པར་འཕེལ། །སྟོབས་ལས་ཚེ་ནི་འཕེལ་འགྱུར་ཞིང༌། །དེ་འཕེལ་བ་ཡིས་རིང་དུ་འཚོ། །ཀུན་གྱིས་མངོན་སུམ་ཉིད་དུ་འགྲུབ། །འདི་ལ་སོམ་ཉི་ཇི་ལྟར་ཡོད། །དེ་བཞིན་མན་ངག་གིས་བསྐལ་སོགས། །འཚོ་བར་ཡང་ནི་ཐེ་ཚོམ་མེད། །མར་དང་སྙིང་པོ་ཟད་སོགས་ཀྱིས། །མར་མེ་ལ་སོགས་


DTG028_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིག་ཕྱོགས་ལ། །སླར་ཡང་འབྲུ་མར་ལ་སོགས་ལས། །བསྐལ་པའི་བར་དུ་གནས་པ་ཡིན། །དེ་བཞིན་དུ་ནི་ལུས་འདི་ཡང༌། །རྒས་སོགས་ཀྱིས་ནི་འཆི་བཞིན་པ། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིངས་གནས། །དེ་བཞིན་རྙིང་པའི་ལུས་དག་ཀྱང༌། །བཅོས་པས་གནས་པར་ཅིས་མི་འགྱུར། །འབད་པས་དཀའ་བ་ཅི་ཡང་མེད། །དེ་བས་གཅེས་ལ་སྩོལ་བ་དོར་མི་བྱ། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང༌། །དུས་སུ་རྡོ་ལེབ་དག་ཀྱང་རྣམ་པར་འབིགས། །གཙུབས་ན་ཤིང་ལས་མེ་ནི་འབྱུང་འགྱུར་ཞིང༌། །བརྐོས་པར་གྱུར་ན་ས་ལས་ཆུ་འབྱུང་འགྱུར། །མིས་ནི་རྩོལ་བ་བྱས་ན་མི་འགྲུབ་མེད། །འབད་པས་རིགས་པས་བརྩམས་ཀུན་འབྲས་བཅས་འགྱུར། །འདི་ན་འཆི་བ་བསླུ་བ་རྣམས། །ཤིན་ཏུ་མང་པོ་ཤེས་ནས་ཀྱང༌། །ཉམས་མ་བླངས་ན་མལ་དུ་ནི། །བཤང་བས་གོས་ཏེ་ཁྱོད་འཆི་འགྱུར། །གང་ཞིག་སྦྱོར་བ་ལ་མཁས་ཤིང༌། །བསྟན་བཅོས་ལ་བྱར་མཁས་པ་རྣམས། །ཉམས་མ་བླངས་པའི་ཉེས་པ་ཡིས། །སོ་ནི་སྟོན་ཅིང་འཆི་བ་ཡིན། །རྣལ་འབྱོར་གྱི་ནི་བསྟན་བཅོས་དང༌། །སྦྱོར་བ་དུ་མ་ཤེས་ན་ཡང༌། །དེང་ངམ་སང་ནི་བྱའོ་ཞེས། །དེ་ལྟར་སེམས་ནི་འཆི་བར་འགྱུར། །འདི་བྱ་ནང་པར་སླར་ཡང་འདི། །དེ་ནས་གཞན་ཡང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་རྟོན་ཚོལ་བར་བྱེད། །སྐྱེ་དགུ་འཆི་བདག་ཁར་ནི་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་དཔའ་ཀློང་དག་ཏུ་ལྷུང༌། །དེ་ལྟར་འཆི་བདག་དགྲ་བོ་ནི། །སླུ་བའི་ཐབས་ནི་བཤད་པ་ཡིན། །རང་གཞན་གཞུང་ལས་འགྲུབ་པ་ཡི། །བསམ་གཏན་ལས་ནི་རབ་བསྒྲུབ་བྱ། །བརྩེ་མེད་འཆི་བའི་འཇིགས་པ་ལས། །ཐར་པའི་ཐབས་ནི་འབད་དེ་བྱ། །གང་ཕྱིར་འདི་ནི་ཡིད་འོང་བ། །སྲོག་ལས་གཞན་པ་ཡོད་མ་ཡིན། །རྡོ་རྗེ་མཁའ་འགྲོ་གདན་བཞི་དང༌། །སངས་རྒྱས་བླ་གབ་ལ་སོགས་དང༌། །དུས་ཀྱི་ཕྱི་མ་དུས་ཕྲེང་བ། །དུས་


DTG028_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ལྔ་བཅུ་པ་དང་ནི། །འཚོ་བ་ལྔ་བཅུ་པ་ལ་སོགས། །བསྟན་བཅོས་འབད་དེ་བརྟགས་ནས་ནི། །འཆི་བདག་རྣམ་པར་བསླུ་བ་འདི། །འགྲོ་ལ་རྗེས་སུ་བརྩེ་བས་བཤད། །ནམ་མཁའ་ཡོངས་དག་སྟོན་ཀའི་ཟླ་འདྲ་བར། །དག་ཅིང་ནམ་མཁའི་ལས་ཀྱང་མི་ཤོང་བའི། །དགེ་བ་འདི་ལས་མི་འཆི་གང་ཐོབ་པ། །དེས་ནི་འགྲོ་བ་འཆི་བདག་ལས་ཐར་ཤོག །ཉོན་མོངས་ཡི་གེ་པ་རྣམས་ནི། །བརྩི་བ་ཡིས་ནི་ངལ་གྱུར་ན། །གཞུང་འདིའི་ཚད་དུ་གྱུར་པ་ནི། །སུམ་བརྒྱ་དྲུག་ཅུ་ཐམ་པའོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་བཞི་པའོ།། །།ངག་གི་དབང་ཕྱུག་གྲགས་པས་མཛད་པ་འཆི་བ་བསླུ་བ་ཞེས་བྱ་བ་རྫོགས་སོ། །།།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །


previousའཆི་བ་བསླུ་བའི་མན་ངག། ངག་གི་དབང་ཕྱུག་གྲགས་པ།next