Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  collapse section
པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས།  རྒྱལ་བ་དཔལ་ཡེ་ཤེས།
   
   
   
   
   
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousཔདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས། རྒྱལ་བ་དཔལ་ཡེ་ཤེས།next

པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས།
རྒྱལ་བ་དཔལ་ཡེ་ཤེས།

དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན།


DTG028_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། པདྨ་ཛཱ་ལོདྦྷ་བ་སཱ་དྷ་ནི། བོད་སྐད་དུ། པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་རྣམས། །སྐུ་གསུམ་རྣམ་ཀྱིས་རྣམ་པར་གནས། །སྟོང་ཉིད་སྙིང་རྗེའི་རང་བཞིན་ཅན། །པདྨ་སྤྱན་རས་གཟིགས་ཕྱག་འཚལ།། ལྷ་ཉིད་རྣམ་པ་དུ་མ་ནི། །དེ་ཉིད་སྤངས་པ་མིན་པ་གང༌། །ཐུགས་རྗེས་མཆོག་ཏུ་ཆགས་གྱུར་པ། །འཇིག་རྟེན་མགོན་ནི་རྒྱལ་བར་བྱེད། །ཆོས་བདག་མེད་པ་དམ་པའི་དངོས། །རྨད་བྱུང་མཐར་གནས་པ་གང་དེ། །དུ་མའི་དཀྱིལ་འཁོར་པ་གང་ཉིད། །ཐུགས་རྗེ་ཆེན་པོ་རྣམ་པར་འཇོག །ཕུན་སུམ་ཚོགས་པ་ཀུན་གྱི་རྒྱུ། །པདྨ་དྲ་བ་དཔལ་ལ་བརྟེན། །ཇི་ལྟར་བླ་མས་ཉེར་བསྟན་པ། །དེ་ཡི་སྒྲུབ་ཐབས་རིམ་པར་བརྗོད། །ཡེ་ཤེས་ཤེས་རབ་ཐབས་རང་བཞིན། །སྒྲུབ་ཐབས་སེམས་ལ་ཀུན་ཕན་པ། །ཆིག་དོན་ཕལ་ཆེར་རྣམ་


DTG028_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསལ་བ། །བདག་དང་བློ་མཉམ་རྣམས་ལ་ཕན། །དང་པོ་རེ་ཞིག་ཡང་དག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན་གདོན་པ་ལ་ཀུན་དུ་དམིགས་ཏེ་ལམ་སྔོན་དུ་བྱའོ། །འཇིག་རྟེན་འདི་ཐམས་ཅད་ཉིད་བདག་གིས་འཁོར་བའི་སྡུག་བསྔལ་ལས་བཏོན་ནས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བ་དང༌། །སངས་རྒྱས་ཉིད་ཐོབ་པའི་རྒྱུར་སྔགས་ཀྱི་ཐེག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་མཆོག་བླ་མའི་དྲིན་གྱིས་ཉེ་བར་བསྟན་པ་ལས་ཡང་དག་པར་རྟོགས་ཏེ། ཐོས་པ་དང༌། བསམ་པ་དང་བསྒོམ་པའི་རིམ་པས་ཇི་ལྟར་རིག་པ་ཀུན་དུ་སྤྱོད་པ་ལ་རབ་ཏུ་འཇུག་པ་བརྩམ་པར་བྱའོ། །སྔགས་ཀྱི་ཚུལ་ཆེན་པོ་ཉིད་གང་ལས་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །གང་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ལམ་གསུམ་ཡང་དག་བྱུང༌། །ཡང་དག་གསང་སྔགས་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཡང་དག་ཐོབ། །ཅེས་སོ། །དེའི་ཕྱིར་སྔགས་ཀྱི་ཚུལ་བརྗོད་པ་བསྒོམས་པའི་སྟོབས་ལས་དུས་ཡུན་མི་རིང་བ་ཁོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ན། བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་བྱེད་དོ། །དེ་ལ། བྱམས་དང་སྙིང་རྗེ་མཉམ་པར་སྦྱོར་ལས་ཡིད་ནི་རྫོགས་པའི་བྱང་ཆུབ་ལས། །སངས་རྒྱས་རྣམས་ཀྱི་ཤིན་ཏུ་ཟབ་པའི་ཚུལ་དུའང་ལྷག་པར་མོས་པར་ལྡན། །སྦྱིན་པ་ཚུལ་ཁྲིམས་ལ་སོགས་ཀུན་རྫོགས་སྲིད་པའི་ལོངས་སྤྱོད་ལས་ཕྱིར་ཕྱོགས། །སེམས་ལ་སྡུག་བསྔལ་དང་ནི་དུབ་པ་མེད་པར་ལྷ་ཉིད་མཉེས་པར་བྱེད། །ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བརྟུལ་ཞུགས་དང༌། དབུགས་དབྱུང་བ་ལ་སོགས་པ་དབང་བསྐུར་བའི་ཆོ་ག་དང་ལྡན་པ། ཚོགས་པར་སྦྱོར་བ་བླ་མའི་དྲིན་གྱིས་བྱིན་ཞིང་རྗེས་སུ་གནང་བ། གཉུག་མའི་གསང་སྔགས་དངོས་སུ་བྱས་པའི་བསོད་ནམས་དང་རྗེས་སུ་མཐུན་པའི་ས་འཛིན་ལ་སོགས་པར་གང་ཡང་རུང་བར་བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་དང་རྣལ་འབྱོར་སྲུང་བའི་དོན་དུ། །རྗེ་བཙུན་བགེགས་མཐར་


DTG028_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ཡུད་ཙམ་གྱིས་དྲན་པར་བྱའོ། །ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་སརྦ་བིགྷྣཾ་ད་ཧ་ད་ཧ་སརྦ་པཱ་པཾ་ཧཱུཾ་ཕཊ། དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་སྦྱངས་ནས། །བྱམས་པ་ལ་སོགས་པ་བསྒོམས་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿའི་ཡི་གེ་བསམས་ནས་ནམ་མཁའི་མཐིལ་དུ་རྡོ་རྗེ་ཏིལ་གྱིས་གང་བུ་བཞིན་དུ་བར་མཚམས་མེད་པར་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དང་དེ་དང་ཐ་མི་དད་པའི་བླ་མ་རྣམས་ཀྱི་སྐུ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་གང་བར་ཀུན་དུ་དམིགས་ནས་ཧྲཱིཿའི་ཡི་གེ་དེ་ལས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྡོ་རྗེའི་ལྷ་མོ་དང་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་ཡང་དག་པར་མཆེད་ནས་བདག་ཉིད་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་གུས་པ་དང་དུལ་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་བྱས་ཏེ། པུས་མོའི་ལྷ་ང་བཙུགས་ནས་ཕྱག་འཚལ་བར་བལྟའོ། །འདི་ལྟར་སྔར་བརྗོད་གཟུགས་སོགས་དང༌། །དེ་བཞིན་རིན་ཆེན་སོགས་ཕུང་པོས། །མཆོད་པ་རྣམ་པར་བརྟག་བྱས་ནས། །སྔགས་པས་དེ་རྣམས་འབད་པས་མཆོད། །དེ་ལྟར་དེ་རྣམས་མདུན་འདུ་གནས། །བུས་བཙུགས་ཐལ་མོ་སྦྱར་བྱས་ཏེ། །སྡིག་པ་ལ་སོགས་མི་དམིགས་པས། །བཤགས་པ་ལ་སོགས་པ་བྱའོ། །བདག་གི་སྡིག་ཀུན་བཤགས་པར་བགྱི། །དགེ་ལ་མཆོག་དགས་རྗེས་ཡི་རང༌། །ཇི་སྲིད་འགྲོ་གནས་གང་དོན་དུ། །བཅོམ་ལྡན་དམ་ཆོས་རིན་ཆེན་དང༌། །དཀོན་མཆོག་གསུམ་ལ་མངོན་པར་སྐྱབས་སུ་མཆི། །བྱང་ཆུབ་ཡིད་ལ་བཟུང་ཞིང་དེ་ཡི་ལམ། །ཡང་དག་བསྟེན་ཞིང་དགེ་བའི་གཏེར་རྣམས་ནི། །རྫོགས་པའི་བྱང་ཆུབ་ཆེད་དུ་ཡང་དག་བསྟེན། །དེ་བཞིན་དཀོན་མཆོག་གསུམ་ལ་བདག་སྐྱབས་སོ། །ཞེས་པ་ལ་སོགས་ཐམས་ཅད་བཀླགས་ནས་སོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ལྷ་ཉིད་ཀྱི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ཁོ་ན་ལ་སྡུག་བསྔལ་ཐམས་ཅད་སེལ་བའི་རྣམ་པ་སྙིང་རྗེ་དང༌། །དེ་ནས་དེ་རྣམས་ཁོ་ན་ལ་བདེ་བ་དང་མི་འབྲལ་


DTG028_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་རྣམ་པ་དགའ་བ་དང༌། །དེ་ནས་དེ་རྣམས་ཁོ་ན་ལ་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཉེ་བར་སྡུད་པའི་རྣམ་པར་བཏང་སྙོམས་སོ། །དེ་ནས་གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་བ་སྟོང་པ། དེའི་རྣམ་པའི་ཡེ་ཤེས་ནང་གི་སྐྱེ་བ་མེད་པའོ། །དེ་བཞིན་ཁོ་ནར་ཁམས་གསུམ་པའི་མཐར་ཐུག་པ་ལས་ཟློག་པའི་སེམས་ཅན་མེད་པའི་ཕྱིར་མཚན་མ་མེད་པའི་ཡེ་ཤེས་ཙམ་མོ། །རྣམ་པར་རྟོག་པ་མེད་ཅིང་སེམས་པ་མེད་པས་གང་ལ་ཡང་སྨོན་པ་མེད་པ་གང་ཡིན་པ་དེ་ལས་རྒྱུ་བ་དང་བཅས་པ་དང༌། རྒྱུ་བ་མེད་པའི་དངོས་པོ་མ་ལུས་པ་ལ་སྨོན་པ་མེད་པའོ། །དེ་ལྟར་རྣམ་པ་སྣ་ཚོགས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་རང་གི་སེམས་ལ་རང་གི་སོ་སོར་རིག་པས་བལྟས་ནས་སློབ་དཔོན་གྱིས་འཆད་པར་འགྱུར་བའི་གསང་སྔགས་ཀྱི་དོན་ལ་ལྷག་པར་མོས་པས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སྭཱ་བྷཱ་བ་ཤཱུ་ནྱ་སརྦ་དྷརྨཱཿསྭ་བྷཱ་བ་ཤཱུ་ནྱོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། སྟོང་ཉིད་རོ་གཅིག་མ་སྦྱར་བས། །བྱང་ཆུབ་མཆོག་ཏུ་མི་འགྱུར་བ། །དེ་ཕྱིར་རང་ཡིད་རྟག་ཏུ་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་བྱ། །ནམ་ཞིག་སངས་རྒྱས་ཀྱི་ནི་ཞིང༌། །རྣམ་པར་མ་དག་སངས་རྒྱས་མེད། །དེ་ནས་དང་པོར་ཞིང་དག་ཕྱིར། །རང་སེམས་ཉི་མ་བསྒོམ་པར་བྱ། །དེ་ལ་གཟི་བརྗིད་ཕུང་པོའི་གཟུགས། །རང་གི་སེམས་ནི་བལྟ་བར་བྱ། །ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། །སྐྱེས་པའི་རྡོ་རྗེ་ཕྲ་མོ་རྣམས་སོ། །དེ་རྣམས་ཀྱི་འོག་དང་སྟེང་གི་ཕྱོགས་བཞིར་རྡོ་རྗེའི་ར་བ་དང་གུར་བསམ་པར་བྱའོ། །རེ་ཕྱིར་ཐོག་མ་དབུས་མཐའ་གྲོལ། །དེ་དང་ཟད་པ་སྤངས་པ་ཡི། །ཡེ་ཤེས་རྩལ་གནས་པའི་ཆོས། །ཐམས་ཅད་དག་པའི་གོ་འཕང་གནས། །འདི་ལྟར་ཇི་སྐད་བཤད་ཡེ་ཤེས། །རྫོགས་པ་ཡོངས་སུ་འཇུག་པ་ནི། །ཆོས་འབྱུང་ཕྱག་རྒྱ་གྲུ་གསུམ་པ། །དཀར་པོ་སྟེང་དུ་གནས་བསམ་བྱ། །སྣ་ཚོགས་ཆུ་སྐྱེས་རྡོ་རྗེའི་དབུས་གནས་པ། །ནམ་མཁའི་མཐར་ཐུག་པ་ཡི་གཟུགས་ཅན་ནོ། །དེ་ནས་རླུང་མེ་ཆུ་སའི་དཀྱིལ་འཁོར་དུ། །ཨ་ཡིག་ཡོངས་


DTG028_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་ཟླ་བ་དེ་ལ་དེའི། །སྟེང་དུ་ཟླ་བར་པཾ་ཡིག་སེར་པོ་ནི། །ཡོངས་སུ་གྱུར་པའི་སྣ་ཚོགས་པདྨའོ། །དེ་ཡི་ཟེ་འབྲུར་ཟླ་བ་བྷྲཱུཾ་ཡིག་ལས་སྐྱེས་པའི་འཁོར་ལོ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་རང་གི་ངོ་བོ་ཡེ་ཤེས་ཀྱི་མཆོད་རྟེན་ཁང་པ་བརྩེགས་པ་བལྟ་བར་བྱའོ། །ཇི་ལྟར། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང༌། །དྲ་བ་དྲ་ཕྱེད་མེ་ཏོག་ཕྲེང༌། །མེ་ལོང་ལ་སོགས་པས་བརྒྱན་པ། །ཤིན་ཏུ་རྣམ་པར་དག་པ་ཡི། །ཆོས་ཀྱི་དབྱིངས་ལས་སྐྱེས་པའི་ཕྱིར། །ཉེར་སྤྱོད་ལྔ་ཡིས་བརྒྱན་པའོ། །འགྲོ་བ་མ་ལུས་པ་ཤིན་ཏུ་རྣམ་དབྱེར་མེད་པར་བརྗོད་པའི་ཕྱིར། །དེར་གྱུར་པའི་ཉེས་པས་རྗེས་སུ་གོས་པ་མེད་པའི་ཕྱིར་སྡོང་བུ་གཅིག་ལ་རིམ་པ་གསུམ་འདབ་མ་སུམ་ཅུ་རྩ་དྲུག་པའི་སྣ་ཚོགས་པདྨའི་གདན་ཉེ་བར་མཛེས་པའི་ལྷའི་གནས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཀུན་དུ་གདུང་བ་ཞི་བར་བྱེད་པའི་ཕྱིར་དང་དགེ་བའི་རྩ་བ་ཉེ་བར་བསགས་པའི་ཕྱིར་དང༌། ཐུགས་རྗེ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར། འདབ་མ་སོ་སོར་ཟླ་བའི་གདན་ལ་རྗེས་སུ་སོན་པ་མ་རིག་པའི་མུན་པ་རྣམ་པར་བཟློག་པའི་ཕྱིར་དང༌། མི་དགེ་བའི་འདབ་མ་སྐེམས་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར་དང༌། ཤེས་རབ་ཀྱི་རང་བཞིན་ཅན་ཉིད་ཀྱི་ཕྱིར་སྒོ་དང་ཟུར་དུ་ཉི་མའི་གདན་ལ་གནས་པའོ། །ཐུགས་རྗེས་བརླན་པ་ཉིད་ཀྱི་ཕྱིར་དང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་བུམ་པ་གང་བ་རྣམས་ཀྱིས་ཡོངས་སུ་བརྒྱན་པའོ། །ཡེ་ཤེས་ལྔའི་རང་བཞིན་གྱིས་རིན་པོ་ཆེ་ལྔའི་རང་བཞིན་ནོ། །དེ་བཞིན་དུ་རང་གི་སེམས་དེ་རྣམ་པར་དག་པར་གྱུར་པ། ཁང་པ་བརྩེགས་པའི་རང་བཞིན་ཁང་པ་རུ། །དེ་ལ་དབུས་སུ་ཟླ་བའི་གདན་ལ་ནི། །བཅུ་དྲུག་ཉིས་འགྱུར་གྱི་ནི་དབྱངས་རྣམས་ཀྱི། །སུམ་ཅུ་རྩ་གཉིས་མཚན་གྱིས་ཚོགས་པ་ཡི། །ནུས་པས་རྫོགས་པར་བྱེད་པར་བལྟ་བར་བྱ། །ལུགས་སུ་འབྱུང་དང་ལུགས་ལས་བཟློག་པ་ཡི། །ཕྲེང་བ་གཉིས་སུ་ངེས་པར་གནས་པ་ཡིས། །དག་པ་ཟླ་བ་ཤེལ་གྱི་རྣམ་པ་ཡིས། །རྣམ་པར་འཕྲོ་བའི་འོད་ཟེར་ཕྲེང་རྣམས་ཀྱིས། །དེ་ནས་ཀ་ལ་སོགས་


DTG028_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སུམ་ཅུ་བཞི། །དེ་རྣམས་ཌ་ཌྷ་ད་ཌྷ་ཡ་ལ་དང་བཅས་པ་རྣམས་འབད་པ་ཆུང་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རབ་ཏུ་བཅུག་ནས་བཞི་བཅུར་བྱའོ། །དེ་རྣམས་ཁོ་ན་ཉིས་འགྱུར་དུ་བྱ་སྟེ། དཔེ་བྱད་བརྒྱད་ཅུ་པོ་རྣམས་སོ། །དེ་རྣམས་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེ་བཞིན་དུ། སྐུ་ཡི་བྱིན་རླབས་ལ་གྲུབ་པ། །དེ་ནི་གང་ལས་འབྱུང་བར་འགྱུར། །ཌ་ཌྷ་ད་དྷ་ལ་ཡ་བདག །བཅུག་ནས་ཉིས་འགྱུར་ཀ་སོགས་བྱ། །དེ་ལས་ཀྱང་ཟླ་བསམ་བྱས་ནས། །དཔེ་བྱད་སྒྲུབ་པར་བྱེད་པའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱིར། །སྙིང་རྗེའི་རྩ་བ་ལས་བྱུང་དྲགས། །དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ། མེ་ལོང་དང་མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་རྗེས་སུ་སྒྲུབ་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཧྲཱིཿའི་ཡི་གེའི་ས་བོན་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་པདྨ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུབ་པའི་མཆོག་རྡུལ་ཕྲ་རབ་ཀྱི་ལུས་ཚད་མེད་པ་དང༌། བསྡུས་པའི་དངོས་པོ་དང་སྐད་ཅིག་དང་དགའ་བ་བཞི་རྣམ་པར་དག་པ་ཡང་དག་པར་གསལ་བར་བྱེད་པའི་ཞལ་བཞི་པར་བལྟ་བར་བྱའོ། །འགྲོ་བ་ཚིམ་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྩ་བའི་ཞལ་དང་ལུས་གང་བའི་ཟླ་བ་ལྟར་དཀར་བ། གཡས་པ་དང་རྒྱབ་དང་གཡོན་པའི་ཞལ་སྔོན་པོ་དང་དམར་པོ་དང་ལྗང་གུའོ། །སྔགས་དང་བདག་དང་ལྷའི་དེ་ཉིད་གསུམ་གསལ་བར་བྱེད་པ་པོ་ཉིད་ཀྱི་ཕྱིར་སྤྱན་གསུམ་རྣམ་པར་ཐར་པ་བརྒྱད་ཀྱི་ཚུལ་གྱི་ཕྱིར་ཕྱག་བརྒྱད་དོ། །སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་མཉམ་པའི་བདག་ཉིད་ཅན་གྱི་དངོས་པོའི་ཕྱིར་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་པའི་སྐུ་གསལ་བར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྣམ་པ་གཉིས་སྒྲོན་མས་ཀུན་དུ་སྣང་མེས་བྱེད་པ་ལྟར་རང་སྣང་གི་རིག་མ་གོས་དཀར་མོ་གཡོན་གྱི་པང་དུ་ཕྱག་གིས་འཁྱུད་དེ་འཛིན་པའོ། །སྲིད་པའི་འཆིང་བ་ལས་གྲོལ་བའི་ཕྱིར་དང༌། ཏིང་ངེ་འཛིན་རྣམ་པར་འཆད་པ་ཡང་དག་པར་བསྲུང་བའི་ཕྱིར་སྐྱིལ་ཀྲུང་ཕྱེད་པའོ། །གཟུགས་ལ་སོགས་པའི་ཕུང་


DTG028_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ལྔ་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་དང༌། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱིར་གཡས་པའི་ཕྱག་དང་པོར་གནས་པའི་རྩེ་མོ་ལྔ་པའི་རྡོ་རྗེས་གཡོན་གྱི་ཕྱག་དང་པོར་གནས་པའི་པདྨ་འབྱེད་བཞིན་པའོ། །ཇི་ལྟར་པདྨ་དམར་པོ་ནི། །གནས་ཀྱི་ཉེས་པས་མི་གོས་པ། །དེ་བཞིན་གྲུབ་པའི་རྣལ་འབྱོར་ལྡན། །གནས་ཉེས་སྣ་ཚོགས་ཀྱིས་ཀྱང་ངོ༌། །དེ་ཕྱིར་པདྨ་ཞེས་བརྗོད་དོ། །གདུལ་དཀའ་བ་འགགས་པར་བྱེད་པའི་ཕྱིར་པདྨའི་ལྕགས་ཀྱུ་གདེངས་པའོ། །གདུལ་བྱ་མ་ཡིན་པ་འཆིང་བར་བྱེད་པ་ཉིད་ཀྱི་ཕྱིར་པདྨའི་ཞགས་པས་མཚན་པའི་ཕྱག་གོ །དོན་དམ་པ་ལས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསལ་བར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་ཕྱག་ཏུའོ། །སྐྱེ་མཆེད་དྲུག་ལ་སོགས་པའི་ལུས་འཇོག་པ་སྤངས་པའི་ཕྱིར་རོ། །མགོ་བོ་ལ་སོགས་པ་རྐང་པའི་མཐར་ཐུག་པའི་རྣམ་པར་དཔྱད་པ་ལས། སྟོང་པ་ཉིད་རོ་གཅིག་ཅིང་དབྱེ་བ་མེད་པའི་མགོ་བོའོ། །གཡོ་བ་མེད་པའི་དངོས་པོའི་ཕྱིར་དག་པའི་ཤེལ་དང་དུང་དང་ཀུནད་དང་ཟླ་བ་ལྟར་དཀར་བའི་ཁ་ཊྭཱཾ་ག་བསྣམས་པ་དམ་པའི་ཆོས་ཀྱི་ཕྱིར་ཕྱག་ཏུ་རིན་པོ་ཆེའོ། །སྤྲོས་པ་མེད་པའི་ཤེས་རབ་ཀྱི་བདག་ཉིད་དང་བཅས་པ་ཉིད་ཀྱིས་ལྷ་མོའི་ནུ་མ་ལ་རེག་ཅིང་དགའ་བའོ། །སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་ལ་སོ་སོར་རྟོག་པའི་མཆོག་ཉིད་ཀྱི་ཕྱིར་འོད་དཔག་མེད་ཀྱི་ཅོད་པན་ཅན་ནོ། །བཅུད་ལེན་ཡོངས་སུ་རྫོགས་པའི་ཕྱིར་དང་ཡེ་ཤེས་ཀྱི་ཟླ་བའི་ཆའི་མྱུ་གུ་ཅན་གྱི་རལ་པའི་ཚོགས་ཀྱིས་བརྒྱན་པ་དེ་ཁོ་ན་ཉིད་ཀྱི་ཆ་ཤས་བསྡུས་པར་བཅས་པ་རྣམ་པར་འཇོམས་པ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་པདྨ་དཀར་པོས་དབུ་ལ་མཚན་པའོ། །དེ་བཞིན་དུ། སེམས་ཅན་རྗེས་སུ་འཛིན་པ་ཡི། །ཐུགས་རྗེས་རྗེས་ཆགས་ཡང་དག་བྱུང༌། །ཡང་དག་རྫོགས་པའི་དགེ་ཆོས་ཀྱིས། །ཉོན་མོངས་ཐམས་ཅད་ངེས་འདུལ་བྱེད། །ཀུན་གྱིས་བརྒྱན་པའི་གཟུགས་རྣམས་ཀྱིས། །ཞི་དང་སྒེག་པ་འཆང་བ་པོ། །ཤེས་རབ་ཐབས་བདག་དམ་པའི་སྐུ། །མཚན་མོར་བྱེད་པ་མཆོག་འབར་བྱེད། །ཅེས་པ་དང༌། གཞན་ཡང༌། བཅོམ་


DTG028_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་འདས་མའང་ཐམས་ཅད་དུ། །བཅོམ་ལྡན་འདས་མཚུངས་བསམ་པར་བྱའོ། །ཞེས་སོ། །ཡང་ན་ཕྱག་གཉིས་པདྨ་དམར་པོ་རྣམ་པར་རྒྱས་པར་བྱེད་བཞིན་པའོ། །དེ་བཞིན་དུ། སྣ་ཚོགས་སྤྲུལ་པའི་རྣམ་གཡེང་གིས། །མ་ལུས་འགྲོ་དོན་བྱ་དེ་མཆོག །བཅོམ་ལྡན་འདས་གཟུགས་བདག་ཉིད་ནི། །བསམས་ནས་བསྒོམ་པར་བརྩམ་པར་བྱ། །ཞེས་དེ་ལྟ་བུ་ནི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་རང་གི་དོན་སྒྲུབ་བྱེད་དོ། །

དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG028_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །གཞན་གྱི་དོན་དུ་སོ་སོར་བསྒོམ་པར་བྱའོ། །དེའི་རྗེས་སུ་འགྲོ་བ་མཐའ་དག་ལ་ཐུགས་རྗེས་བསྟན་ནས། སྙིང་གར་ཡེ་ཤེས་སེམས་དཔའ་ཧྲཱིཿཡིག་གི་ས་བོན་ལས་འོད་ཟེར་ཀུན་དུ་སྤྲོས་ནས་ཕྱོགས་བཅུར་གནས་པའི་དེ་བཞིན་གཤེགས་པའི་བདག་ཉིད་རྣམས་བཀུག་ནས་རབ་ཏུ་བཅུག་ནས་བསམ་པར་བྱའོ། །དེ་རྣམས་ཀྱང་མཐར་དེའི་གཟུགས་ཀྱི་རྣམ་པ་ཡོངས་སུ་གྱུར་པས་འགྲོ་བ་རྗེས་སུ་གཟུང་བའི་ཕྱིར་རབ་ཏུ་ཕྱུང་ནས་འདི་ལྟར་གཟུགས་ཀྱི་རྣམ་པ་ཡོངས་སུ་གྱུར་ནས་སྔར་བརྗོད་པའི་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཀ་ཡིག་ལ་སོགས་པའི་ས་བོན་དང་མཚན་མ་རྣམས་སུ་གནས་པ་བསམ་པར་བྱའོ། །དེ་བཞིན་དུ། སངས་རྒྱས་ཚོགས་རྣམས་བཀུག་ནས་ནི། །རང་གི་ས་བོན་ནང་གཞུག་བྱ། །སླར་ཡང་ཡིད་ཀྱིས་ཕྱུང་ནས་ནི། །གཉུག་མའི་ས་བོན་རིམ་ཇི་བཞིན། །འདི་ཡི་དགོད་པའི་རིམ་པ་ནི། །དང་པོའི་འདབ་མ་བརྒྱད་ཀྱི་རིམ་པ་ལ། ཤར་དུ་པདྨ་སྤྱན་མ་ལྷ་མོ་བསྒོམ་པ་བློ་ལྡན་པ། །ལྷོ་དུ་རིན་ཆེན་པདྨ་ཞེས། །ནུབ་ཏུ་པདྨ་རྡོ་རྗེ་ཅན། །དེ་བཞིན་གཡོན་དུ་པདྨ་སྒྲོལ་མ། མེ་རུ་པདྨ་གོས་མ་སྟེ། །པདྨ་འབར་བ་བདེན་བྲལ་དུ། །པདྨ་སྔོན་མོའི་ཁྲོ་གཉེར་ཅན། །རླུང་གི་ཟུར་དུ་ཡང་དག་གནས། །པདྨ་རྩེ་མོ་དབང་ལྡན་དུའོ། །དྲུག་གཉིས་འདབ་མའི་རིམ་པའི་ལྷ་མོ་རྣམས་སོ། །དེ་རྣམས་མིང་ནི་རིམ་པར་བཤད་པ་ནི། །པདྨ་སྐར་མདའ་པདྨ་སྒྱུ་མ་དང༌། །དེ་བཞིན་པདྨ་འདོད་པའི་དབང་ཕྱུག་མ། །པདྨ་ལྡན་པ་པདྨ་མཚུངས་མ་དང༌། །དེ་བཞིན་པདྨ་གཏུམ་པོའི་དབང་ཕྱུག་མ། །པདྨ་གསང་མ་པདྨ་ཆེན་མོ་དང༌། །པདྨ་ཟླ་བ་ཕྱི་མར་བཤད་པའོ། །


DTG028_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པདྨ་སྣང་མ་པདྨ་གཽ་རཱི་མ། །པདྨ་མཛོད་མ་དང་ནི་བཅུ་གཉིས་སོ། །དེ་ནས་གསུམ་པ་འདབ་མ་བཅུ་དྲུག་པ་དེ་ལ་ལྷ་མོ་རྣམས་རིམ་པ་ཇི་ལྟ་བ་བཞིན་ཏེ། །པདྨ་དབང་ཕྱུག་པདྨའི་གདོང་མ་དང༌། །པདྨ་གཏུམ་མར་རབ་ཏུ་གྲགས་པ་དང༌། །པདྨ་རིག་པ་མཆོག་མའི་མཆོག་དང་ནི། །སླར་ཡང་པདྨ་རྒྱ་མཚོ་མ་དང་ནི། །པདྨ་སྣང་བྱེད་མ་ཞེས་རབ་བརྗོད་མ། །དེ་བཞིན་པདྨ་ཡིད་བཞིན་ནོར་བུ་དང༌། །པདྨ་འདོད་མ་པདྨ་འགྲོ་མ་དང༌། །པདྨ་ནག་མོ་པདྨ་བདེ་མ་དང༌། །བཅུ་བཞི་མ་ནི་པདྨ་ཅན་མ་སྟེ། །གཞན་ཡང་པདྨ་སྔོན་མའི་གཏེར་མ་དང༌། པདྨ་རྣལ་འབྱོར་དབང་ཕྱུག་མ་ནི་མཛེས། །ཞེས་པ་རིམ་པ་གསུམ་པའི་ལྷ་མོ་རྣམས། །འདི་ནི་ཀུནད་ཟླ་བ་བ་མོ་དང༌། །ག་པུར་གང་བ་ལྟ་བུར་ཡན་ལག་གསལ། །དགའ་བའི་ཚོགས་རྣམས་རྣམ་རྒྱལ་དགོད་པ་དང༌། །མཁུར་པའི་རི་མོ་ཅུང་ཟད་དཀར་དམར་ཏེ། །རྣམ་བཀྲ་སྤྱོད་མ་སྒེག་པ་རྒྱུན་ཆགས་པར། །གར་སྡུད་གླུ་ཡིས་རྟེན་ལ་རབ་ཏུ་འཇུག །ཨུཏྤལ་རྣམ་པར་རྒྱལ་བའི་རྫི་མས་མཚན། །སྤྱན་གསུམ་ཀུན་ནས་མཛེས་པའི་ཞལ་གཅིག་པ། །ཐོད་པའི་ཕྲེང་བ་མཐིལ་དུ་འབྱར་བྱེ་བ། །རྣམ་རྒྱས་གསེར་དམ་པའི་འདབ་བཀྲ་བ། །མཚོ་ལས་སྐྱེས་པ་རྣམ་པར་ཁ་བྱེ་བ། །དག་པ་མགོ་ལ་ཅོད་པན་དུ་འཆང་བ། །བསྙེམས་བཅས་གྱེན་དུ་དྲང་པོར་བསྒྲེང་བའི་ལུས། །ཁ་ཊྭཱཾ་ག་ལ་ཅུང་ཟད་གཟིགས་པར་བཅས། །གཡས་མིན་ལ་དང་གཡས་པའི་ཕྱག་གནས་པ། །ཐོད་པའི་དོ་ཤལ་འོད་དང་རྣམ་སྒེག་པ། །ཕྱག་གི་རྩེ་མོར་རྣམ་བཀྲའི་ཞགས་པས་རོལ། །ཕྱག་གཞན་དུ་ནི་དྲག་པོའི་ལྕགས་ཀྱུས་བྲེལ། །དགའ་བ་དགའ་བཅས་མི་དལ་གར་བྱེད་དོ། །ཁོར་ཡུག་ཀུན་དུ་ཉམས་དང་བཅས་པ་དྲག །ཅེས་པ་བསྐྱོད་པའི་ཉམས་ཀྱིས་འཁོར་ལོ་བཅིངས་པས་གར་བྱའོ། །དེ་བཞིན་དུ་གླུ་ནི་བླང་བར་བྱ་སྟེ། ཇི་ལྟར། ཨོཾ་དེ་བཞིན་གཤེགས་ཀུན་ལ་སོགས་རྣམ་པ་སྣ་ཚོགས་མཆོག་གིས་གཟུགས་འཆད་བ། །རྣམ་པ་སྣ་ཚོགས་རྣམ་བཀྲ་སེམས་ཅན་འདུལ་བ་མཆོག་ཏུ་གྲུབ་པ་མཆོག །སེམས་ཅན་དག་པ་པདྨོ་མཆོག་གི་དགའ་བ་བལྟ་བར་གྱིས། །ཨ་ལ་ལ་ལ་ཧོ། པདྨ་སྤྱན་


DTG028_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རས་གཟིགས་པ་ཡི་ནི་དབང་ཕྱུག་ཐར་པའི་དགའ་པའོ། །ཨོཾ་སངས་རྒྱས་ཁྱོད། རྡོ་རྗེ་འཛིན་པ་ཁྱོད། །ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ཁྱོད། །ཟླ་བ་ཉི་མ་ཁྱོད། ཨ་ལ་ལ་ལ་ཧོ། པདྨ་ཛཱ་ལ་ཤྲཱིཿཞེས་གླུ་བླང༌། སླར་ཡང་པྲྀ་ཀྲ་ཏའི་སྐད་ཀྱིས་གླུ་ལེན་པ། །རྣམ་པ་མང་པོ་འདུལ་བའི་རྣམ་པ་ཡི་ནི་གནས། །རབ་ལས་གར་གྱིས་སྡུད་པའི་སངས་རྒྱས་གར་དབང་ཕྱུག །ཆོགས་ནི་རྣམ་སད་ཡིད་ནི་རྣམ་པར་རྨོངས་པའི་གར། །གར་གྱི་གར་གྱིས་མ་འདྲེས་གླུ་འདི་བླར་གསང་བཅས། །ཞེས་པྲ་ཀྲྀ་ཏའི་གླུ་ཡིས་གླ་ལེན་པར་བྱེད་དོ། །ཕྱི་རོལ་དུ་པི་ཝང་མ་ལ་སོགས་པའི་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་པདྨ་ཕེག་རྡོབ་ཀྱི་རོལ་མོས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་ཅིང་ཕེག་རྡོ་བརྗོད་པར་བྱེད་དོ། ཨོཾ་པདྨ་པདྨ་ཧྲཱིཿ་ཨོཾ་པདྨ་པདྨ་ཤྲཱིཿ་ཨོཾ་པདྨ་པདྨ་དྷི། ཨོཾ་པདྨ་པདྨ་ཏྲཱིཾ། ཨོཾ་པདྨ་པདྨ་ཧཱིཾ། ཨོཾ་པདྨ་པདྨ་བྷྲཱུཾ། ཨོཾ་པདྨ་པདྨ་ཧྲཱཾ། ཨོཾ་པདྨ་པདྨ་ཤྲཱི། ཞེས་པས་པདྨ་འདབ་མ་བརྒྱད་པའི་སྙིང་པོར་གར་བྱེད་དོ། །འདི་ལྟར་གསལ་བྱེད་སུམ་ཅུ་རྩ་དྲུག་གི་རང་བཞིན་གྱི་ལྷ་མོ་རྣམས་བསམ་མོ། །ཅི་ལྟར་མཐར་གནས་ལ་སོགས་པའི་རབ་ཏུ་དབྱེ་བ་ལས་ར་ཡིག་སྤངས་པ་རྗེས་སུ་སྣ་ལྡན་ལ་སོགས་པ་དང་བཅས་པ་རྗེས་སུ་སྣ་ལྡན་ལ་སོགས་པ་དབྱངས་ཐུང་དུ་ནི་ཐབས་སོ། །རིང་པོ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་མཐའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་པར་བྱེད་པའི་བདག་ཉིད་དཀྱིལ་འཁོར་གྱི་འདྲེན་པ་དབུས་གྱི་ཟེ་འབྲུ་ལ་བལྟ་བར་བྱའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པ་པདྨ་བརྒྱད་པའི་ནང་གི་རིམ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རྣམ་པར་དག་པ་གཉིས་པའོ། །སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་གསུམ་པའི་ཞེས་ཁོང་དུ་ཆུད་ནས་དེའི་རྗེས་སུ་ཧྲཱིཿ་ཡིག་ལས་ཁམས་གསུམ་པ་ཁྱབ་པའི་འོད་ཟེར་གྱི་ཚོགས་སྤྲོས་ནས། ཆོས་སྟོན་པ་ལ་སོགས་པ་མཐའ་ཡས་པའི་ཐབས་རྣམས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ལ་སོ་སོར་བཀོད་ནས། དེ་བཞིན་གཤེགས་པ་དེ་རྣམས་བཀུག་ནས་དེའི་


DTG028_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་བོན་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྲུང་བའི་ཆེད་དུ་ཁྲོ་བོའི་གཟུགས་ཀྱིས་དབྱུང་བར་བྱའོ། །དེ་ལ། མ་དད་ཕུང་པོ་འཇིག་ལྟ་དང༌། །ཤེས་བྱའི་སྒྲིབ་པ་ཟད་པ་དང༌། །དད་པའི་རང་བཞིན་བཟང་པོ་ནི། །ཤར་སྒོར་པདྨ་ལྕགས་ཀྱུའོ། །ཁ་དོག་དཀར་པོ་ཆེན་པོའི་སྐུ། །རབ་སྤྲོས་ཁྲོ་བོས་ཀུན་ཏུ་འཁྲུགས། །སྔོན་པོ་དམར་པོར་སྣང་བའི་ཞལ། །སྤྱན་གསུམ་འཇིགས་པའི་གཟུགས་ཅན་ཏེ། །ལྕགས་ཀྱུ་ཐོ་བ་འཁོར་ལོ་དང༌། །ཐོད་པ་ཁ་ཊྭཱཾ་སྡིགས་མཛུབ་རྣམས། །འཆང་ཞིང་ཉི་མའི་དཀྱིལ་འཁོར་དབུས།། སོན་ཅིང་རྟག་ཏུ་བཞུགས་པའོ། །ལེ་ལོ་ཉོན་མོངས་པ་ཡི་བདུད། །མཐར་འཛིན་ལྟ་བ་མི་མཐུན་ཕྱོགས། །རྣམ་དག་བརྩོན་འགྲུས་ཡང་དག་བྱུང༌། །འབར་བའི་གསེར་གྱིས་མཚུངས་པ་སྟེ། །གེ་སར་སྔོན་པོའི་ཞལ་ལ་ནི། །སྤྱན་ནི་གསུམ་པོ་འཆང་བར་བྱེད། །དབྱུག་པ་ཞགས་པ་ཐོད་པ་དང༌། །ཁ་ཊྭཱཾ་སྡིགས་མཛུབ་ནོར་བུའོ། །མ་ལུས་སངས་རྒྱས་རྣམས་ཀྱི་ཚོགས། །འདུལ་བའི་དོན་དུ་ཡང་དག་གདེངས། །ཉི་མའི་གདན་ནི་ཀུན་ཏུ་གནོན། །པདྨ་ཞགས་པའང་ལྷོ་ཕྱོགས་སུའོ། །འཆི་དང་བརྗེད་ངས་ལོག་ལྟ་དང༌། །ཆོས་ཀྱི་སྒྲིབ་པ་མི་མཐུན་ཕྱོགས། །རྣམ་དག་དྲན་པ་ཡང་དག་བྱུང༌། །པདྨ་ལྕགས་སྒྲོག་ཉི་མའི་འོད། །དམར་གནག་དཀར་བའི་སྤྱན་གསུམ་གྱི། །དམར་སེར་མེ་ཡི་འོད་རྣམས་ཀྱིས། །གསལ་བའི་ཞལ་གྱིས་ཁྲོས་པ་ཡི། །འོད་ཀྱིས་ནམ་མཁའ་ཀུན་རྟོགས་པ། །ཐོད་པ་ཁ་ཊྭཱཾ་ག་བསྣམས་ཤིང༌། །སྡིགས་མཛུབ་འཁོར་ལོ་འཆང་བ་པོ། །གཡས་བརྐྱང་གནས་སུ་གནས་པའོ། །ལྕགས་སྒྲོག་པདྨ་ཕྱག་གིས་བསྣམས། །ནུབ་ཀྱི་ཕྱོགས་སུ་ཀུན་སོང་སྟེ། །ཉི་མར་ཐུགས་རྗེའི་གཏེར་བསམ་བྱ། །རྣམ་གཡེང་ལྟ་བ་མཆོག་འཛིན་དང༌། །ལྷ་ཡི་བུ་བདུད་བྱ་བའི་སྒྲིབ། །རྣམ་པར་གཡེང་བས་རབ་ཏུམ་འོད། །དམ་པའི་ཏིང་ངེ་འཛིན་རང་བཞིན། །ལྗང་གནག་དཀར་བའི་རྣམ་པ་ཡི། །ཞལ་གྱིས་ཀྱང་ནི་རྣམ་པར་བརྒྱན། །བཻ་ཌཱུཪྻ་འོད་སྤྱན་གསུམ་པ། །པདྨ་འབེབས་པ་པད་ཆེན་པོ། །རྡོ་རྗེ་རལ་གྲི་ཁ་ཊྭཱཾ་ག །སྡིགས་མཛུབ་སྣོད་


DTG028_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བརྒྱན་པར་བྱ། །དེ་ནས་འགྲོ་བའི་བྱ་བྱས་ནས། །དེ་ཡི་མི་མཐུན་ཕྱོགས་ཟད་སྐྱེས། །དེ་བསྡུས་བརྟན་པར་བལྟས་ནས་ནི། །བྱང་གི་སྒོ་རུ་ཉི་མ་ལའོ། །ཁྲོས་པས་སྟག་གི་པགས་པའི་གོས། །སྤྲུལ་གྱི་རྒྱན་གྱིས་བརྒྱན་པ་དང༌། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །ཐོར་ཅོག་ལྔ་ནི་འཆང་བ་དང༌། །དགུག་དང་གཞུག་དང་འཆིང་བ་དང༌། །དེ་བཞིན་དུ་ནི་མཉེས་པར་བྱེད། །རྣམ་པར་གཞོམ་དུ་མེད་པའི་ལས། །གཞན་ནི་ཁྱད་པར་ལས་ཤེས་བྱ། །ཟུར་མ་རྣམས་སུ་མཁའ་འགྲོ་མ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྱན་གསུམ་བདོག་སྣ་ཚོགས་པ། །གཙིགས་པའི་ཞལ་གྱིས་འཇིགས་པར་བྱེད། །སྣོད་དང་ཅང་ཏེའུ་ཁ་ཊྭཱཾ་ག །དྲིལ་བུ་ཞེས་པ་འཆང་ཞིང་བསྟོད། །སྣ་ཚོགས་ཆུ་སྐྱེས་ཟླ་དབུས་གནས། །དེ་བཞིན་ཕྱོགས་རིམ་གཡས་བརྐྱང་བཅས། །རོ་ལངས་དྲག་པོའི་སྒྲ་ལྡན་མ། །རྡོ་རྗེ་མ་ཆེ་མ་སྟོབས་ཆེན་མ། །ཡན་ལག་ཐམས་ཅད་བསྡུས་པའི་རྒྱུས། །ཀུན་དུ་འཁོད་ཅིང་རྣམ་གནས་པ། །དཀྱིལ་འཁོར་བ་ཉིད་བསམ་པར་བྱས། །དཀྱིལ་འཁོར་བདག་པོ་ལ་མངོན་ཕྱོགས། །དེའི་རྗེས་སུ་འདི་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་ནི། ཨོཾ་ཏྲཱཾ་ཧཱུཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བྷྲཱུཾ་ཁཾ་ཧྲིཾ་ཧྲོཾ་ཧཱུཾ་བཾ་ཨོཾ་ཧཱུཾ་ཨོཾ་ཨཱཿཧཱུཾ་ཞེས་པ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་ལུས་དང་ངག་དང་ཡིད་རྣམས་ཐམས་ཅད་དུ་ཇི་ལྟར་རིགས་པར་ཐམས་ཅད་དགོད་པར་བྱའོ། །གཞན་ཡང་གསུངས་པ། བུཾ་ཧཱུཾ་ཨཱཾ་ཧྲི་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿ། ཁ་རཾ་ཀྵིཾ་ཛཱཾ་ཀྵཾ་ཥྐཾ་སཾ་ཁཾ་ཞེས་པ་དེ་ལྟ་བུའི་ངང་གི་ས་བོན་གཱཾ་རཾ་ཁཾ་ཧཱུཾ་དང་མཚན་མ་རང་གི་རྟེན་ལ་བརྟེན་པའི་སྐུའོ། །གཟུགས་ལ་སོགས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །ས་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་དུ་མིག་ལ་སོགས་པ་རྣམས་སུ་བཅུག་པའི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱང་ངོ༌། །ལེགས་བརྟན་ཉིད་ཀྱི་སེམས་དཔའ་ཡིས། །དང་པོར་ཐར་པས་ཤེས་བྱར་གྲགས། །ཞེས་པ་དེ་ལྟར་ཀུན་ནས་གྲུབ། །དམ་ཚིག་དཀྱིལ་འཁོར་བལྟས་ནས་ནི། །སྙིང་གའི་ཡེ་


DTG028_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་སེམས་འོད་ཀྱིས། །ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ། །འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་དུ་ཡོངས་སུ་གྲགས་པའོ། །

ལས་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG028_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་འོ་མ་ལ་འོ་མ་བཞིན་གཅིག་ཏུ་འདྲེས་པའི་དངོས་པོས་རབ་ཏུ་ཞུགས་པར་བསམ་པར་བྱའོ། །ཤེས་རབ་དང་ཐབས་ལས་བྱུང་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཆོག་ཏུ་རོ་མྱང་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བལྟ་བར་བྱའོ། །དེའི་རྗེས་སུ་མཆོད་ཡོན་གྱི་སྣོད་དུ་མེ་ཏོག་དང་ཙནྡན་ལ་སོགས་པ་སྦྱོར་བར་བསམས་ནས། པདྨ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་དཀྱིལ་འཁོར་འཁོར་ལོ་ལ་སྲུང་བ་བྱས་ཏེ་མཆོད་ཡོན་དང་མེ་ཏོག་དང་ཙནྡན་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཡེ་ཤེས་ལྔའི་རང་བཞིན་གྱིས་གང་བའི་ནོར་བུའི་བུམ་པས། དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་ལ་མངོན་པར་དབང་བསྐུར་བར་བསམ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་བཞིན་དུ་རྣམ་པར་བསམས་ནས་མཆོད་པར་བྱ་བ་དང༌། མཆོད་པ་པོ་དང་མཆོད་པའི་བདག་ཉིད་སེམས་ཙམ་མོ་ཞེས་རྣམ་པར་བསམས་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྔར་བརྗོད་པའི་རིམ་པས་མཆོད་པར་བྱའོ། །དེའི་རྗེས་སུ་སྒྲ་བརྙན་བཞིན་དུ་སྒྲའི་ཚོགས་མཐའ་དག་ངེས་པར་བརྟགས་ནས་དཀྱིལ་འཁོར་གྱི་ལྷ་མོ་རྣམས་འཆད་བཞིན་པའི་བསྟོད་པ་ཞལ་ནས་བརྗོད་པར་བསམས་ནས། རྡོ་རྗེ་ཆེན་པོ་ཕྱག་འཚལ་འདུད། །བདེ་བ་ཆེན་པོ་ཕྱག་འཚལ་བསྟོད། །དགའ་བ་ཆེན་པོ་ཕྱག་འཚལ་འདུད། །ཕྲིན་ལས་ཆེན་པོ་ཕྱག་འཚལ་འདུད། །ཁྱོད་ལས་རྡོ་རྗེ་དང་སེམས་དཔའ། །ཁྱོད་ལས་པདྨ་ལེགས་སྤྲུལ་པ། །ཁྱོད་ལས་རིན་ཆེན་ལྷ་མོ་ཆེ། །


DTG028_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་ཚོགས་རྡོ་རྗེ་དེ་བཞིན་ཉིད། །ཁྱོད་ལས་སངས་རྒྱས་དཔའ་བོ་ཆེ། །ཡང་དང་ཡང་དུ་ཡང་དག་འབྱུང༌། །ཁྱོད་ལས་ཆོས་དང་དགེ་འདུན་ཡང༌། །ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཁྱོད་ལས་གཟུགས་ཀྱི་དཀྱིལ་འཁོར་དང༌། །ཁྱོད་ལས་ཕྱག་རྒྱ་དང་སྔགས་ཀྱང༌། །སླར་ཡང་ཁྲོ་བོའི་རྒྱལ་པོའི་ཚོགས། །སླར་ཡང་པྲ་ཀྲྀ་ཏའི་སྐད་ཀྱིས་བསྟོད་པ། །ཡོན་ཏན་མཆོག་ཐོབ་ཤིན་ཏུ་དགའ། །བདེ་བ་ཆེན་པོ་མཆོག་ཏུ་གྱུར། །ཨ་ལ་ལ་ཧོཿ། མཐའ་དག་བདེ་ཆེན་དེ་བཞིན་གཤེགས། །མཐོང་ཞིང་ཉམས་ཀྱིས་གནས་པའོ། །བདེ་བ་ཆེན་པོ་བསམས་པ་ལས། །དེ་རིང་བདེ་བ་ཆེན་པོ་ཡི། །རོ་ཡིས་གང་བར་བྱེད་པའོ། །ཨ་ལ་ལ་ཧོཿ། མཆོག་ཏུ་བདེ་བ་ཆེན་པོ་ནི། །ཁྱོད་ལ་ཕན་པ་རབ་ཏུ་བྱེད། །པདྨའི་གནས་ཀྱི་ནང་དུ་ནི། །རྡོ་རྗེ་རྡོ་རྗེ་འདི་འགྲུབ་བྱེད། །ཅེས་བསྟོད་པ་དང་མཆོད་པ་བྱས་ལ་མཆོད་པའི་ལྷ་མོ་རྣམས་ལྷའི་ལུས་ལ་རབ་ཏུ་ཞུགས་པར་བསམས་ནས་དེའི་རྗེས་སུ་ཐོག་མར་ཡ་ཡིག་གིས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བསམས་ནས་དེའི་སྟེང་དུ་ར་ཡིག་གིས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བདུད་རྩིས་ཡོངས་སུ་གང་བའི་ཐོད་པ་བསམས་ནས་བདུད་རྩི་དེ་ཧཱུཾ་ཡིག་གིས་སྤར་བ་དང༌། ཨཱཿཡིག་གིས་བསིལ་བར་འགྱུར་བ་དང༌། ཨོཾ་ཡིག་གིས་བདུད་རྩིའི་རང་བཞིན་དུ་རྣམ་པར་བསྒོམས་ནས་ལྕེ་ལ་ཧཱུཾ་ཡིག་གིས་རྫོགས་པའི་རྡོ་རྗེས་བྱིན་གྱིས་བརླབས་པར་བསམས་ལ་སྙིང་གར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བདུད་རྩིས་ཚིམ་པར་བྱའོ། །དེ་ནས་ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས་ནས་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་གཉུག་མའི་སྙིང་གའི་ནང་དུ་བསྒོམ་པར་བྱའོ། །ཡོངས་སུ་རྫོག་པ་བསྒོམ་པའི་དོན་དུ་རྣམ་པར་དཔྱད་པ་བརྩམ་པར་བྱ་སྟེ། གཅིག་དང་གཅིག་མིན་སོགས་བརྟགས་པས། །ཕྱི་རོལ་དངོས་པོ་མི་འགྲུབ་སྟེ། །དེ་ཉིད་ཕྱིར་ན་དེ་གཟུང་དང༌། །རྣམ་པར་ཤེས་པའང་ཡོད་མ་ཡིན། །དེས་ན་འདི་དག་རང་ཉིད་ཚུལ། །རང་ལ་རག་ལས་གདན་ལ་ཁྱབ། །ཇི་བཞིན་ཡིན་དང་ཇི་བཞིན་མིན། །འགྲོ་བ་འདི་དག་རྟོགས་པར་


DTG028_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། །འདི་དེ་དམ་པའི་དོན་ཅན་གྱི། །བྱང་ཆུབ་སེམས་སོ་འདི་དེ་ནི། །ཤེས་རབ་ཕ་རོལ་ཕྱིན་པའི་དངོས། །འདི་ཉིད་མཆོག་གི་སྟོང་ཉིད་ཀྱི། །ཡེ་ཤེས་དེ་ལས་དེ་བཞིན་དུ། །རྣམ་དག་གཟུགས་ཉིད་དེ་ཡི་གཟུགས། །མེད་པ་ཉིད་ཕྱིར་དེ་དབྱེར་མེད། །དགེ་བའི་སེམས་བྱུང་སེམས་རང་བཞིན། །དཀྱིལ་འཁོར་པ་ཀུན་ཤེས་པར་བྱ། །ཞེས་པ་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །

ཐིག་ལེའི་རྣལ་འབྱོར་སོགས།


DTG028_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་རྗེས་སུ་སྙིང་གའི་ཟླ་བར་པདྨ་ཕྲ་མོ་ལ་གནས་པའི་ཧྲཱིཿཡིག་ཐིག་ལེ་དང་བཅས་པ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གཟི་བརྗིད་ཀྱི་གཟུགས་ཐམས་ཅད་ཡང་དག་པར་བསྡུས་ནས་རང་གི་ང་རྒྱལ་གྱིས་བསམ་པར་བྱའོ། །དེ་ལས་སེམས་བརྟན་པར་བྱས་ནས་དུབ་པ་སྐྱེས་པ་ལ་སེམས་དེ་ལ་ང་རྒྱལ་དང་བཅས་པར་བྱས་ནས་ཡུད་ཙམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསམ་པར་བྱའོ། །གཟི་བརྗིད་དང་ཐིག་ལེ་ལས་སྐྱེས་པའི་འོད་ཟེར་གྱི་ཕུང་པོས་ལྕེ་དང་མགོ་ལ་ངག་དང་ལུས་ལ་སོགས་པ་སྤྲོས་ནས་ཐིག་ལེ་ལ་གཟི་བརྗིད་འཕྲོག་པར་བྱེད་པར་བསམས་ནས་ཐིག་ལེ་ཙམ་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །སླར་ཡང་གཟི་བརྗིད་འཕྲོག་པར་བྱས་ནས་རང་གི་ལུས་ལས་ངེས་པར་སྣང་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་འཕྲོ་བ་དང་སྡུད་པར་བྱེད་པ་ཉིད་ཀྱིས་ཐིག་ལེའི་རྣལ་འབྱོར་བ་སྒྲོམ་པར་བྱའོ། །རྣལ་འབྱོར་པ་ནི་རྒྱལ་བ་དང༌། མངོན་པར་ཤེས་པ་དང་གྲུབ་པ་རྙེད་དོ་ཞེས་པ་མན་ངག་གོ །ཡང་ན་སྣའི་རྩེ་མོར་རང་གི་ལྷའི་མཚན་མ་ཕྲ་མོ་དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་བསྒོམ་པར་བྱའོ། །སྙིང་རྗེ་དང་ཤེས་རབ་མ་བྲལ་བར་སྒོམ་པར་བྱད་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ཇི་སྲིད་བརྟན་པར་གྱུར་པར་བལྟ་བར་བྱ་སྟེ། བརྟན་པར་གྱུར་པ་ཕྲ་མོའི་རྣལ་འབྱོར་སྤྲོ་བ་དང་སྡུད་པར་བྱེད་པ་ནི་མྱུར་དུ་དཀྱིལ་འཁོར་གྱི་འཁོར་ལོའི་དངོས་གྲུབ་ཐོབ་པར་བྱེད་དོ་ཞེས་པ་དགོད་པའི་ནུས་པ་ཇི་ལྟ་བ་བཞིན་དུ་གསུངས་པ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ། །དེའི་ནང་དུ་གནས་བསམ་པ། །དང་པོར་སྨིག་རྒྱུའི་རྣམ་པ་སྟེ། །དུ་བའི་རྣམ་པ་གཉིས་པ་ཅན། །གསུམ་པ་མཁའ་སྣང་དང་མཚུངས་པ། །བཞི་པ་སྒྲོན་མ་ལྟ་བུ་སྟེ། །ལྔ་པ་རྟག་ཏུ་སྣང་


DTG028_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ན། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །དེ་ལྟར་རིམ་པར་བྱས་པའམ། །སོ་སོ་རེ་རེར་ངེས་མེད་པ། །སྲོག་ནི་སྤྲོ་ཞིང་དབྱུང་བར་བྱ། །དེ་ལྟར་མཚན་མ་ལྔ་ཡིས་ནི། །སེམས་ནི་བརྟན་པར་གྱུར་པ་ཡི། །འགྲོ་བའི་དོན་ནི་རབ་སྒྲུབ་བྱེད། །རྣལ་འབྱོར་བ་ནི་ཕུལ་དུ་བྱུང༌། །ཞེས་པ་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པའོ། །དེ་ནས་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་གནས་པ་རང་དང་སྔགས་དབྱེར་མི་ཕྱེད་པར་བྱས་པ་ལས་ཕན་ཚུན་མ་འཁྲུག་པ་གསལ་བ་མྱུར་བ་མ་ཡིན་པ་ཐོགས་པ་མ་ཡིན་པར་གསང་སྔགས་གདོན་པར་བྱ་སྟེ། ད་ལྟར་ཨོཾ་ཡིག་ལ་སོགས་པས་ཁྱབ་པར་བྱའོ།། དེ་ལ་འདི་ནི་སྔགས་ཏ་ཧྲཱཾ་ཧཱུཾ་ཨཱ་རྨེས་ཁ་སུ་ཧཱ་མ་རེ་ཤྭ་རེ་ཀི་ལོ་བརྨཱ་ས་པ་ཧྲིཾ་ཨོཾ། ཧྲིཾ་ནི་སི་ཝཿརཎྜ་པཱ་པཾ་ཨོཾ་ཞེས་སོ། །ལྷ་མོ་ཐམས་ཅད་ཁོ་ན་ཡི། །མིང་དང་སྔགས་ནི་ངེས་སྦྱར་བྱ། །ཨོཾ་ཡིག་དང་པོར་སྤེལ་བ་ཡིས། །ཕྱི་ནས་དེ་ལ་ཧྲཱིཾ་དགོད་བྱ། །དེ་བཞིན་མཁའ་འགྲོ་མ་དག་ཀྱང༌།། ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །ཁྲོ་བོ་རྣམས་ཀྱི་མིང་ཨོཾ་དང༌། །ཧཱུཾ་ཕཊ་ཡི་གེས་བརྒྱན་པའོ། །དེ་བཞིན་ཛཿཧཱུཾ་བཾ་ཧོཿརྣམྶ། །ས་བོན་རིམ་པའི་མཐར་ཐུག་དགོད། །ལྷ་མོའི་ཧྲི་བཾ་ཡང་དག་འབྱུང༌། །མཁའ་འགྲོ་མ་རྣམས་ཧཱུཾ་ཕཊ་འབྱུང༌། །ཕྱི་ཡི་པདྨའི་པི་ཝང་སོགས། །སྔར་བརྗོད་ཆོ་གས་དྲན་པར་བྱ། །དེ་བཞིན་དེ་རྣམས་ཁོ་ནའི་ཚོགས། །སྔར་བརྗོད་གསང་སྔགས་བརྗོད་པར་བྱ། །དེ་བཞིན་རིམ་པར་བྱ་བ་ནི། །རེ་རེའམ་འཁྲུལ་མེད་མ་ཡིན་པར། །འབྱུང་ཞིང་སྤྲོ་བའི་བསམ་གཏན་དང༌། །སྔགས་ཀྱི་མཐར་ཡང་ཡང་དག་བསྡུ། །རྩོལ་བའི་རླུང་གིས་བཀུག་ནས་ནི། །རང་གི་ས་དེར་ངེས་པར་གཞག །བྱང་ཆུབ་རང་ས་བོན་དེར་བློ། །བསམ་གཏན་བཟླས་པའི་གོ་ཆར་གནས། །ཞེས་པ་བཟླས་པའི་ཆོ་གའོ། །བསམ་གཏན་ནམ་བཟླས་པ་བྱེད་པ་གང་གི་ཚེ་བྱིང་བ་དང་རྒོད་པའི་སེམས་ལ་བལྟ་བ་དེའི་ཚེ་བྱིང་པའི་སེམས་ལ་ལྷ་མོའི་གླུས་བསྐུལ་བ་བཞིན་དུ་འཁོར་ལོ་མཆོད་པར་བྱ་བ་དང་བསྒོམ་པ་བརྩམ་པར་བྱའོ། །རྒོད་ན་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་སྒོམ་པར་བྱེད་པས་དངོས་པོ་རྣམས་ཀྱི་གཅིག་དང་གཅིག་མིན་ལ་སོགས་པ་རྣམས་དཔྱད་པར་བསམ། དེ་བཞིན་དུ་བྱིང་བའི་སེམས་ལ་ནི་ལེ་


DTG028_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་དང་རྒོད་པ་ཞིག་ནས་ཟད་དོ་ཞེས་པ་ཞུམ་པར་ངེས་པར་བཟུང་བ་ལས་ལྷ་མོ་རྣམས་ཀྱི་གླུས་ཡང་དག་པར་བསྐུལ་བས་དང་རྒོད་པ་ལ་ཐིག་ལེའི་རྣལ་འབྱོར་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམས་པས་སོམ་དངོས་པོ་རྣམས་ཀྱིས་རྣམ་པར་དཔྱད་པས་སྟོང་པ་ཉིད་ཀུན་དུ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པའི་སེམས་ཡོད་པས་ཆུང་ངུ་ནས་འཁོར་བ་ཉིད་བལྟ་བར་བྱའོ། །དེའི་ཚེ་མགོ་བོ་ལས་མཐོ་གང་ཙམ་དུ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་བདུད་རྩིའི་གཟུགས་ཅན་གྱི་ཨོཾ་ཡིག་བསམས་ནས་སྙིང་ག་དང་མགོ་བོ་ལས་སྔགས་ཀྱི་འོད་ཟེར་སྤྲོས་ནས་ཨོཾ་ཡིག་ཟླ་བ་དང་བཅས་པ་དེ་ཞུ་བར་བལྟས་ནས་དེའི་བདུད་རྩིས་ལུས་ཀྱི་ནང་བུམ་པ་བཞིན་དུ་ཡོངས་སུ་གང་བར་བསམས་ནས། བདུད་རྩིས་ནང་དང་ཕྱི་རོལ་བ་སྤུའི་ཁུང་རྣམས་སུ་གང་བས་ཟིལ་པ་བཞིན་དུ་གང་བར་བསམས་པས་དུབ་པ་ཉེ་བར་ཞི་བར་བྱའོ། །དེ་ལྟར་ངལ་སོས་པ་དང་སྐད་ཅིག་གཅིག་ལ་བདེ་བའི་ཚོགས་མ་འཁྲུགས་པའི་ཐིག་ལེ་ལ་སོགས་པ་བསྒོམས་པས་སྔར་བཞིན་དུ་གསང་སྔགས་མ་འཁྲུགས་པས་བཟླས་པར་བྱའོ། །དེ་ནས་བསྒོམས་པ་དང་བཟླས་པ་དག་གིས་དུབ་པར་གྱུར་ན་ཕྱི་རོལ་གྱི་མཆོད་པའམ་ཆོ་གས་ཡུད་ཙམ་དུ་སྟོང་པ་ཉིད་དུ་བསྒོམ་པར་བྱས་ནས་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱིས་ལངས་ཏེ་ཕྱི་རོལ་མཆོད་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དམིགས་ཏེ་བྲིས་སྐུ་ལ་སོགས་པའི་མདུན་ན་བཅོམ་ལྡན་འདས་ཀྱི་མདུན་དུ་དཀྱིལ་འཁོར་བྱས་ནས་བདག་ཉིད་ལ་མཆོད་དེ། དཀྱིལ་འཁོར་པ་རང་གི་སྙིང་གནས་གཟུགས་བརྙན་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ནས་གསང་བ་དང་ཕྱིའི་ལྷ་སྤྲུལ་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་རང་གི་སྙིང་གའི་སྔགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །དེ་ནས་ཟས་ཀྱི་དུས་སུ་ཡུད་ཙམ་གྱིས་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཟས་ལ་ཨོཾ་ཡིག་ལ་སོགས་པའི་ཡི་གེ་གསུམ་གྱིས་རིམ་གྱིས་བདུད་རྩིར་བྱས་ནས་མཆོག་ཏུ་རྣམ་པར་དག་པའི་སེམས་ཀྱིས་ཚིམ་པར་བྱའོ། །ཐུན་མཚམས་ཀྱི་དུས་སུ་ཡུད་ཙམ་གྱིས་རང་གི་ལྷའི་འཁོར་ལོ་བསྒོམ་པར་བྱས་ནས་སྔར་བརྗོད་པའི་


DTG028_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོ་གས་བསྒོམ་པ་བྱས་ནས་བཟླས་པ་བྱའོ། །དེ་ནས་ཟླ་བའི་སྙིང་གར་བསམས་ནས་རྣལ་འབྱོར་པ་བདེ་བར་གཉིད་ལོག་པར་བྱའོ། །སླར་ཡང་ཐོ་རངས་རབ་ཏུ་སད་པར་གྱུར་པ་ན་ལྷ་མོའི་གླུ་རྣམས་ཀྱིས་བསྐུལ་བཞིན་པར་བདག་ཉིད་བསམ་པར་བྱའོ། །ལངས་ནས་སྔར་བརྗོད་པའི་ཆོ་གས་བསྒོམ་པ་བྱས་ནས་བཟླས་པ་བྱས་སོ། །དེ་བཞིན་དུ་ཇི་སྲིད་པའི་སྲིད་དུ་རྒྱུད་ལས་གསུངས་པའི་མཚན་མ་ཐོབ་པ་དེ་སྲིད་དུ་ཉི་མ་སོ་སོར་རོ། །དེ་ནས་དེ་བཞིན་དུ་ཇི་ལྟར་ནུས་པ་དང་ཇི་ལྟར་ཚོགས་པ་བཞིན་དུ་མཆོད་པའི་ཚོགས་བྱས་ནས་མཐར་གཤེགས་སུ་གསོལ་བར་བྱའོ། །བདེ་བའི་སྒྲུབ་ཐབས་དམ་པའི་གཞུང་རིགས་བྱས་གང་འདིར། །བསོད་ནམས་ལས་བྱུང་གྲུབ་པ་ཐོབ་པ་ལས་པདྨ། །དྲ་དཔལ་སྒྲུབ་པ་ཁོ་ན་ཉེ་བར་སྤངས་པ་དེས། །སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་མཆོག་བདེ་ཐོབ་གྱུར་ཅིག །ཅེས་པ་པདྨ་དྲ་བ་དཔལ་འབྱུང་བའི་སྒྲུབ་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སུ་མ་ན་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousཔདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས། རྒྱལ་བ་དཔལ་ཡེ་ཤེས།next