Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
   
  expand section
  collapse section
དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།  ས་མནྟ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousདཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ས་མནྟ་ཤྲཱི།next

དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
ས་མནྟ་ཤྲཱི།

བསྙེན་པའི་ཆོ་ག


DTG028_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཤྲཱི་མ་ཧཱ་ཀཱ་ལ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ལུས་ནི་གྲངས་མེད་པ་ཡི། །སྣ་ཚོགས་རྣམས་སུ་སྤྲུལ་པར་མཛད་ནས། །འཇིག་རྟེན་པ་ཡི་དོན་རྣམས་ཕྱེད་ཕྱིར། །དེ་བས་ནག་པོ་ཆེན་པོར་སྐྱབས་མཆི། །དཔལ་ལྡན་ནག་པོ་ཆེན་པོའི་རྒྱུད་ཀྱི། །བྱ་བའི་ཆོ་ག་རིམ་པ་བཞིན་དུ། །གཞུང་དེ་ཉུང་བར་བསྡུས་པ་ལས་ནི། །ཆོ་ག་རྫོགས་པར་ཤེས་པར་བྱ་ཕྱིར། །རྒྱུད་གཞན་དག་ཏུ་བཤད་པ་ལྟར་དུ། །ཆོ་ག་བླངས་ནས་སྡེབ་པའི་མིང་ནི། །དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱའི། །བདག་གི་དཀྱིལ་འཁོར་ཆོ་ག་དེ་བསྒྲགས། །འདིར་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་ལ་སོགས་པའི་ཐ་གུས་ཤེས་རབ་བཅིངས་པ། དཀའ་བ་སྤྱད་ན་འཁོར་བའི་རྒྱ་མཚོ་སྤང་བར་ནུས་པས། །སྟེང་དང་འོག་ཏུ་འགྲོ་བའི་ལུས་ཅན་རྣམས་ལ། །དབང་བསྐུར་བར་འདོད་པ་ལ་སོགས་པ་རྣམས་ཀྱི་དོན་དུ་ཚོགས་གཉིས་ལས་ཡང་དག་པར་དད་པ་དང་ལྡན་པ། མང་དུ་ཐོས་པ། །གསང་སངས་ལ་གནས་པ། །བརྟན་པ། སེར་སྣ་དང་བྲལ་བ། བརྩོན་འགྲུས་དང་སྙིང་རྗེ་དང་ལྡན་པའི་སློབ་དཔོན་གྱིས་གདུལ་བྱ་ཡང་དག་པར་གདོན་པའི་སྦམ་པ་དང་བཅས་ཏེ། རིམ་པ་ཇི་ལྟ་བ་བཞིན་སྔོན་དུ་བསྙེན་པ་བྱ་བ་ལ་སོགས་པའི་ཆོ་ག་བྱ་བ་ནི། དེ་ཡང་སློབ་མ་དབང་བསྐུར་བ་ལ་སོགས་པའམ། རང་ངམ་གཞན་གྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པའམ། སེམས་ཅན་གྱི་དོན་ཆེན་པོ་མཐོང་བ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་བྲི་བ་ལ། ཚོགས་སོགས་ལ་སོགས་ཤེས་པས་སྔོན་དུ། །བསྙེན་པས་བགེགས་རྣམས་བརླག་པར་བྱ་བ། །ཐམས་ཅད་མཁྱེན་པའི་ལམ་ཤེས་པ་ཡིས། །བསྙེན་མེད་དངོས་གྲུབ་མེད་པའི་ཕྱིར་རོ། །དེ་ཕྱིར་བསྡད་ལ་གཉིད་སྤངས་ནས་ནི། །རིམ་བཟང་དེ་ཉིད་ཤེས་པ་དེ་ཡིས། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ་སྟེ། །དལ་གྱུར་དེ་སྔགས་རྒྱུན་དུ་བརྗོད་དོ། །འཁོར་ལོའི་གཙོ་བོ་འབུམ་དུ་བཟླས་ནས། །རང་ཉིད་ལྷ་ལ་ཡང་ནི་འབུམ་བཟླས། །འཁོར་རྣམས་ལ་ནི་ཁྲི་ཕྲག་རེ་རེ། །སྔོན་འགྲོའི་བསྙེན་པར་འདི་ལ་བརྗོད་དོ། །ལྷ་བསྐྱེད་པ་དང་སྔགས་རྣམས་ཀྱི་རིམ་པ་ནི་མངོན་རྟོགས་ལྟར་བྱ་སྟེ། མངས་ཀྱིས་དོགས་པས་འདིར་མ་སྤྲོས་སོ། །དེ་ལྟར་སྔོན་དུ་བསྙེན་པའི་དུས་སུ་རྣལ་འབྱོར་པ་


DTG028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་གྱི་ལྷ་གསལ་བར་འདོད་པས་འཁོར་ལོ་ལ་བརྟན་པར་གནས་ཏེ། འཁོར་ལོའི་གནད་པ་བྱིན་བའམ་མ་བྱིན་པས་སློབ་མ་གཟུང་བ་ལ་སོགས་པ་བྱའོ། །འདི་ནི་སྔོན་དུ་བྱ་བའི་ཆོ་ག་སྟེ་བསྙེན་པའོ། །

སློབ་མ་གཟུང་བའི་ཆོ་ག


DTG028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྟོན་ཟླ་ཐ་ཆུངས་དང་དགུན་ཟླ་ཐ་ཆུང་ས་ལ་སོགས་པ་རྣམས་ལ། དགེ་བའི་དུས་ཚོད་ཤེས་པར་བྱས་པ་དང༌། ལན་གཉིས་སམ་གསུམ་དུ་སློབ་མས་གསོལ་བ་གདབ་བོ། །དཀྱིལ་འཁོར་བྲི་བར་འདོད་པ་དེའི་ཚོགས་པ་མ་ཚང་བར་གྱུར་ན། དེའི་ཚེ་དེ་དག་གི་ལྟེ་བའི་ཉི་མའི་སྟེང་གི་ཧཱུཾ་གི་འོད་ཟེར་གྱིས་སྙིང་གའི་ཀཾ་ཡོངས་སུ་གྱུར་པ་ལས་སྡིག་པ་ཁ་དོག་ནག་པོ་གོས་དང་བྲལ་བ། གཟུགས་ངན་པ། མཚན་མ་འཕྱང་བ། སྐྲ་གྱེན་དུ་འགྲེང་བ། ཤ་ཟ་ལྷ་བུ་ཅིག་སྣ་བུ་གནས་བྱུང་སྟེ། ཧཱུཾ་སྙིང་གར་འཕྲོས་པས་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་ནས་དེ་ཕྱིར་ཕྱུང་ལ། ཨོཾ་སུཾ་བྷ་ནཾ་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཆེ་གེ་མོའི་སརྦ་བཱ་པཾ་ནཱ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བརྗོད་ཅིང༌། ལག་པའི་རྡོ་རྗེའི་འོད་ཟེར་གྱིས་ཕྱིར་ཐོན་པའི་སྡིག་པ་སྟོང་པར་གྱུར་པར་བསམ་མོ། །ཨོཾ་ཨཱཿཤཾ་ཀ་རེ་ཤནྟི་ཀ་རེ་གྷུཊྚ་གྷུཊྚི་ནི། གྷཱ་ར་ཡགྷཱ་ཏ་ཡ། གྷུཊྚི་ནི། ཨོཾ་གྲྀཧྣ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་རཀྵ་སྭཱཧཱ་ཧཱུཾ་ཞེས་བརྗོད་དེ་ཡང་དག་པར་བསྲུངས་ལ་བདུད་རྩི་ཁ་སྦྱོར་གྱི་སྔགས་ཀྱང་བཟླས་སོ། །དེ་ལྟར་བྱས་ན་དེ་ལ་བགེགས་མི་འཇུག་ཅིང་ཚོགས་པ་ཆེ་ཡང་ཚེགས་མེད་པར་ཚངས་པར་འགྱུར་རོ། །འདི་ནི་སློབ་མ་གཟུང་བའི་ཆོ་གའོ།། །།

ས་བརྐོ་བའི་ཆོ་ག


DTG028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དགེ་བའི་ཉི་མའི་ཐུན་ལ་སོགས་པའི་བྱེ་བྲག་ལས་སྔགས་དྲོའི་དུས་སུ་ཉེ་བར་ལོངས་སྤྱོད་པའི་རྫས་རྣམས་བསོག་ལ། བྱ་བ་ལ་མཁས་པའི་གྲོགས་དང་བཅས་པས་དཀྱིལ་འཁོར་གཙོ་བོ་དང་བཅས་པའི་སྦྱོར་བ་ལ་ལེགས་པར་གནས་ཏེ། ཤར་ལ་སོགས་པའི་ཕྱོགས་རྣམས་ཀྱི་སྐྱོན་སྤང་ལ། ཚོང་འདུས་སམ། གྲོང་ཁྱེར་རམ། གྲོང་ངམ། སྐྱེད་མོས་ཚལ་ལམ་ལྷ་ཁང་ངམ། ཁང་པ་རྣམས་ལས་གང་ཡིད་དང་མཐུན་པའི་བྱང་ཤར་མཚམས་སུ་ཤར་དང་བྱང་གཞོལ་བའི་དཀྱིལ་འཁོར་གྱི་ས་གཞི་ལེགས་པར་བཅས་ལ་དྲི་ལ་སོགས་པས་བྱུགས་ཏེ། དཀྱིལ་འཁོར་གྱི་ལྷ་ལེགས་པར་མཆོད་ནས། གཏོར་མ་གཏང་བ་དང་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །དེ་ན་གནས་པའི་ཞིང་སྐྱོང་ལ་སོགས་


DTG028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམས་ལ་གཏོར་མ་དང༌། མཆོད་པ་ལ་སོགས་པ་བྱ་བ་ནི། འདི་ན་གནས་པའི་ལྷ་ཀླུ་གང་དག་རྣམས། །གནོད་སྦྱིན་སྲིན་པོ་རྣམས་སམ་གཞན་དག་ལ། །ས་གཞི་དེ་ཉིད་བདག་ནི་ཞུ་བ་ཡིས། །དཀྱིལ་འཁོར་བཞེངས་པའི་དོན་དུ་དེ་སྩོལ་ཅིག །ཅེས་པ་ལ་སོགས་པ་ལན་གསུམ་དང་བཅས་པ་སྟེ། རྨི་ལམ་ལ་སོགས་པར་དེ་རྣམས་ཀྱིས་གནང་བ་དང་མི་གནང་བར་གོ་བར་བྱས་ནས། ལས་ཐམས་ཅད་པའི་སྔགས་ཟློས་བཞིན་པས་ཉུངས་ཀར་དང་ཆུ་དང་ཐལ་བས་བསངས་ལ། །དེར་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ་སའི་ལྷ་མོ་ལ་ཞབས་བསིལ་དང་ཞལ་བསིལ་ཨརྒྷ་དང་མཆོད་པ་རྣམས་སྔོན་དུ་སོང་བས། སྐྱོབ་པ་ལ་སོགས་པ་ལན་གསུམ་བརྗོད་པས་སྙམ་གསན་ཕབ་པ་དང༌། དེ་ལྟར་བགྱིའོ་ཞེས་པ་སྨྲ་བཞིན་པ་དེ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། ཕྱིས་ས་གཞི་དེ་ལ་བགེགས་མེད་པར་བྱས་ནས་གཏོར་མ་བྱིན་པ་དང༌། ས་བདག་ཀླུའི་ལྟོ་བར་རབ་འབྲིང་ཐ་མའི་དབྱེ་བས་ལྟེ་བརྐྱེད་པ་བུས་མོ་ནུབ་པ་ཙམ་པའི་ས་བརྐོ་བར་བྱའོ། །འདི་ནི་ས་བརྐོ་བའི་ཆོ་གའོ། །

ས་སྦྱང་བ་གཉིས་ཀྱི་བྱེ་བྲག་གི་ཆོ་ག


DTG028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཐལ་བ་ལ་སོགས་པ་བསལ་ཏེ། དྲི་ཞིམ་པའི་ཆུས་གཏོར་ལ་ལེགས་པར་བཀང་བ་དང༌། ཧཱུཾ་ཞེས་པ་དང་ལས་ཐམས་ཅད་པའི་སྔགས་ཟློས་ཤིང་དྲིའི་ཆུ་དེ་ཉིད་དུ་གཏོར་ཞིང་བཅག་གོ །ཁྲུ་ཕྱེད་པ་ས་གཞི་མཉམ་པ་ཅུང་ཟད་རུས་སྦལ་གྱི་རྒྱབ་འདྲ་བ་ཡིད་ཙམ་ཤར་དང་བྱང་དུ་གཞོལ་བའི་ས་སྟེགས་བཅའོ། །གཞན་ཡང༌། རོ་ཡི་སྐྱོན་ནི་མ་ལུས་པ། །གདོན་པར་ནུས་པར་མ་གྱུར་ན། །ལག་པ་གཞག་ལ་སྔགས་བཟླས་ཏེ། །དེ་ལས་དག་པ་གཞན་ཡོད་མིན། །ཁང་བཟང་རྡོ་སྟགས་གྲུབ་ཐོབ་འབྲོག །ལྷ་ཁང་ལ་སོགས་རྒྱ་མཚོའི་འགྲམ། །སྔོན་དུ་བཅས་པའི་གནས་དེ་རྣམས། །མ་སྦྱངས་པས་ན་དག་པའོ། །དེ་ལ་ཨོཾ་བྷུ་ཁི་ཞེས་པས་ནམ་མཁར་བྱ་བའོ། །ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དི་ནཱི་བཛྲ་བྷ་བ་བནྡྷ་ཧཱུཾ་གིས་ལག་པ་ས་ལ་བཞག་ལ་བྱིན་གྱིས་བརླབས་ཏེ། ས་གཞི་དེ་ཉིད་ལ་གཏོར་མ་དང་ཞབས་བསིལ་ལ་སོགས་པ་སྦྱིན་པ་དང༌། ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་ནས་ནམ་མཁའ་ལ་བཏེག་པའི་ལྷ་རྣམས་སྤྱན་དྲང་ངོ༌། །འདི་ནི་ས་སྦྱང་པ་གཉིས་ཀྱི་བྱེ་བྲག་གི་ཆོ་གའོ།། །།

བགེགས་བསྐྲད་པའི་ཆོ་ག


DTG028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་གྱི་སྟེང་དུ་བསྡད་ལ་རྡོ་རྗེ་དྲིལ་བུ་དང་བཅས་ཏེ། དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྤོས་ཀྱི་སྣོད་བཟུང་ལ། ཧཱུཾ་ལས་རྡོ་རྗེའི་ལྕེ་དང་


DTG028_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པས། ཕྱོགས་ཀུན་དུ་ནི་གནས་པ་ཡི། །སངས་རྒྱས་རྣམས་ལ་བདག་བལྟས་ནས། །འདིར་ནི་རྡོ་རྗེ་ཆེ་གེ་བདག །དཀྱིལ་འཁོར་ཆེན་པོ་བཞེངས་ལགས་པས། །སྤྱོན་ཅིག་སངས་རྒྱས་ལ་སོགས་རྣམས། །འདིར་ནི་དངོས་གྲུབ་གནང་བར་ཞུ། །ཞེས་པས་སངས་རྒྱས་ལ་སོགས་བ་རྣམས་ལ་སྙན་གསན་ཕབ་ནས། མཆོད་པ་དང༌། ནམ་མཁའི་ཁམས་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བདག་ཉིད་ལ་གནང་བ་བྱིན་པར་བསམས་ཏེ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་སྤྲོ་བ་ལ་སོགས་པ་སྔོན་དུ་སོང་བས་བསྒོམས་པའི་དཀྱིལ་འཁོར་དེ། རྡོ་རྗེ་ཁུ་ཚུར་གཉིས་བཅས་ཏེ། །མཛུབ་མོ་གཉིས་བརྐྱང་བའི་རྩེ་མོ་སྤྲད་ནས་ཐུར་དུ་ཕྱོགས་པས་སྤྱི་གཙུག་ཏུ་གཟུང་ལ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་པ་བརྗོད་པས་ནམ་མཁར་བཏེག་སྟེ་སྐྱིལ་ཀྲུང་བཤིག་ནས། ཤར་དུ་ཁ་ཕྱོགས་རྐང་པ་གཤིབས་ཏེ་ལངས་པ་དང༌། སྤྱི་གཙུག་ཏུ་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བཙལ་ལོ། །མ་རིག་པའི་མུན་པས་བསྒྲིབས་པས་བདུད་ཀྱི་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ལ་ཉེ་བར་དམིགས་ཏེ། དེ་རྣམས་ཀྱི་བདུད་རྣམས་བརླག་པར་བྱ་བའི་དོན་དུ། །སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་ཁྲོས་པས་གནས་པ་ཁྲོ་གཉེར་དང་བཅས་པ་མཆེ་བ་གཙིགས་པ་ལ་སོགས་པ་དང་ལྡན་པས། མིག་གཡས་ཕྱོགས་དང་གཡོན་ཕྱོགས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བའོ། །དེ་གཉིས་ལ་ཧཱུཾ་ལས་འཇིག་པའི་དུས་ཀྱི་མེ་དང་མཚུངས་པའི་མིག་འབྲས་བསམས་པའི་རྡོ་རྗེའི་ལྟ་སྟངས་ཀྱིས་ཕྱོགས་ཐམས་ཅད་ཀྱི་འགྲོ་བ་རྣམས་ལ་ལྟ་ཞིང་ད་རྒྱལ་བསྐྱེད་པ་ནི། སློབ་དཔོན་བདག་ནི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་བདག །སངས་རྒྱས་རྒྱལ་པོ་ཆེན་པོ་བདག །བདག་ནི་སྟོབས་ཆེན་རྡོ་རྗེ་ཅན། །རྗེ་རིགས་རྒྱལ་པོ་རྣལ་འབྱོར་བདག །བདག་ནི་མི་འགྱུར་ཕྱག་རྡོ་རྗེ། །ཞེས་པ་བརྗོད་ནས། རྐང་པའི་འོག་ཏུ་འབར་བཞིན་པའི་རྡོ་རྗེ་བསམས་ནས་སྐབས་སུ་ས་གཞི་ལ་རྡོ་རྗེའི་དབྱིབས་བྱ་བ་ནི། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་པ་དང་བཅས་པས་རྡོ་རྗེའི་འགྲོས་བྱ་བ་ནི། བྱང་ཤར་མཚམས་ནས་གཡས་སྐོར་དུ་དཀྱིལ་འཁོར་དང་མཉམ་པར་གར་བྱ་ཞིང་བསྐོར་རོ། །ཉོན་ཅིག་བགེགས་རྣམས་འདུས་པའི་ཚོགས། །ལུས་ངག་


DTG028_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིད་རྣམས་བརྟན་གྱུར་པའི། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་ཏུ་བསྐུལ། །རྒྱུན་དུ་ལུས་ལ་རྡོར་འབར་བས། །ལུས་པོ་དུམ་བུ་གསུམ་དུ་བྱེད། །གང་དག་བདག་གིས་བཀའ་འདས་ན། །བརླག་འགྱུར་འདི་ནི་གཞན་མིན་ནོ། །ཞེས་པ་ལན་གསུམ་དུ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ། བགེགས་བསྐྲད་པར་བྱའོ། །ས་གཞི་ཡང་རྡོ་རྗེའི་ས་གཞི་ལ་ཐུག་པར་ཧཱུཾ་ལས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །དེ་ནས་ས་གཞིའི་དཀྱིལ་འཁོར་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ལག་པས་ས་ལ་རེག་ལ་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་བསྡུས་ལ་ཉལ་ལོ། །འདི་ནི་བགེགས་བསྐྲད་པའི་ཆོ་ག་སྟེ་ས་ཆོག་གོ །

བགེགས་ལ་ཕུར་པ་གདབ་པའི་ཆོ་ག


DTG028_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བགེགས་མེད་པར་བསམས་ནས་སྔ་བར་ལངས་ཏེ་རྡོ་རྗེ་འཛིན་པའི་ཞབས་ལ་སྤྲོ་བའི་འགྲོ་བ་རྣམས་ཀྱི་དོན་དུ་སྐད་ཅིག་གིས་སྟོང་པར་མོས་པར་བྱས་ལ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལས་འབར་བཞིན་པའི་རྡོ་རྗེ་རྣམས་འབྲོས་པས་བར་མཚམས་མེད་པའི་རྡོ་རྗེའི་ལྕགས་རི་དང་གུར་དང་གདུགས་དང་བླ་རེ་རྣམས་འབར་བཞིན་པ་བཟོད་པར་དཀའ་བ་དང༌། ས་གཞི་ཡང་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱའོ། །དེའི་དབུས་སུ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་བདག་ཉིད་དུ་གནས་ནས། ཕྱི་ནས་རྡོ་རྗེ་ཧཱུཾ་མཛད་དུ་བསམས་པའི་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་གནས་པའི་བགེགས་རྣམས་བཀུག་སྟེ། ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་དེ་རྣམས་ཀྱིས་མེ་ཏོག་དམར་པོའི་ཕྲེང་བ་བཏགས་པའི་ཕུར་པ་སྟོད་རང་འདྲ་བ། སྨད་རྩེ་མོ་གཅིག་པའི་རྣམ་པ་འཇིག་པའི་དུས་ཀྱི་མེད་དང་འདྲ་བ་ལག་པ་གཡོན་པ་ནའོ། །གཡས་པས་རང་གི་ཕྱག་མཚན་ཡོངས་སུ་གྱུར་པ་ལས་ཐོ་བ་བཟུང་བར་བསམས་ནས་ཧཱུཾ་རིང་པོ་བརྗོད་པས་འོབས་སུ་གྱུར་པར་བཅུག་སྟེ། ཕྱོགས་སྐྱོང་དེ་རྣམས་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྙཾ་ཧཱུཾ་ཞེས་པ་བརྗོད་ཅིང་མགོ་ལ་ཕུར་པ་གདབ་པོ། །ཨོཾ་བཛྲ་མུདྐ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཐོ་བས་བརྡུང་བར་བསམ་པ་ནི་སློབ་དཔོན་གྱིས་


DTG028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཤར་མཆམས་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་མེ་རིའི་ཕྱི་རིམ་ནས་གཡས་སྐོར་དུ་ཕྱོགས་བཅུར་ཕུར་པ་གདབ་པར་བྱའོ། །ཡང་ན་ཕུར་པ་མེད་པར་ཇི་ལྟར་བཤད་པའི་བསམ་པས་ཕུར་བུ་གདབ་པར་བྱ་སྟེ། ལག་པ་གན་རྐྱལ་ཐུར་ལ་སྦུབ་ནས། ཨོཾ་བཛྲ་ཧཱུཾ་ཞེས་བརྗོད་ཅིང་ས་ལ་བརྡབས་པས་བགེགས་མེད་པར་བསམ་མོ། །འདི་ནི་བགེགས་ལ་ཕུར་པ་གདབ་པའི་ཆོ་གའོ། །

སའི་ལྷ་མོ་ལྷག་པར་གནས་པའི་ཆོ་ག


DTG028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་གྱི་སའི་སྟེང་དུ་བསྡད་ནས་བཅས་པའི་དཀྱིལ་འཁོར་ལ་ཡི་གེ་བཾ་ལས་བྱུང་བའི་སའི་ལྷ་མོ་བསམས་ཏེ། ལག་པ་གཡས་པའི་སོར་མོ་གསུམ་ལ་ཟླ་བའི་སྟེང་དུ་ཧཱུཾ་གསུམ་དམིགས་ལ། ས་གཞི་ལ་ལན་གསུམ་བརྡབས་པའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་ས་འོག་གི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པས་བྱོན་ནས་དམ་ཚིག་པ་དང་གཅིག་ཏུ་གྱུར་པ་དང༌། ཞི་བ་ན་བཟའ་དཀར་པོ་སྐུ་མདོག་སེར་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གསེར་གྱི་བུམ་པ་བཟང་པོ་ཕྱག་གཉིས་ཀྱིས་བཟུང་བ། ཞལ་གཅིག་པ་མདུན་དུ་བཞུགས་པ་ལ་ཨརྒྷ་ལ་སོགས་པས་སྔོན་དུ་ཡང་དག་པར་མཆོད་ནས་མྱུར་པར། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་གྱི་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་པ་ལན་གསུམ་དུ་བརྗོད་དེ་ལྷག་གནས་བྱའོ། །དེ་ཡང་དེ་ལྟར་བྱའོ། །ཟེར་ནས་སླར་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་ཐལ་མོ་ཐུར་དུ་བཅིངས་པས་ས་གཞི་མནན་ཏེ། ཨོཾ་བཛྲི་བྷ་བ་ཧཱུཾ་ཞེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབས་པས་རྡོ་རྗེ་བཅིངས་པ་ལས་འབར་བཞིན་པའི་ཡི་གེ་ཧཱུཾ་སྤྲོས་པ་དང༌། ས་གཞི་རྡོ་རྗེའི་ས་གཞིར་གྱུར་པར་བསམ་པ་ནི། ཨོཾ་བཛྲ་དྲྀ་ཌྷ་ཏིཥྛ་ཞེས་པ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ་བོ། །དེས་ནི་ས་གཞི་བདག་ཉིད་ཀྱི་དབང་དུ་བྱས་པའོ། །འདི་ནི་སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ།། །།

བུམ་པ་ལྷག་པར་གནས་པའི་ཆོ་ག


DTG028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ཞིམ་པོས་བྱུགས་ཏེ་མེ་ཏོག་གི་གཅལ་དུ་བཀྲམ་ནས་དགོངས་ཀའི་དུས་སུ་ཁྲུས་བྱས་ལ།


DTG028_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བསྡད་ནས་ཁ་ནུབ་ཏུ་བལྟས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་ཙནྡན་ལ་སོགས་པའི་སྦོས་བྱུག་མཎྜལ་བྱས་ལ་དམ་ཚིག་གི་འཁོར་ལོ་བསྒོམས་ནས། དེ་ལ་ནམ་མཁའ་ན་གནས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཞུག །མཆོད་པ་ལ་སོགས་པ་བྱས་ནས་བྱང་དུ་ཁ་བལྟས་ཏེ། བྱང་ཤར་མཚམས་ན་གནས་པའི་བུམ་པ་རྣམས་ལྷག་གནས་བྱ་བ་ནི་དེར་གསེར་ལ་སོགས་པ་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་སྟོང་པར་བསམས་ཏེ། །བཾ་ལས་རིན་པོ་ཆེའི་བུམ་པ་བསམ་པ་ནི་ཞི་བ་དང་རྒྱས་པར་བྱ་བའི་དོན་དུ་ས་དཀར་པོས་བྱུགས་པ་ལྷ་རྣམས་ཀྱི་ཕྱག་མཚན་བཏབ་པར་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་དང༌། རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་རྣམས་སྙིང་པོར་གཞུག་ཤིང་ལྔས་ལེགས་པར་བརྒྱན། ཕྲེད་བ་དང་བཅས་པའི་མགུལ་ཆིངས་རས་ཁ་ཚར་མ་ཉམས་བ་གཉིས་ཀྱིས་བཅིངས་ལ། དྲི་ཞིམ་པོའི་མཎྜལ་གྱི་སྟེང་དུ་མདུན་དུ་ལེགས་པར་བཞག་སྟེ། ཧཱུཾ་ལྔ་བཟླས་ཤིང་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་སྐུད་པ་ཁ་དོག་ལྔར་བྱས་པ་རྣམས་ཀྱིས། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་དི་ཤཱི་བནྡྷ་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་བསྐོར་རོ། །དེ་རྣམས་ཀྱི་ནང་དུ། ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ་ཞེས་པས་ཡེ་ཤེས་ཀྱི་ཆུ་སྤྱན་དྲངས་ཏེ་སྐད་ཅིག་གིས་ལྷའི་དཀྱིལ་འཁོར་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་ཞབས་བསིལ་ལ་སོགས་པ་ཕུལ་བ་དང༌། བུམ་པ་དང་འཁོར་ལོ་ལ་ཞུགས་པས་སྔོན་དུ་བཀང་བའི་ཆུ་དང་རོ་གཅིག་ཏུ་བདེ་བ་ཆེན་པོར་ཞུ་ནས་བྱང་ཆུབ་སེམས་ཀྱི་གཟུགས་སུ་གྱུར་པར་བསམ་ཞིང༌། དེ་ནས་གཙོ་བོའི་བུམ་པར་གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་མེ་ཏོག་གསུམ་དབུལ་ལོ། །དེ་ལྟར་བུམ་པ་གཞན་རྣམས་ལ་ཡང་རང་རང་གི་སྔགས་ཉི་ཤུ་རྩ་གཅིག་གམ་བདུན་གྱི་བར་དུ་བཟླས་སོ། །དེ་ལྟར་མེ་ཏོག་རྣམས་དབུལ་ལོ། །སྔགས་ནི་གཞན་དུ་ཤེས་པར་བྱའོ། །དེ་ནས་རྣམ་རྒྱལ་བུམ་


DTG028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་སོགས་པ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ལས་ཐམས་ཅད་བའི་སྔགས་ཀྱིས་བསྲུང་བའི་དོན་དུ་བསང་གཏོར་བྱས་ལ། འདིར་དཀྱིལ་འཁོར་གྱི་བྱ་བ་མ་ཟིན་པའི་བར་དུ་བགེགས་སྲུངས་ཤིག་ཅེས་བརྗོད་ནས་གཏོར་མ་བྱིན་ཏེ་དྲིལ་བུ་དཀྲོལ་ལོ། །འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།

ལྷ་ལྷག་པར་གནས་པའི་ཆོ་ག


DTG028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ནུབ་ཏུ་ཁ་བལྟས་ཏེ་དཀྱིལ་འཁོར་གྱི་ས་གཞི་ལ་འཁོར་ལོའི་གཙོ་བོ་ལ་སོགས་པ་བསྒོམས་ལ་ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས་ཡང་དག་པར་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་བུས་མོ་གཡས་པ་ས་ལ་བཙུགས་ཏེ། ཧཱུཾ་ལས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ། ལག་པ་གཡས་པས་སྤོས་སྣོད་གཟུང་གཡོན་པས་དྲིལ་བུ་དཀྲོལ་ཞིང་བརྗོད་པ། ནག་ཆེན་རྡོ་རྗེ་བཅོམ་ལྡན་དཔལ། །རིག་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་སྙིང་རྗེའི་སེམས་ལྡན་པས། །འདྲི་བར་འདོད་པས་མགོན་པོ་ཀྱེ། །འགྲོ་བ་རྣམས་ལ་སྙིང་རྗེ་དང༌། །ཁྱེད་རྣམས་ལ་ནི་མཆོད་པའི་ཕྱིར། །ད་ནི་གུས་བྱེད་རྗེ་བཙུན་ལ། །བཀའ་དྲིན་གནང་ཕྱིར་སྦྱོར་བར་མཛོད། །གཟིགས་ཤིག་བདག་ལ་སངས་རྒྱས་རྣམས། །འགྲོ་རྣམས་འཁོར་ལོར་བྱེད་དོན་སྟེར། །བཟང་པོར་ཞུགས་པའི་བྱང་སེམས་དང༌། །གཞན་ཡང་སྔགས་ཀྱི་ལྷ་རྣམས་དང༌། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་རྣམས་རྫོགས་སངས་རྒྱས་ལས་མཉན། །བསྟན་མི་འཇིག་པའི་སེམས་ཅན་ལ། །གང་ཞིག་དེ་དག་སྙིང་རྗེའི་མཆོག །ཆེ་གེ་རྡོ་རྗེ་ཆེན་པོ་བདག །དཔལ་ལྡན་ནག་ཆེན་དཀྱིལ་འཁོར་བསྐྱེད། །རིས་གཅིག་འགྲོ་རྣམས་དག་བྱའི་ཕྱིར། །ཇི་ལྟར་ནུས་པས་མཆོད་པ་ལས། །རྗེས་སུ་བརྩེ་བ་དང་ལྡན་པས། །བདག་དང་སློབ་མའི་ཚོགས་དག་དང༌། །དཀྱིལ་འཁོར་ལ་ནི་འདུས་པ་རྣམས། །མ་ལུས་པར་ནི་གཞུག་ཏུ་གསོལ། །བརྗོད་ཅིང་གསོལ་བ་གདབ་པོ། །འདི་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ།། །།

དཀྱིལ་འཁོར་གྱི་ཐིག་གི་ཆོ་ག


DTG028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་དཔོན་ཉིད་ཀྱིས་དབང་བསྐུར་བའི་ལས་ཀྱི་རྡོ་རྗེ་དང་བཅས་པའི་དཀྱིལ་འཁོར་ལ་ཞུགས་པ་རྣམས་ཡང་དག་པར་མཆོད་ནས་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་


DTG028_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ནམ་མཁར་བཏེག་ལ་ཤར་དུ་ཁ་ཕྱོགས་ཏེ། དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མས་བསྒྲིམས་པའི་སྐུད་པ་ལྔ་ཚན་ལྔ་ལ་ཁ་དོག་ལྔ་ཡིས་སོ་སོར་བསྒྱུར་ཏེ་ལག་པ་གཡོན་པའི་སྟེང་དུ་བཞག་ནས། བྲུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་རྣམས་ལས་རིགས་ལྔ་རྫོགས་པས་བལྟས་ཏེ། ལས་ཐམས་ཅད་པའི་མངོན་པར་རྟོགས་པ་དང་ལྡན་པའི་སློབ་མས་སྐུད་པ་བཟུང་བའི་གྲོགས་དང་བཅས་པས་དང་པོར་སྐུད་པ་ལྔ་ཚན་སོ་སོར་རེ་རེར་བསྒྲིམས་ལ། ཕྱི་ནས་དེ་རྣམས་གཅིག་ཏུ་བསྒྲིམས་ཏེ་གཞན་ཡང་དེ་ལྟར་སྦྱར་བར་བྱའོ། །ཨོཾ་ཨཱཿཨ་ནྱོ་ནྱ་ནུ་ག་ཏཱཿསརྦ་དྷརྨཱཿསྤར་སྤ་རཱ་ནུ་ཝིཥྚཿ་སརྦ་དྷརྨཱཿཨཱ་ཏྱཱ་ནྟ་ཨ་ནུ་པྲ་ཝིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་བསྒྲིམས་པ་ནི་སྲིད་དུ་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམས་སུ་སྒོའི་ཉི་ཤུ་ཆ་ཡོད་པའི་སྐུད་པའོ། །ཕྱི་ནས་དྲི་དང་བདུད་རྩི་ལྔ་ཡིས་བསྒོ་བས་སྣོད་གཙང་མར་བཞག་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་ནས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་བཟླས་སོ། །ཡང་དཀྱིལ་འཁོར་ས་གཞི་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་སོ། །བྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལས་གནས་པ་ལ་ཨརྒྷ་དང་ཞབས་བསིལ་སྔོན་དུ་སོང་བས་ཡང་དག་པར་མཆོད་ནས། །བསྟོད་པ་དང་བདུད་རྩི་མྱང་བ་དང་ཕྱག་བཙལ་ཏེ། སྒྲུབ་པ་པོ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པ་དང༌། བྱང་ཕྱོགས་ཀྱིས་གྲུབ་པ་པོས་ལས་ཐམས་ཅད་བའི་ཏིང་ངེ་འཛིན་ལ་གནས་པ་དང༌། བདག་དང་དེ་ཉིད་ཀྱི་མིག་གཡས་དང་གཡོན་དུ་ཛཿ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་ཅུང་ཟད་སེར་བ་བསམས་ཏེ། རྡོ་རྗེ་འགྲོས་ཀྱིས་བཅག་པ་ནི་ལག་པ་གཡོན་པོ་ཁུ་ཚུར་བཅངས་པས་སྐུད་པ་ལྟེ་བར་བཟུང་ལ། ཛྫཿའམ་ཛཿལན་གསུམ་བརྗོད་ཅིང་བཏང་ངོ༌། །བྱུང་གི་སྒྲུབ་པ་པོས་ཀྱང་སྐུད་པ་སྔ་མ་ལྟར་བཟུང་ལ་ཛྫཿའམ་ཛཿལན་གསུམ་བརྗོད་ཅིང་མདུན་དུ་ཕྱོགས་པར་གནས་ལས་དགུག་པར་བྱའོ། །ནུབ་ཏུ་བས་དང་ཅིག་ཤར་དུ་ཁ་བལྟ་བ་དང༌། ལྷོ་རུ་བསྡད་ཅིང་བྱང་དུ་ཁ་བལྟས་ནས། ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་མཐེབ་མཛུབ་


DTG028_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཀྱིས་སྐུད་པ་བཟུང་ལ་སེ་གོལ་གཏོགས་ཤིང་ཚངས་ཤིག་གཉིས་ལྟེ་བའི་ཐད་ཀའི་ནམ་མཁའ་ལ་བཏབ་ནས་གཞན་ཡང་གདབ་པ་ནི། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཨོཾ་སྭཱ་ཨཿཧཱ་ཞེས་བརྗོད་ཅིང་གདབ་བོ། །ནམ་མཁའི་ཐིག་ཇི་ལྟ་བ་བཞིན་དུས་ལ་ཡང་ཚངས་ཐིག་གཉིས་གདབ་པོ། །གཞན་ཡང་དེ་ལྟར་མེ་མཚམས་དང་རླུང་མཚམས་ཀྱི་ཐིག་དང་བདེན་བྲལ་དང་དབང་ལྡན་གྱི་ཐིག་ཀྱང་གདབ་པོ། །ཡང་མེ་མཚམས་སུ་བསྡད་དེ་བྱང་དུ་ཁ་ཕྱོགས་པས་ཤར་ཕྱོགས་ཀྱི་གྲུབ་ཐིག་དཀྱིལ་འཁོར་གྱི་ཚད་དུ་གདབ་པོ། །རླུང་མཚམས་སུ་བསྡད་དེ་ལྷོར་ཁ་ཕྱོགས་ནས་ནུབ་ཕྱོགས་ལའོ། །དེ་ཉིད་དུ་བསྡད་ནས་བྱང་ཕྱོགས་ལ་ཡང་ངོ༌། །དེ་ནས་མེ་མཚམས་སུ་གནས་ཏེ་ནུབ་ཏུ་ཁ་ཕྱོགས་པས་ལྷོ་ཕྱོགས་ལའོ། །དཀྱིལ་འཁོར་གྱི་བརྒྱད་ཆ་དང་ལྡན་པར་བྱ་པ་ནི་ཚངས་ཐིག་གི་གཡས་དང་གཡོན་གཉིས་སུ་ཆ་ཆུང་གཉིས་གཉིས་སྒོ་ལའོ། །ཕྱི་ནས་རྩ་བའི་ཕྱི་རོལ་དུ་རིམ་པ་ཇི་ལྟར་ཆ་ཆུང་གཅིག་དང་གཉིས་པ་སྟེ། གཉིས་དང་བཞི་རིམ་པ་བཞིན་ཐིག་དྲུག་ལ་པཉྩ་རཱ་ག་དང་འདོད་ཡོན་དང༌། རིན་ཆེན་ཕ་གུ་དང༌། དྲ་བ་དྲ་ཕྱེད་དང༌། ཕ་གུ་ལི་དང༌། ཀྲ་མ་ཤྲིཪྵ་རྣམས་ཀྱི་སྣམ་བུ་ལོགས་ལ་གདབ་པོ། །ཚངས་པའི་ཐིག་ནས་ཆ་ཆུང་གཉིས་མ་གཏོགས་པ་བདུན་གདབ་པོ། །ཀ་བའི་སྟེང་དུ་ཆ་གཉིས་ལ་རྟ་བབས་བགོ་བར་བྱའོ། །ཡང་རྒྱུད་ལས། རྟ་བབས་སྒོ་ཡི་སུམ་འགྱུར་རོ། །ཞེས་བཤད་པས་སོ། །རྟ་བབས་ཀྱི་སྟེང་དུ་ཚངས་ཐིག་ལ་ཆོས་ཀྱི་འཁོར་ལོ་ཆ་ཆུང་གཉིས་པའོ། །དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་རྩེ་མོ་ལ་ཆ་ཆུང་གཉིས་སོ། །དཀྱིལ་འཁོར་གྱི་ལྟེ་བར་ཕུར་པ་གདབ་པ་སྟེ། ཧཱུཾ་ལས་ཕུར་བར་བསྐྱེད་ནས། ཕུར་པའི་སྔགས་བཟླས་ཤིང་བཟུང་ལ་ཐོ་བའི་སྔགས་ཀྱིས་རྡོ་རྗེ་ཐོབ་བརྡུངས་ལ་དེ་ལ་སྐུད་པ་བཏགས་ཏེ། དབང་ལྡན་མཚམས་ནས་གཡས་སྐོར་དུ་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་ནས་པདྨའི་ར་བའི་དོན་དུ་རེ་ཁས་བསྐོར་རོ། །ཕྱི་རོལ་དུ་ཆ་ཆུང་གཉིས་དོར་བར་པདྨ་དང་རྡོ་རྗེའི་ར་བའི་བར་གྱི་རེ་ཁཱའོ། །དེ་ལས་ཆ་ཆུང་གཉིས་དོར་བར་རྡོ་རྗེའི་ར་བ་དང༌། མེ་རིའི་བར་གྱི་རེ་ཁཱའོ། །དེའི་ཕྱི་རོལ་དུ་མེ་


DTG028_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྕེ་མཉམ་པའི་དོན་དུ་ཆ་ཆུང་བཞི་དོར་བས་མེ་རིའོ། །ཕྱི་ནས་རྩ་བའི་ཐིག་དང་ཚངས་ཐིག་གི་བར་དུ་བསྐོར་བ་ནི་ཚངས་ཐིག་ནས་ཆ་ཆུང་ལྔ་ལ་གེ་སར་རོ། །དེ་ལས་ཆ་ཆུང་གཅིག་ལ་མུ་ཁྱུད་དོ། །དེའི་ཕྱི་རོལ་དུ་ཆ་ཆུང་བཅུ་འདབ་མའི་དོན་དུའོ། །དེ་ལས་ཆ་ཆུང་གཅིག་ལ་མུ་ཁྱུད་དོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་ལ་རྡོ་རྗེའི་ཕྲེང་པའོ། །དེ་ནས་མི་དགོས་པའི་ཐིག་རྣམས་དབྱི་བར་བྱའོ། །དེ་ལྟར་ཐིག་གདབ་པ་ཟིན་ནས་གཏོར་མ་དང་མཆོད་པ་སྔོན་དུ་སོང་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་བརྗོད་དེ། ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་གནས་པའི་འཁོར་ལོ་སྙིང་གར་བསྟིམ་མོ། །ས་ཚོན་ལྔ་སོ་སོར་ལེགས་པར་གཞག་གོ །འདི་ནི་དཀྱིལ་འཁོར་གྱི་ཐིག་གི་ཆོ་གའོ།། །།

ཚོན་གྱི་ཆོ་ག


DTG028_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཏོར་མ་བྱིན་ལ། ས་ཚོན་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་རིན་པོ་ཆེ་ལས་བྱས་པའམ་རྡོ་ལས་བྱས་པའམ། མེ་ཏོག་ལས་བྱས་པ་རྣམས་ལ་བྲུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་རྣམས་ལས་རྣམ་པར་སྣང་མཛད་ལ་སོགས་པར་བསྐྱེད་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། མེ་ཏོག་ལ་སོགས་པས་མཆོད་ནས་སྣོད་གཙང་མར་བཞག་པ་དང༌། དེ་ནས་དབུས་ཀྱི་ཕུར་པ་བཏོན་ཏེ་བདག་ཉིད་ཀྱི་ལག་པའི་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཕུར་ཁུང་ས་ཚོན་ལྔས་བཀང་ནས་དཀྱིལ་འཁོར་གྱི་སྟེང་དུ་བསྡད་ལ། ལག་པ་གཡོན་པའི་ཁུ་ཚུར་ས་ལ་བཞག་སྟེ། ཨོཾ་བཛྲ་རཱ་ག་ས་མ་ཡ་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དབང་ལྡན་མཚམས་ནས་ཤར་དུ་ཁ་ཕྱོགས་ཏེ། །གཡས་སྐོར་དུ་ས་ཚོན་དགྱེ་བ་ནི། དེར་ཕྱི་རོལ་གྱི་རེ་ཁཱ་ནས་བརྩམས་ཏེ། ནང་གི་རེ་ཁཱའི་བར་དུ་ས་ཚོན་གྱི་རྩིག་པ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་བཀྱེ་ལ། འདོད་ཡོན་གསེར་མདོག་གམ་པདྨ་རཱ་གའི་ཁ་དོག་གོ །སྒོ་ཁྱུད་རྣམས་དང་མཚམས་རྣམས་སུ་ཟླ་བ་ཕྱེད་པ་རྡོ་རྗེ་རིན་པོ་ཆེ་དང་བཅས་པའོ། །རིན་པོ་ཆེའི་ཕ་གུ་དམར་པོ། །དྲ་བ་དང་དྲ་བ་ཕྱེད་པ་ནག་པོ་བ་ཀུ་ལི་དང་ཀྲ་མ་ཤཱིཪྵ་ལ་སོགས་པ་རྣམས་ཀྱི་གཞི་ནག་པོ། །རྟ་བབས་ཀྱི་ཀ་བ་དང་འཁོར་ལོའི་ནང་བླ་བྲེས་ཀྱི་འོག་གི་གཞི་ཕྱོགས་ཚོན་ནོ། །རྟ་


DTG028_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བབས་ཀྱི་སྟེགས་དང༌། བ་ར་ཎ་ཌ་ལ་སོགས་པ་ཇི་ལྟར་མཛེས་པར་རོ། །ཆོས་ཀྱི་འཁོར་ལོ་རི་དགས་དང་བཅས་པ་སེར་པའོ། །སྣ་ཚོགས་རྡོ་རྗེའི་རྩེ་མོ་དང་ར་ཕྱོགས་ཚོན་ནོ། །པདྨའི་ལྟེ་བ་ལྗང་གུ་གེ་སར་སེར་པོའོ། །འདབ་མ་སྣ་ཚོགས་པདྨའོ། །དེའི་གཞི་དཔར་སྐྱའོ། །རྡོ་རྗེའི་ཕྲེང་བ་སྔོན་པོའོ། །མེ་རིགས་ལྔའི་ཁ་དོག་གོ །རྩ་བའི་ཐིག་གི་ནང་དུ་ཟུར་གཉིས་གཉིས་ཀྱི་ཕྱོགས་བཞི། །གཡས་གཡོན་དུ་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང་གུ་རྣམས་སུའོ། །དེ་ལྟར་ཁ་དོག་གི་རིམ་པ་ཤེས་པར་བྱ་སྟེ། ས་ཚོན་དགྱེས་བར་བྱའོ། །ལྟེ་བ་ལ་དཔལ་ནག་པོ་ཆེན་པོ་ཕྱག་བཅུ་དྲུག་པའི་མཚན་མ་དགོད་པ་ནི། སྣ་ཚོགས་པདྨ་ཉི་མ་དང་བཅས་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཁ་གདེངས་པའོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་འདབ་མ་ལ་གཏུམ་པའི་དབང་ཕྱུག་མ་དང༌། ཙ་རྩི་ཀ་དང་དུས་ཅན་མ་དང༌། རིགས་ཀྱི་དབང་ཕྱུག་མ་རྣམས་ཀྱི་ཉི་མ་ལ་གྲི་གུག་གིས་སྤྲས་པ་རྣམས་སོ། །མཚམས་རྣམས་ལ་ཐོད་པའོ། །ཤར་ལ་སོགས་པའི་སྒོ་བཞིར་ཆོམ་རྐུན་མ་དང༌། རི་མོ་ཅན་དང༌། དགའ་བྱེད་ཆེན་མོ་དང༌། དགའ་བའི་དབང་ཕྱུག་མ་རྣམས་ཀྱི་སྣ་ཚོགས་པདྨ་ཉི་མ་དང་བཅས་པའི་སྟེང་དུ་རྔམ་དང་སྤོས་ཁང་དང་རྡོ་རྗེ་དྲིལ་བུ་རྣམས་སོ། །ཕྱི་རོལ་དུ་དུར་ཁྲོད་བརྒྱད་དགོད་དོ། །ཕྱི་ནས་ཧཱུཾ་ཞེས་བྱ་བ་བརྗོད་ནས་ལས་ཐམས་ཅད་པའི་སྔགས་བཟླས་སོ། །བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་རྣམས་ལ་གཏོར་ཏེ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ་ཞེས་པ་བརྗོད་ཅིང་ས་ཚོན་ལྷག་མའི་ཡེ་ཤེས་པ་གཤེགས་ནས་སྣོད་དུ་བླུགས་ཏེ་དཔེན་པའི་གནས་སུ་གཞག་གོ །འདི་ནི་ཚོན་གྱི་ཆོ་གའོ། །

བུམ་པ་དགྲམ་པའི་ཆོ་ག


DTG028_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྔོན་དུ་ལྷག་གནས་བྱས་པའི་བུམ་པ་རྣམས་གཡས་སྐོར་གྱིས་དགྲམ་པ་ནི་དེ་རྣམས་ཀྱི་ནང་ནས་གཙོ་བོ་དང་རྣམ་རྒྱལ་གྱི་བུམ་པ་གཉིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་སྐོར་བྱས་ནས་མེ་རིའི་ཕྱི་རོལ་གྱི་ཤར་སྒོར་སྟན་ལ་བག་ཙམ་གཡས་སུ་བཞག །གཡོན་དུ་རིམ་པ་བཞིན་དུ་གཏུམ་པའི་དབང་ཕྱུག་མ་དང་ལས་ཐམས་ཅད་པའི་བུམ་པའི་ཆོམ་རྐུན་མ་སྟེ་གཉིས་གཡས་སྐོར་བྱས་ཏེ་


DTG028_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞག་གོ །ལྷོ་ཕྱོགས་སུ་གཡོན་དུ་ཙ་རྩི་ཀ་དང་གཡས་སུ་རི་མོ་ཅན་ནོ། །ནུབ་ཕྱོགས་ཀྱི་གཡོན་དུ་དུས་ཅན་མ་དང༌། གཡས་སུ་དགའ་བ་ཆེན་མོའོ། །བྱང་ཕྱོགས་ཀྱི་གཡོན་དུ་རིགས་ཀྱི་དབང་ཕྱུག་མ་དང༌། གཡས་སུ་དགའ་བའི་དབང་ཕྱུག་མའོ། །ཆོམ་རྐུན་མ་ལ་སོགས་པ་བཞི་འགའ་ཞིག་གི་མཚམས་སུ་འདོད་དེ། དེ་ལྟར་ན་མཚམས་བཞིའི་བུམ་པ་རྣམས་དང༌། མདའ་བཞི་ལ་དར་བཏགས་པ་རྣམས་ལས་ཐམས་ཅད་པའི་སྔགས་ཀྱིས་གཟུགས་སོ། །འདི་ནི་བུམ་པ་དགྲམ་པའི་ཆོ་གའོ།། །།

དཀྱིལ་འཁོར་སྒྲུབ་པའི་ཆོ་ག


DTG028_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་དཔོན་དྲི་ཞིམ་པོས་ལུས་ལ་བྱུགས་ཏེ། དར་གྱི་གོས་དང་ཐོད་ལ་རྒྱན་བཏགས་པ་གོན་ལ། ལས་ཐམས་ཅད་པ་བཟླས་པའི་ཆུས་དཀྱིལ་འཁོར་བསྔགས་པ་དང༌། ཡི་གེ་གསུམ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ཏེ་རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཤར་གྱི་སྒོར་ཁ་ནུབ་ཏུ་ཕྱོགས་པས་བསྡད་ནས་འཁོར་ལོའི་གཙོ་བོའི་རང་བཞིན་དང་ལྡན་པས་སྐད་ཅིག་གི་སྟོང་པའི་དང་ལས་བྲིས་པའི་དཀྱིལ་འཁོར་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་ངེས་པར་དམིགས་ལ། ལེགས་པར་སྦྱངས་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་སམ། ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྦྱོར་བའི་སྒྲས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས་མཆོད་པ་དང་བདག་ཉིད་ལ་ཞུགས་པས་ཆགས་པ་ཆེན་པོས་ཞུ་ནས་རྡོ་རྗེའི་ལམ་ནས་ཐོན་ཏེ་པདྨར་ཡེ་ཤེས་ཀྱི་འཁོར་ལོའི་རང་བཞིན་དུ་གྱུར་པ་རྣམས་སྤྲོས་པས་ཕྱི་རོལ་གྱི་དམ་ཚིག་གི་འཁོར་ལོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཞུགས་པར་བསམ་མོ། །ཡང་རང་གི་ས་བོན་གྱིས་སྤྱན་དྲངས་པའི་ལྷ་མོས་དབང་བསྐུར་བས་གཙོ་བོ་ལ་མི་བསྐྱོད་པས་སོ། །ཤར་ལ་སོགས་པ་ན་ངེས་པའི་ལྷ་མོ་བརྒྱད་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་གོ་རིམས་བཞིན་དུ་རྒྱས་གདབ་བོ། །ཕྱི་ནས་སེམས་ཀྱིས་སྤྲུལ་པའི་མཆོད་པའི་ལྷ་མོ་སྤྲོས་ཏེ། མཆོད་ལ་ན་བཟའ་དང་བླ་རེ་ཕུལ་ཏེ། ཡི་གེ་གསུམ་


DTG028_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་བྱིན་གྱིས་བརླབས་པའི་བཟའ་བ་དང་བཅའ་བ་དང་བལྡག་པ་དང་གཞིབ་པ་དང་བཏུང་བ་རྣམས་ཀྱིས་མཆོད་པ་ལ་སོགས་པ་དང༌། གསེར་དང་བུ་མོ་དང་རྟ་དང་གླང་པོ་དང་བ་ལང་ལ་སོགས་པ་རྣམས་ཕུལ་ལ། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྟ་བུའི་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ་དྲུག་གམ་བརྒྱད་དམ་བཞི་རྣམས་ཀྱིས་རང་རང་གི་མཆོད་པས་མཆོད་དོ། །དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱས་ནས་བདུད་རྩི་མྱངས་པས་བདེ་པ་ཆེན་པོའི་རོ་མྱོང་བར་བསམ་མོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་རྣམས་ཀྱི་ཉི་ཤུ་རྩ་གཅིག་བཟླས་པ་དང་འོག་ནས་འབྱུང་བའི་ཚོགས་འབྱུང་པོ་རྣམས་ཀྱི་གཏོར་མ་སྦྱིན་ནོ། །འདི་ནི་དཀྱིལ་འཁོར་སྒྲུབ་པའི་ཆོ་གའོ།། །།

སློབ་མ་ལྷག་པར་གནས་པའི་ཆོ་ག


DTG028_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་རྣམས་ཀྱིས་མཎྜལ་བྱས་ལ། པུས་མོ་ས་ལ་བཙུགས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྔགས་ཀྱི་ཐེག་པ་ལ་སྦྱོར་བ་རྣམས་ལ་འཇིག་རྟེན་འདི་དང་ཕྱི་མ་བདེ་བར་བྱ་བའི་དོན་དུ་མ་ཡིན་པར་འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་འདོད་པ་གཉིས་བསྒྲུབ་པོ་སྙམ་དུ་ཤེས་པར་བྱས་ལ། བླ་མ་ལ་ཁ་ཕྱོགས་པ་དེ་རྣམས་ཞལ་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་པདྨར་སོན་པ་རྣམས་ལ་འོད་ཟེར་གྱིས་ཤས་རབ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ཞུ་ནས་སྔ་མ་ལྟར་ཞུགས་པས་དབང་བསྐུར་བར་བསམ་ཞིང་ཤར་གྱི་སྒོར་བསྟན་པ་དེ་ཡེ་ཤེས་དབབ་པའི་རྗེས་གནང་བླང་ངོ༌། །དཔལ་ཆེན་ཁྱོད་བདག་སྟོན་པ་པོ། །ཨུ་མས་སྟབས་ཅིག་ཁ་སྦྱོར་ཁྱོད། །བྱང་ཆུབ་ཆེན་པོས་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་ལ་སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ལ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བའི། །


DTG028_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཡང་དག་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དབྱེར་མེད་གསང་སྔགས་ནུས་མཐུ་ཡིས། །མཉམ་མེད་ཡང་དག་ཡེ་ཤེས་ཐོབ། །གསང་སྔགས་སྦྱོར་བ་མཉམ་མེད་པས། །བདུད་ཀྱི་སྡེ་ནི་འཇིགས་སྟེར་བ། །གང་གིས་སྟོབས་ཆེན་གྱིས་བཅོམ་ནས། །ཤཱཀྱ་སེང་གེ་ལ་སོགས་མཆོག །འཇིག་རྟེན་བསམ་པ་མཁྱེན་པ་ཡིན། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་བུ་ཁྱོད་བློ་གྲོས་འདི། །གྱིས་ཤིག་ཐམས་ཅད་མཁྱེན་ཐོབ་ཕྱིར། །ཞེས་བརྗོད་ལ་དོན་བླང་ངོ༌། །དེ་ནས་ཡང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་པ་ལན་གསུམ་བརྗོད་ནས། སྤྱིའི་སྡོམ་པ་བཟུང་བ་དང་རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་བླང་བའི་ཕྱིར། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །བྱིན་ཅིག་མགོན་པོ་བདག་བརྗོད་ཀྱི། །འཁོར་ལོ་ལྷ་ཡི་དེ་ཉིད་གཉིས། །སློབ་དཔོན་ལས་ནི་བྱ་བ་ཀུན། །སངས་རྒྱས་རྣམས་ཀྱི་དམ་ཚིག་ལ། །གསང་བའི་སྡོམ་པ་དམ་པ་རྣམས། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །རྟག་པར་བདག་ཉིད་སློབ་དཔོན་གྱུར། །དེ་ལྟར་བྱེ་བྲག་གི་གསོལ་བ་བཏབ་ལ། །དེ་ནས་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་ལ། ཇི་ལྟར་དུས་གསུམ་མགོན་རྣམས་ཀྱིས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་


DTG028_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་པ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་བརྗོད་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དེའི་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་པདྨ་འཁོར་ལོ་རྣམས་ཀྱི་སྟེང་དུ་ཧཱུཾ་ཨཱཿཨོཾ་རྣམས་བསམས་པ། དེ་རྣམས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་བཅས་པའི་དྲི་ཆུ་ལག་པ་གཡས་པས་རེག་སྟེ། མེ་ཏོག་མགོ་ལ་བདུག་སྤོས་དང་མར་མེ་མདུན་དུ་དྲི་ཆབ་ཐུགས་ལ་བཤོས་གཙང་ཕྱག་ཏུ་བུལ་ནས། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ལས་བྱས་པའི་སོ་ཤིང་སོར་བཅུ་གཉིས་པ་མེ་ཏོག་དང་ལྡན་པ་སློབ་མ་ལ་སྦྱིན་ནོ། །དེ་ནས་མཎྜལ་པའི་ཀོ་བ་ཙམ་པའི་གྲུ་བཞི་པ་ལ། ཤར་རམ་བྱང་དུ་ཁ་ཕྱོགས་ནས་སོ་ཤིང་སོས་བཟུང་ལ་དེར་དོར་རོ། །དེའི་ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་ལོག་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ཞིབ་དང་མངོན་སྤྱོད་དང་དབང་དང་རྒྱས་པ་དང༌། རིག་པ་འཛིན་པ་དང་ས་འོག་གི་དངོས་གྲུབ་རྣམས་སོ། །མཎྜལ་གྱི་ཕྱི་རོལ་དུ་སོང་ན་དངོས་གྲུབ་མི་འབྱུང་ངོ༌། །དེ་ནས་བཾ་ལས་བྱུང་བའི་ཆུར་བསྐྱེད་ལ་ཞབས་བསིལ་སྦྱིན་ནོ། །ཡང་ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་ཕཾ་ནཾ་


DTG028_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙསྱ་བི་ཤོདྷ་ཡ་སརྦ་བི་ཀལྤཱ་ནཱ་པ་ནཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་དྲིའི་ཆུ་ཁྱོར་བ་གསུམ་བླུད་དོ། །དེ་ནས་བསྡད་པ་དེ་ལ་ཧཱུཾ་གིས་བྱིན་གྱིས་བརླབས་པའི་ཀུ་ཤ་སྟན་དང༌། དྷིཿཡིས་བྱིན་གྱིས་བརླབས་པའི་ཀུ་ཤ་སྔགས་སུ་བྱིན་ནས། དེ་རྣམས་ཀྱི་ལུས་དང་མཉམ་པའི་སྐུད་པ་དམར་པོ་སུམ་སྒྲིལ་བྱས་པ་ལ་ཧཱུཾ་གིས་བྱིན་གྱིས་བརླབས་ཏེ་ལས་ཐམས་ཅད་པའི་སྔགས་བཟླས་ཤིང་མདུད་པ་གསུམ་བྱས་ལ། དེའི་ལག་པ་གཡས་པའི་དཔུང་པའམ་གཡོན་པའི་མཁྲིག་མ་ལ་བཏགས་པ་དང༌། ལེགས་པར་བསྲུངས་ལ་གཟེངས་བསྟོད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞེན། །བརྒྱ་ལམ་ན་ནི་རིས་འགའ་ཞིག །འབྱུང་བར་འགྱུར་རམ་འབྱུང་མི་འགྱུར། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་བར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱུང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གི་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཐམས་ཅད་རབ་ཏུ་གཅོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དི་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སད་ནི་རབ་ཏུ་སྐྱེ་བར་བྱ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འགྲོ་བས་ན། །རང་བྱུང་སྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད་དེ་བཤད་ལ་ཡང་དག་པར་བསྲུངས་ཏེ། ནང་པར་སྔ་བར་རྨི་ལམ་ཟློས་ཤིག་ཅེས་བརྗོད་ནས་ཀུ་ཤ་དང་བཅས་པར་སེང་གེ་


DTG028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་ཉལ་དུ་གཞུག་གོ །དེ་ནས་རང་ཉིད་དཀྱིལ་འཁོར་དུ་ཞུགས་ལ་སྲུང་བའི་དོན་དུ་ལས་ཐམས་ཅད་པའི་སྔགས་བཟླས་སོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།

རྡོ་རྗེ་སློབ་དཔོན་འཇུག་པའི་ཆོ་ག


DTG028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ནང་པར་སྔ་བར་གཏོར་མ་བཏང་ལ་དཀྱིལ་འཁོར་ནས་ཐོན་པ་དང༌།། སློབ་མ་རྣམས་ལ་རྨི་ལམ་དྲིས་ཏེ། རི་ལས་ལྷུང་བ་ལ་སོགས་པའི་མི་དགེ་བའི་རྨི་ལམ་བྱུང་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་སློབ་མས་གསོལ་བ་བཏབ་པ་དང༌། འཇུག་པ་ནི་བསྐོར་བ་བྱེད་ཅིང་འཁོར་ལོའི་གཙོ་བོའི་ཏིང་ངེ་འཛིན་དང་ལྡན་པས། སློབ་མ་གཞུག་པའི་ཆོ་ག་བཞིན་དུ་འཁོར་ལོའི་གཙོ་བོ་སློབ་དཔོན་དུ་བསམས་ལ། དེས་བྱིན་པ་རྣམས་ལ་ཕྱིས་བསྐུར་བའི་དབང་ཐམས་ཅད་ལ་རིམ་པ་ཇི་ལྟ་བར་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བྱས་ཏེ་རྗེས་གནང་ཐོབ་པ་དང༌། སློབ་མ་གཞུག་པའི་ཕྱིར་བདེན་པའི་བྱིན་རླབས་བྱས་ཏེ། ཆོས་རྣམས་གཟུགས་བརྙན་དང་མཚུངས་པ། །གསལ་དག་དྲི་མེད་རྙོག་སྤངས་པའི། །གཟུང་དུ་མེད་ཅིང་བརྗོད་བྲལ་བ། །རྒྱུ་དང་ལས་ལས་བྱུང་བ་སྟེ། །དེ་བཞིན་དེ་ཉིད་ལས་བྱུང་བ། །འདི་ལྟར་བདེན་པས་དཀྱིལ་འཁོར་ལ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །སྡིག་པ་བྲལ་ཀུན་ཐམས་ཅད་ལྟོས། །ཞེས་བརྗོད་དོ། །འདི་ནི་རྡོ་རྗེ་སློབ་དཔོན་འཇུག་པའི་ཆོ་གའོ།། །།

དབབ་པའི་ཆོ་ག


DTG028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ལྷག་གནས་བྱས་པའི་སློབ་མ་རྣམས་ཁྲུས་བྱས་ཏེ། དྲི་ཞིམ་པོ་ལ་སོགས་པས་ལུས་ལ་བསྒོས་པ་དང༌། ཡོལ་བའི་ཕྱི་རོལ་དུ་རྣམ་པར་སྣང་མཛད་དུ་བསྐྱེད་ནས་ལས་ཐམས་ཅད་པའི་སྔགས་བཟླས་ཤིང་དང་དམར་པོ་འམ་སེར་པོས། ཨོཾ་ཙཀྵུ་བནྡྷ་བར་མ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་རས་བཅིང་ངོ༌། །ཨཱ་ཁཾ་ཝཱི་ར་ཧཱུཾ་ཞེས་པ་བརྗོད་དེ་མེ་ཏོག་བླངས་ནས་ཡོན་དབུལ་ལོ། །ལས་ཐམས་ཅད་པའི་ཆུས་བསངས་ལ། དེའི་ལུས་ཡི་གེ་གསུམ་གྱིས་འོད་ཟེར་དུ་གྱུར་པར་བསམས་ཏེ། ཡི་གེ་གསུམ་བརྗོད་ཅིང་དཀྱིལ་འཁོར་གྱི་ཤར་དུ་གནས་པ་དེ་ལས་ཀྱི་རྡོ་རྗེས་བཟུང་ལ། དཀྱིལ་འཁོར་འཇུག་པ་བྲི་བ་ནི། །བདེ་ཆེན་དགའ་ཁྱོད་སུ་ཡིན་གྱི། །དེས་བརྗོད་པ། བདེ་ཆེན་སྐལ་


DTG028_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟང་བདག་ལགས་སོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུ་པཱ་ད་ཡཱ་མི་ཞེས་བརྗོད་བྱང་ཆུབ་ཏུ་སེམས་བསྐྱེད་ལ་མེ་ཏོག་དང་ལྡན་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་དེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་མ་མཐོང་བ་རྣམས་དང་དད་པ་དང་མི་ལྡན་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག་ཅེས་པ་དང༌། ཧཱུཾ་ཛཿཧཱུཾ་ཞེས་བརྗོད་ཅིང་དགུག་པ་ནི་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པས་ཡོལ་བའི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཟུང་ལ། དེར་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པས་དེང་ངས་ཁྱོད་རྡོ་རྗེ་ཡེ་ཤེས་བསྐྱེད་དེ། ཡེ་ཤེས་བསྐྱེད་པས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་སྨོས་ཅི་འཚལ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་སྔོན་དུ་སྨྲས་ན་དམ་ཚིག་ཉམས་ནས་འབྲས་བུ་མི་འབྱུང་ངོ་ཞེས་བརྗོད་ལ། མགོར་རྡོ་རྗེ་བཟུང་ལ་དྲིལ་བུ་དཀྲོལ་ཞིང༌། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་འདི་གང་དག་ལ། །སྨྲས་ན་མགོ་བོ་འགས་པར་འགྱུར། །དེ་ལྟར་གོ་བར་བྱས་ཏེ་སྙིང་གར་རྡོ་རྗེ་བཟུང་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲ་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པའི་བཀའ་བྱིན་ལ། རྣམ་རྒྱལ་བུམ་པའི་སྟེང་གི་ཆུ་བླངས་ལ་དེ་ལ་སྦྱིན་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཅེས་བརྗོད་དེ་མནའ་ཆུ་བླུད་དོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་པས་ངས་ཁྱོད་ལ་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ།། །།གལ་ཏེ་ཁྱོད་ཀྱིས་ང་ལ་བརྙས་པ་བྱས་ན་འཇིགས་པ་ཆེན་པོ་མ་སྤངས་པར་དུས་བྱས་ནས་ཤི་ནས་དམྱལ་བར་ལྟུང་བར་འགྱུར་རོ། །འདི་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་མཚན་ཉིད་ཐམས་ཅད་དང་ལྡན་པ་ལྷག་པར་གནས་པ་ཐོབ་པའི་སློབ་མ་སྐད་ཅིག་གིས་


DTG028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་པར་བཏང་ནས། ཨཱཿལས་འོད་དཔག་མེད་དུ་བསྐྱེད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་པ་བརྗོད་དུ་བཅུག་ལ། དེའི་སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པའི་སྟེང་དུ་ཉི་མ་ལ་ས་ཧཱུཾ་ནག་པོ་སྤྱི་བོར་ཧཱུཾ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་སྟེང་དུ་ཟླ་བ་ལ་ཧཱུཾ་དཀར་པོ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ལྟ་བུ་བ་དན་དང་བཅས་པ་ལ། ཟླ་བའི་སྟེང་དུ་ཨཱཿདྨར་པོ་རྣམས་དམིགས་ཏེ། རྐང་བའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བ་ནི་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་འོད་ཟེར་འཕྲོ་བཞིན་པ་ལ་གནས་པ། ཛྷཻཾ་དམར་པོས་སློབ་མ་སྟེང་དུ་བསྐྱོད་པར་བསམ་པ་ནི་བདུག་སྤོས་ཀྱིས་བདུགས་པ་དང་དྲིལ་བུ་དཀྲོལ་བཞིན་པས། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཧ་ཛྷཻ་ཨཱཿཞེས་པའི་སྔགས་བརྗོད་ཅིང་བསམ་གཏན་དང་ལྡན་པས་དབབ་པར་བྱའོ། །འབེབས་པའི་དུས་སུ་དེའི་ལྕེ་ལས་ཨཱ།དམར་པོ་བསམས་ཏེ། སྨྲོས་ཤིག་རྡོ་རྗེ་བུ་ཁྱོད་ཀྱེ་ཞེས་བརྗོད་པས་དེས་དགེ་བ་དང་མི་དགེ་བ་ངེས་པར་སྨྲའོ། །དེ་ནས་ཕབ་པའི་ལྷ་རང་གི་ས་བོན་ལས་བསྡུས་བ་སློབ་མའི་མགོ་ལ་རྡོ་རྗེ་བཟུང་སྟེ། ཧཱུཾ་ཧ་ཨཱ་ཛྷཻཾ་མུཿཞེས་པས་གཤེགས་སུ་གསོལ་ལོ། །འདི་ནི་དབབ་པའི་ཆོ་གའོ།། །།

དཀྱིལ་འཁོར་ལ་མིག་རས་དང་བཅས་ཏེ་འཇུག་པའི་ཆོ་ག


DTG028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ཁ་ཕྱོགས་ཏེ་གནས་པ་ལ་མིག་སྔར་ཅི་སྣང་དྲིས་པ་དང༌། དེས་སྨྲས་པའི་ཁ་དོག་གི་བྱེ་བྲག་གིས་དངོས་གྲུབ་ཀྱི་བྱེ་བྲག་ཤེས་པར་བྱས་ལ་བདེན་པའི་བྱིན་རླབས་བྱ་བ་ནི། འདི་འདྲའི་དཀྱིལ་འཁོར་འདི་ཉིད་ལ། །ང་ཡིས་སློབ་མ་གཞུག་པར་བྱ། །ལྷ་རྣམས་རིགས་ནི་རིམ་པ་ཡིས། །འདི་ཡིས་དངོས་གྲུབ་ཇི་ལྟ་བར། །རང་གི་རིགས་ནི་གར་ཡིན་པ། །བསོད་ནམས་ཇི་བཞིན་དེ་ཡིས་ཐོབ། །ཇི་ལྟར་བསོད་ནམས་བསགས་པ་ཡིས། །དེ་ལྟར་དཀྱིལ་འཁོར་འདི་ལས་འབྱུང༌། །ཞེས་པ་འདི་ནི་དཀྱིལ་འཁོར་ལ་མིག་རས་དང་བཅས་ཏེ་འཇུག་པའི་ཆོ་གའོ།། །།

མེ་ཏོག་དོར་བ་དང་མིག་རས་དོར་བའི་ཆོ་ག


DTG028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྔ་མའི་མེ་ཏོག་གི་ཕྲེང་བ་ལ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་ཅིང་དཀྱིལ་འཁོར་ལ་དོར་ཏེ། རེ་ཁཱ་ལྔའི་ནང་ལ་མེ་ཏོག་བབས་པའི་ས་ཡིས་དེའི་རིགས་ཤེས་པར་བྱ་བ་ནི་གལ་ཏེ། གཙོ་བོའི་སྨིན་ཕྲག་གམ། མགོ་བོའམ་སྤྱི་གཙུག་རྣམས་སུ་ཕོག་ན་ཕྱག་རྒྱ་ཆེན་པོ་དང་མིག་གམ་ཁ་ལ་སོགས་པ་རོ་སྟོད་དུ་ཕོག་ན་མཆོག་དང༌། རྐེད་པར་ཕོག་ན་འབྲིང་དང༌། རོ་སྨད་དུ་ཕོག་ན་ཐ་མའི་དངོས་གྲུབ་ཐོབ་པའོ། །དེ་ལྟ་བུ་ལ་སོགས་པར་གོ་བར་བྱའོ། །འདི་ནི་མེ་ཏོག་དོར་བའི་རིམ་པའོ། །དེ་ནས་མིག་གཉིས་ལ་ཨོཾ་གཉིས་བསམས་ལ། ཁྱོད་ནི་དི་རིང་རྡོར་སེམས་ཀྱིས། །མིག་འབྱེད་པར་ནི་བརྩོན་པ་སྟེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཁྱོད་ཀྱི་མིག་རྣམས་དབྱེ་བར་བྱ། །ཞེས་བརྗོད་ལ་མིག་རས་བཤུ་བའོ། །དེ་ནས། རྡོ་རྗེ་ཀྱེ་ཁྱོད་དཀྱིལ་འཁོར་ལྟོས། །ཞེས་བརྗོད་ལ་དཀྱིལ་འཁོར་བསྟན་ཏེ་སློབ་མ་དཀྱིལ་འཁོར་དུ་གཞུག་གོ །

ཆུའི་དབང་བསྐུར་བའི་ཆོ་ག


DTG028_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་ནས་ཆུའི་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་བའི་ཡོན་ཕུལ་ཏེ། པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་བྱིན་པས་བསྙེན་བཀུར་ལྟར། །བདག་ཀྱང་བསྐྱབ་པའི་དོན་དུ་ནི། །ནམ་མཁའ་རྡོར་སོགས་བདག་ལ་བྱིན། །ཞེས་བརྗོད་ལ་གསོལ་བ་གདབ་པའོ། །དེ་ནས་བླ་མས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གྲངས་མེད་པ་དང༌། རིག་པའི་ལྷ་མོ་རྣམས་ཡང་དག་པར་མཆོད་ནས་གསོལ་བ་བཏབ་པས་ཕྱག་རྒྱ་དང་བཅས་པ་དེ་རྣམས་ཆགས་པ་ཆེན་པོས་ཞུ་ནས་ཚངས་པའི་བུ་གནས་ཞུགས་ཏེ། །རྡོ་རྗེའི་ལམ་ནས་ཐོན་པ་དེས་ལྷ་མོའི་པདྨར་སློབ་མ་མི་བསྐྱོད་པའི་གཟུགས་སུ་ཞལ་ནས་ཞུགས་པ་ལ་དབང་བསྐུར་ནས། ཡང་ཞལ་རས་ལ་སོགས་པ་སྔ་མ་ལྟར་པདྨ་ནས་ཕྱུང་སྟེ། ནམ་མཁའ་ལ་གཤེགས་པ་ནི་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་རྣམས་ཀྱིས་བུམ་པ་དཀར་པོ་བྱང་སེམས་ཀྱིས་གང་བ་བཟུང་ནས། པདྨ་ནས་ཕྱུང་བའི་སློབ་མ་དབང་བསྐུར་བར་འདོད་པ་དེ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་དབང་བསྐུར་བར་བསམ་ཞིང་རྣམ་རྒྱལ་ལ་སོགས་པའི་བུམ་པ་


DTG028_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྣམས་ནས། ཉུང་ཟད་རེ་ཐོད་པའམ་ལས་ཐམས་ཅད་པའི་བུམ་པར་གཟུང་སྟེ། མི་བསྐྱོད་པའི་རང་བཞིན་བདུད་རྩིའི་ཆུས་དབང་བསྐུར་བ་ནི། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །བྱིན་ཅིག་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་སྐྱེ་གནས་རྣམས། །ཨོཾ་ཨཱཿབཛྲོ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་དབང་བསྐུར་རོ། །འདི་ནི་ཆུའི་དབང་བསྐུར་བའི་ཆོ་གའོ།། །།

ཅོད་པན་གྱི་དབང་བསྐུར་བའི་ཆོ་ག


DTG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་དེ་ཉིད་རིན་ཆེན་འབྱུང་ལྡན་དུ་བསམས་ལ། གསེར་རམ་རས་ལ་སོགས་པ་ལས་བྱས་པའི་ཆོད་པན་དེའི་མགོ་ལ་བཞག་སྟེ་སྔར་གྱི། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པའི་ཚིགས་བཅད་དང༌། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་དོ། །འདི་ནི་ཆོད་པན་གྱི་དབང་བསྐུར་བའི་ཆོ་གའོ།། །།

རྡོ་རྗེའི་དབང་བསྐུར་བའི་ཆོ་ག


DTG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་ཉིད་དང་རྡོ་རྗེ་གཉིས་ཀ་འོད་དཔག་མེད་དུ་བསམས་ལ། སངས་རྒྱས་ཀུན་གྱི་རྡོར་འཆང་ལས། །ཀུན་གྱིས་ཀྱང་ནི་དེ་བཟུང་ལྟར། །དེ་རིང་ཁྱོད་ནི་དབང་བསྐུར་ཏེ། །རྡོ་རྗེ་དངོས་གྲུབ་བཟང་ཐོབ་ཕྱིར། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་དང༌། མགྲིན་པ་དང་སྤྱི་བོར་བཞག་ལ་ལག་པ་གཡས་པར་གཏད་དོ། །འདི་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ།། །།

དྲིལ་བུའི་དབང་བསྐུར་བའི་ཆོ་ག


DTG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་ཉིད་དང་དྲིལ་བུ་གཉིས་དོན་ཡོད་གྲུབ་པར་བསམས་ལ་དེའི་ལག་པ་གཡོན་དུ་གཏད་པ་དང༌། རྡོ་རྗེ་དང་དྲིལ་བུ་ལྡན་པའི་ལག་པས་འཁྱུད་པའི་ཕྱག་རྒྱ་བྱ་སྟེ། ཨོཾ་བཛྲ་ཨི་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །འདི་ནི་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ།། །།

མིང་གི་དབང་བསྐུར་བའི་ཆོ་ག


DTG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་ཉིད་རྣམ་པར་སྣང་མཛད་དུ་བསམས་ལ། སྤྱི་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་བཟུང་ལ། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་པ་དང༌། ཞེ་སྡང་རྡོ་རྗེ་སེམས་དཔའ་ལ། །ཞེས་པ་ལ་སོགས་པའམ། མེ་ཏོག་ལྷུང་བའི་རིགས་ཀྱི་མིང་གདགས་ཤིང་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་དབང་བསྐུར་རོ། །འདི་ནི་མིང་གི་དབང་བསྐུར་བའི་ཆོ་གའོ།། །།

དམ་ཚིག་གསུམ་གྱི་ཆོ་ག


DTG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་གི་ཐུགས་རྗེའི་གནས་ཡིན་པས། །རྡོ་རྗེ་སློབ་དཔོན་དབང་བདག་ཀྱི། །བདག་གཞན་གཉིས་ཀའི་དོན་གྱི་ཕྱིར། །བདག་ལ་ཁྱོད་ཀྱི་བཀའ་དྲིན་སྩོལ།།


DTG028_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་བླ་མས་སློབ་མ་ལ་གསོལ་བ་འདེབས་སུ་གཞུག་ཅིང་ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་ལ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་དེ་ཁོ་ནར་བཤད་དེ་རྡོ་རྗེའི་དམ་ཚིག་གོ །དེ་ནས་ཡི་གེ་ཨཿ་ལས་དྲིལ་བུར་བསྐྱེད་ལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུའི་དབང་གིས་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ལྟར་བརྗོད་ཅིང་དེ་ཁོ་ནས་བླང་ངོ༌། །དེ་ནས་སློབ་མས་འདི་ལྟར་བརྗོད་ཅིང༌། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་བྱས་པ། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །དེས་དཀྲོལ་བར་བྱའོ། །འདི་ནི་དྲིལ་བུའི་དམ་ཚིག་གོ །དེ་ནས། ཕྱག་རྒྱའི་དམ་ཚིག་བཤད་བྱ་སྟེ། །ཡིད་ཀྱི་རང་བཞིན་བརྟན་བྱས་ལ། །ལུས་ཀྱང་ཐམས་ཅད་བརྟན་བྱས་པས། །དེ་ནི་ཕྱག་རྒྱར་བཤད་པའོ། །དེ་ལྟར་ཡེ་ཤེས་ཕྱག་རྒྱ་བྱིན་གྱིས་བརླབས་པས། འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དང༌། དངོས་གྲུབ་ཐམས་ཅད་གྲུབ་པར་གྱུར་ཅིག་པར་མོས་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཁ་སྦྱོར་གྱི་རིམ་པར་བྱིན་གྱིས་བརླབས་ཏེ། འཁྱུད་པའི་ཚུལ་དབྱེར་མེད་པར་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་སྟེ། འདི་ནི་དམ་ཚིག་གསུམ་གྱི་ཆོ་གའོ།། །།

སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག


DTG028_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དམ་ཚིག་གསུམ་བླང་བ་དེ་ཉིད་རྡོ་རྗེ་སེམས་དཔའི་དབང་བསྐུར་བར་བསམས་ལ། ཆུའི་དབང་གི་སྐབས་སུ་བཤད་པའི་ཆོ་ག་བརྗོད་ནས། ཨོཾ་ཨཱཿསྸེརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་དགུག་གོ །དེ་ནས་མི་བསྐྱོད་པ་དབུ་ལ་བསམས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ། །དེ་ནས་བསྡུས་ལ་དཀྱིལ་འཁོར་གྱི་དེ་ཉིད་དང་རྣམ་པར་དག་པར་བཤད་དོ། །དཀྱིལ་འཁོར་གྱི་ནི་པདྨར་བཤད། །ཡིད་ཀྱི་དཀྱིལ་འཁོར་ངོ་མཚར་ཆེ། །གཞལ་ཡས་ཁང་ནི་ཤེས་པ་སྟེ།


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་ཡར་ལ་ལངས་ཕྱིར་རོ། །ཕུང་པོ་ལྔ་པོ་བསྡུས་པ་ཡིས། །སངས་རྒྱས་ལྔ་རུ་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་སློབ་དཔོན་གྱི་རིམ་པའོ། །

སྔགས་ཀྱི་རྗེས་གནང་།


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དཔལ་ནག་པོ་ཆེན་པོའི་སྙིང་པོའི་སྔགས་གསུམ་མམ་བརྒྱ་རྩ་བརྒྱད་བཟླས་ལ། ང་ཡིས་བྱིན་པའི་བཅོམ་ལྡན་འདས། །འདི་ལ་ཉེ་བར་གནས་པར་གྱིས། །ཞེས་བརྗོད་ལ་སྦྱིན་ནོ། །སློབ་མས་ཀྱང་འདི་ལྟར་བརྗོད་དོ། །ང་ཡིས་བླང་བྱ་རྗེ་བཙུན་ཀྱི། །བདག་ལ་ཉེ་བར་གནས་གྱུར་ཅིག །ཅེས་པ་ལན་གསུམ་བརྗོད་དེ་བླང་བ་སྔགས་ཀྱི་རྗེས་གནང་ངོ༌། །

མིག་སྨན་གྱི་རིམ་པ།


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གསེར་རམ་དངུལ་ལས་བྱས་པའི་སྣོད་དུ་མར་དང་སྦྲང་རྩིའི་མིག་སྨན་བཟུང་ལ། གསེར་གྱི་ཐུར་མས་སློབ་མའི་མིག་ལ་བྲཾ་བསམས་ཏེ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བརྗོད་ཅིང་དབྱེའོ། །འདི་ནི་མིག་སྨན་གྱི་རིམ་པའོ། །

མེ་ལོང་གི་དབང་བསྐུར་བ།


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཨཿབྲྗོད་ཅིང་མེ་ལོང་བཟུང་ནས་སློབ་མ་ལ་བསྟན་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་འདྲེས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །མེ་ལོང་ལྟ་བུར་རྡོར་སེམས་ཁྱོད། །དག་ཅིང་གསལ་ལ་འདྲེས་མེད་པར། །སངས་རྒྱས་ཀུན་གྱི་རྗེ་བོ་དེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། །ངོ་བོ་ཉིད་ཀྱི་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པའི་ཐུགས་ལས་བྱུང་བའོ། །ཞེས་བརྗོད་པ་ནི་མེ་ལོང་གི་དབང་བསྐུར་བའོ། །

མདའ་གཞུས་བསྣུན་པའི་རིམ་པ།


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཡི་གེ་ཧོཿལས་གཞུར་བསྐྱེད་ལ་དེ་ཉིད་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །འདི་ཡིས་བདེ་བ་བསྐྱེད་པར་གྱིས། །ཞེས་པས་སོ། །སློབ་མས་ཀྱང་ནི་བརྗོད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྱིར། །དེ་ཡིས་བདེ་བ་བསྐྱེད་པར་བགྱི། །ཞེས་པ་དང་བཅས་པས་བགེགས་ཐམས་ཅད་ལ་བསྣུན་པར་བསམ་ཞིང་ཕྱོགས་བཞི་དང་སྟེང་དང་འོག་ཏུ་མདའ་དང་བཅས་པས་བསྣུན་ནོ། །འདི་ནི་མདའ་གཞུས་བསྣུན་པའི་རིམ་པའོ། །

གསང་བའི་དམ་ཚིག་གི་ཆོ་ག


DTG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཡོལ་བ་ལ་སོགས་པར་དབེན་པར་བྱས་ལ། གཞོན་ནུ་མ་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་གསང་བའི་དབང་གི་དོན་དུ་བླ་མ་ལ་ཕུལ་ལ། སློབ་མས་ཐལ་མོ་སྦྱར་ཏེ་བླ་མ་རྡོ་རྗེ་འཛིན་པར་བསམས་


DTG028_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱེད་པ་ཐོབ། །དེ་ཕྱིར་གསང་བའི་དབང་བསྐུར་ལ། །མགོན་པོ་ཉིད་ཀྱིས་གཟུང་དུ་གསོལ། །ཞེས་པ་བརྗོད་ལ་གསོལ་བ་གདབ་པའོ། །དེ་ནས་བླ་མས་གཙོ་བོའི་ང་རྒྱལ་བྱས་ལ། དེས་ལྷ་མོའི་གཟུགས་སུ་བསྐྱེད་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་སོང་བས་སྙོམས་པར་ཞུགས་ཏེ། ལྷན་ཅིག་སྐྱེས་པ་བརྟན་པར་བྱས་ནས། མཐེ་བོང་དང་སྲིན་ལག་གིས་བྱང་སེམས་བཟུང་སྟེ་གསུང་རྡོ་རྗེའི་གཟུགས་སུ་སློབ་མའི་ཁར་དབབ་པོ། །དེ་ནས་ཀྱང་ཀྱེ་མ་བདེའོ་ཞེས་བརྗོད་ལ་བཏུང་ངོ༌། །དེ་ནས་ཕྱག་རྒྱ་ལངས་ཏེ་པདྨའི་བཅུད་ཀྱི་ཐིག་ལེ་དེའི་ཁར་དབབ་པོ། །དེས་ཀྱང་དེ་ལྟར་བཏུང་བར་བྱའོ། །འདི་ནི་གསང་བའི་དམ་ཚིག་གི་ཆོ་གའོ།། །།

ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་ག


DTG028_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་ཉིད་དམ་གཞན་དམ་ཚིག་དང་སྡོམ་པ་གཟུགས་དང་ལང་ཚོ་དང་ལྡན་པ་བཙལ་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་པ་ལ་སོགས་པས་སློབ་མས་གསོལ་བ་བཏབ་པ་ལ། །འདི་ནི་ཁྱོད་ཀྱིས་གང་འདོད་བཟུང༌། །སངས་རྒྱས་རབ་བརྟགས་བརྟེན་པ་སྟེ། །འཁོར་ལོའི་རིམ་པ་རབ་སྦྱོར་བས། །རྡོ་རྗེའི་ལུས་གནས་བྱང་སེམས་དེ། །ནོར་བུ་གནས་ལ་སེམས་པའོ། །བདེ་བ་དམ་པའི་དམ་ཚིག་མྱོང༌། །ཞེས་བརྗོད་ལ་གཏད་དོ། །དེས་ཀྱང་གུར་གུམ་ལ་སོགས་པའི་དྲི་ཡིས་བྱུགས་ཏེ་གོས་སྤངས་ནས་པདྨ་བསྟན་ཅིང༌། །ཀྱེ་མ་ང་ཡི་པདྨ་ལ། །བདེ་བ་ཐམས་ཅད་དང་ལྡན་པ། །གང་གིས་ཆོ་གས་བརྟེན་པ་ཡིས། །དེ་མིང་ལ་གནས་པས་ན། །པདྨ་ལ་ནི་ཇི་བཞིན་སྤྱོད། །སངས་རྒྱས་རྣམས་ནི་མཆོད་སོགས་ཕྱིར། །བདེ་ཆེན་རྒྱལ་པོའི་བདག་ཉིད་ནི། །གང་ཞིག་འདི་ལས་དུས་ཀུན་བསྟན། །བྷཉྫ་མོ་ཀྵ་ཧོཿཞེས་བརྗོད་དོ། །དེས་ཀྱང་རང་དང་ཕྱག་རྒྱ་གཉིས་ལྷ་དང་ལྷ་མོར་བསྐྱེད་ལ། ཧཱུཾ་གཉིས་ལས་པདྨ་དང་རྡོ་རྗེ་གཉིས་སོ། །གེ་སར་དང་བུམ་པ་གཉིས་ཨཱཿདང་ཨོཾ་ལས་སོ། །རྡོ་རྗེའི་བུ་གར་ཕཊ་སེར་པོ་བསམས་ཏེ། རྡོ་རྗེ་དབྱིབས་ཀྱི་དབང་ཕྱུག་རྩ། །གཡོན་གྱི་བྷ་གའི་གཡོན་ན་གནས། །མཛུབ་མོ་ཅུང་ཟད་བསྐྱེད་པར་བྱ། །ཤེས་ནས་དེ་ནི་བླ་ཚིག་བླང༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་


DTG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་པས་བདེ་བའི་དོན་དུའོ། །ཤེས་རབ་དང་སྦྱར་དཔལ་དང་བཅས། །དེ་ཉིད་ཡང་དག་མཚོན་པར་བྱེད། །རྡོ་རྗེའི་ལུས་གནས་བྱང་སེམས་ཏེ། །ནོར་བུར་གནས་ལ་སེམས་པའོ། །དེ་ལྟར་བསམ་ཞིང་ཡང་དག་པར་བཟུང་ནས་དཀྱིལ་འཁོར་གྱིས་བཏང་བ་པདྨ་ནས་ལྕེས་བླངས་ལ་དེ་ཁོ་ནར་བལྟས་ཏེ། དམ་ཚིག་གི་རང་བཞིན་དུ་བཏུང་བར་བྱའོ། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། །།

དབང་བཞི་པའི་ཆོ་ག


DTG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཚིག་དབང་བཞི་པ་བྱིན་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་བྱང་ཆུབ་སེམས་ཀྱི་མྱུ་གུ་སྐྱེས་པ་དེས་བསྒོམས་པས་སྒྲིབ་པ་དང་བྲལ་བ་ནི་ཆོས་ཐམས་ཅད་བསམ་དུ་མེད་པ་ཕྱག་རྒྱ་ཆེན་པོའི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་དབང་བཞི་པའི་སྐུའི་ངོ་བོའོ། །འདི་ནི་དབང་བཞི་པའི་ཆོ་གའོ།། །།

རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་ག


DTG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེའི་ལག་པ་སློབ་མའི་ལག་པར་གཏད་ལ། དེ་ཕྱིར་སངས་རྒྱས་དངོས་བྱ་སྟེ། །ཐབས་གཞན་གྱིས་ནི་སངས་རྒྱས་མེད། །འགྲོ་བ་འདི་ཡིས་དག་བྱེད་པས། །དེ་ཕྱིར་རྣམ་པར་སྦྱོར་བ་འདི། །ཁྱོད་ཀྱིས་ནམ་ཡང་འབྲལ་མ་བྱེད། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པས། །རྨོངས་པས་རིམ་འདི་འགལ་བྱེད་ན། །དངོས་གྲུབ་དམ་པ་དེ་ལ་མེད། །ཅེས་བརྗོད་པ་འདི་ནི་རིག་པ་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།

རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཆོ་ག


DTG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་བསྐྱེད་པ་དེ། །འདི་ནི་སངས་རྒྱས་ཐམས་ཅད་བསྡུས། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྒྱུན་བཟུང་ན། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡ་མི། བཛྲ་སཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་བླང་བ་འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།

སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་ག


DTG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང༌། ཌ་མ་རུ་དང༌། ཐོད་པ་ལ་སོགས་པ་རྣམས་ལ་ལེན་གསུམ་བཟླས་ཏེ། ཁ་ཊྭཱཾ་ཌ་མ་རུ་ཐོད་པ་རྣམས། །རྡོར་སེམས་ཕྱག་རྒྱ་འདི་ཡིན་པས། །གཏད་པས་འདི་བཟུང་དཔའ་བོ་ཀྱེ། །ཕྱི་དང་ནང་དུ་བརྟན་གྱུར་ཅིག །ཅེས་པ་བརྗོད་ཅིང་བཟུང་བ་དང༌། རྣལ་འབྱོར་གྱི་བྱེ་བྲག་གིས་ཕྱག་མཚན་གྱི་བྱེ་བྲག་དང༌། འཁོར་ལོ་ལ་སོགས་པའི་རྒྱན་རྣམས་ཀྱང་སྦྱིན་ནོ། །འདི་ནི་སྤྱོད་པའི་


DTG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །

ལུང་བསྟན་པའི་ཆོ་ག


DTG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དེ་བཞིན་གཤེགས་པའི་སྤྱོད་པ་བྱས་ལ་ལག་པ་གཡོན་པས་སྙིང་གར་ཆོས་གོས་ཀྱི་མཐའ་མ་བཟུང་སྟེ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ནས། འཁོར་བ་ཡང་དག་གཞོམ་པའི་ཕྱིར། །ངན་འགྲོའི་གནས་ནས་བཏོན་ནས་ནི། །དེ་བཞིན་གཤེགས་པ་རྡོར་སེམས་སུ། །འདིར་ནི་ཁྱོད་ལ་ངས་ལུང་བསྟན། །ཧེ་ཨ་མོ་ཀ་བཛྲ་ཏ་ཐཱ་ག་ཏེ་སིདྷྱ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཱཿཞེས་པའི་སྔགས་དང་བཅས་པས་ལུང་བསྟན་པ་སྟེ། མེ་ཏོག་གར་བབ་པའི་དེ་བཞིན་གཤེགས་པའི་སྐུ་ལ་དེ་ལྟར་ལུང་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལུང་བསྟན་པ་དེ་ལྟར་དད་པ་བསྐྱེད་དོ། །འདི་ནི་ལུང་བསྟན་པའི་ཆོ་གའོ།། །།

རྗེས་སུ་གནང་བའི་ཆོ་ག


DTG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སློབ་མ་ལ་དུང་དང་དྲིལ་བུ་དང་པུ་སྟི་རྣམས་གཏད་པ་དེ་ལ། །དེང་ནས་བརྩམས་ཏེ་མགྲིན་གཅིག་ཏུ། །ཀུན་ཏུ་ཁྱབ་པར་བྱས་ནས་ནི། །ཆོས་ཀྱི་དུང་ནི་བླ་མེད་པའི། །འཁོར་ལོ་ཆེན་པོ་བསྐོར་བར་བགྱི། །ཞེས་བརྗོད་ཅིང་སྤྱིའི་རྗེས་སུ་གནང་བ་བྱིན་ལ། ལྷག་པའི་རྗེས་གནང་སྦྱིན་པའི་ཕྱིར་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པར་སློབ་མ་བསྐྱེད་ལ། འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །སེམས་ཅན་ཀུན་ལ་ཕན་ཕྱིར་དུ། །ཇི་ལྟར་འདུལ་བས་དེ་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་པ་ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་རྣམས་བཅུག་ལ་ལེན་ལྔས་རྗེས་གནང་སྦྱིན་ནོ། །འདི་ནི་རྗེས་སུ་གནང་བའི་ཆོ་གའོ།། །།

དབུགས་དབྱུང་བའི་ཆོ་ག


DTG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་ནས་ཡང༌། མགོ་ལ་གདུགས་ནི་ཕུབ་བྱས་ལ། །གཡས་ནས་བསྐོར་བ་བྱས་པ་དང༌། །སྒོ་རུ་ཐལ་སྦྱར་འདུག་ནས་ནི། །གདུགས་ཕུབ་ནས་ནི་རྗེས་བརྗོད་བྱ། །འདི་རྟོགས་པ་ཡི་སློབ་མ་ཡིས། །རྒྱུད་འཛིན་པར་ནི་གྱུར་པའོ། །ཞེས་པ་དང༌། དེ་ནས་སློབ་མའི་སེམས་ལ་གནས་པར་བརྗོད་པ། དེང་ནས་དཀྱིལ་འཁོར་སློབ་དཔོན་གྱུར། །ཁྱོད་ཀྱིས་སྔགས་རྒྱུད་གཟུང་བར་གྱིས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །ལྷ་རྣམས་ཀྱང་ནི་མཉེས་པར་འགྱུར། །ཞེས་པ་ལ་སོགས་པ་ནི་དབུགས་དབྱུང་བའི་ཆོ་གའོ། །

ཡོན་དབུལ་བའི་ཆོ་ག


DTG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དབང་བསྐུར་བ་དང་


DTG028_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུགས་དབྱུང་བ་ཐོབ་པས་གཟེངས་བསྟོད་པ་དེས་འདི་ལྟར། དི་རིང་བདག་ནི་འབྲས་བཅས་སྲོག་ལྡན་བསྐྱེད། བདག་ནི་བྱང་ཆུབ་སེམས་ལྡན་བསྐྱེད། །དི་རིང་སངས་རྒྱས་རིགས་སུ་བསྐྱེད། །དི་རིང་སངས་རྒྱས་སྲས་སུ་སྐྱེས། །ཞེས་བརྗོད་ལ། བླ་མ་ལ་གུས་པས་གླང་པོ་ཆེ་དང༌། རྟ་དང༌། རིན་པོ་ཆེ་དང༌། གསེར་དང༌། དངུལ་དང༌། གོས་དང༌། རྒྱན་དང༌། བ་ལང་དང༌། མ་ཧེ་དང༌། གཡོག་པོ་དང༌། གཡོག་མོ་དང༌། འདོད་པ་བྱེད་པ་ཡིད་དུ་འོང་བའི་བུ་དང་ཆུང་མ་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་དབུལ་བ་ནི་ཡོན་དབུལ་བའི་ཆོ་གའོ།། །།

སྦྱིན་སྲེག་གི་ཆོ་གར་བཤད་པ་གོ་བར་བྱ་བའི་ཆོ་ག


DTG028_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་ཡང༌། །སྦྱིན་སྲེག་མེད་ན་ཡང་དག་དངོས་གྲུབ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་བས། ཞི་དང་རྒྱས་སོགས་སྒྲུབ་པའི་དོན་དུ། སྦྱིན་སྲེག་སྔོན་དུ་འགྲོ་བར་བཤད་དོ་ཞེས་པ་བཤད་པས་སྦྱིན་སྲེག་བྱ་བར་བསྟན་པས། ཡང༌། སེམས་ཅན་དབྱེ་ན་གྲངས་མེད་ཀྱང༌། །རིགས་ཀྱི་དབྱེ་ན་ལྔ་རུ་བཤད། ལས་ཀྱི་དབྱེ་བས་བཞི་རུ་འདོད། །འདི་ལྟར་ཐབ་ཁུང་འདིར་ངེས་པར། །རྗེ་བཙུན་གྱིས་ནི་དེ་ལྟར་གསུངས། །ཞེས་པ་དང༌། རྡོ་རྗེ་ཁྲོ་བོ་གསང་བ་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང༌། ལས་ཀྱི་དབྱེ་བས་ཐབ་ཁུར་བརྒྱ་དང་བཅུ་གསུངས་པ་ལས། ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་རྡོ་རྗེའི་རྣམ་པ། མངོན་སྤྱོད་ལ་ཟུར་གསུམ་བྱ་བ་ལ་སོགས་པ་དང༌། ཡང་ཞི་བ་ཟུར་གསུམ། མངོན་སྤྱོད་ཟུར་གསུམ་མམ་ཟླ་བ་ཕྱེད་པ་ཞེས་བཤད་པ་དང༌། དཔལ་དུས་འཁོར་ལས། ཞི་བ་ལ་གཞུའི་རྣམ་པ་རྒྱར་ཁུར་བྱེད་པ་ཞེས་པ་དང༌། དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ། ཞི་བ་ལ་གྲུ་བཞི། རྒྱས་པ་ལ་ཟླུམ་པོ། དབང་ལ་ཟུར་གསུམ། མངོན་སྤྱོད་ལ་ཟླ་བ་ཕྱེད་པའི་རྣམ་པ་རྒྱ་དང་འཕངས་སུ་ཁྲུ་གང་ངོ་ཞེས་བཤད་པས་དེའི་ཕྱིར་ཞི་བ་ལ་སོགས་པའི་ཐབ་ཁུང་རྣམས་སོ་སོ་རིམ་པ་ལྟར་དབྱིབས་དང༌། ཁ་དོག་དང༌། མཚན་མ་གདབ་པའི་རིམ་པ་དང༌། ས་གཞི་དང༌། ཕྱོགས་ཀྱི་བྱེ་བྲག་དང། །སྦྱིན་སྲེག་གི་དུས་ཀྱི་བྱེ་བྲག་ལ་སོགས་པ་རྒྱུད་གཞན་དུ་བཤད་པ་ལྟར་འདིར་ཡང་གོ་བར་བྱའོ། །གང་ཞིག་སེམས་ཤིན་ཏུ་བརྟན་པའི་རྣལ་འབྱོར་གྱིས་སྣང་བ་དང་སྟོང་པ་རོ་གཅིག་པ་སྒྱུ་མ་ལྟར་ཐམས་ཅད་བསམས་ན། འདི་ཐམས་ཅད་ཀྱི་གང་འདོད་པ་ཐོབ་པའི་རྒྱུར་


DTG028_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་རོ། །དེས་དགོངས་པ་དེ་ལྟ་བུས་གདུལ་བྱ་གང་ལ་མོས་པ་རྣམས་ཀྱི་དོན་དུ་དེ་དག་ཐམས་ཅད་གོ་བར་བྱ་སྟེ། གདམས་ངག་ལྟར་ཐབ་ཁུང་གི་མཚན་ཉིད་ལ་སོགས་པ་སྦྱིན་སྲེག་གི་ཆོ་ག་བཤད་པ་ལྟར་གོ་བར་བྱ་ཞིང་འདིར་ཡང་གོ་བར་བྱས་ལ་སྦྱིན་སྲེག་བྱའོ། །འདི་ནི་སྦྱིན་སྲེག་གི་ཆོ་གར་བཤད་པ་གོ་བར་བྱ་བའི་ཆོ་གའོ།། །།

དཀྱིལ་འཁོར་གཤེགས་པ་ལ་སོགས་པའི་ཆོ་ག


DTG028_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བདག་ཉིད་ཀྱིས་དཀྱིལ་འཁོར་མཆོད་ལ། སློབ་མ་ལ་སོགས་པས་མཆོད་དེ་ཚོགས་འཁོར་བྱས་པ་དང༌། སློབ་མ་ལས་ནི་ཡོན་བླང་བྱ། །དེ་སྐྱང་གུས་པས་དབུལ་བ་ནི། །རིན་ཆེན་ཡིད་འོང་དཔལ་མོ་དང༌། །རང་ལུས་དང་ནི་ས་གཞི་དང༌། །དེ་ལ་སོགས་པ་གཞན་ཡང་དབུལ། །བླ་མ་ཇི་ལྟར་མཉེས་པར་བྱས། །བླ་མ་མཉེས་ལས་དངོས་གྲུབ་འབྱུང༌། །ཐུབ་པས་དེ་ལས་གཞན་མེད་བཤད། །དེ་ཕྱིར་བསོད་ནམས་ཅིས་མི་ཕྱེད། །བརྟུལ་ཞུགས་བརྙེས་པར་བྱ་ཕྱིར་རོ། །བླ་མེད་བྱེད་པའི་སློབ་དཔོན་དེ་རྡོ་རྗེ་སེམས་དཔར་རབ་མཆོག་སེམས། །དེ་ལྟར་སེམས་དཔས་ཕྱི་ནས་གཏོར་མ་བྱིན་པ་དང༌། འཁོར་ལོ་ལ་ཕྱག་བྱས་ཏེ། ཨརྒྷཾ་ལ་སོགས་པས་མཆོད་ལ། དགེ་བའི་རྩ་བ་བསྔོས་པར་བྱས་ནས་བཟོད་གསོལ་བྱས་ཏེ། ཨོཾ་དང་བཅས་པའི་གཤེགས་སུ་གསོལ་བའི་ཚིག་ལ་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པ་དང་ལྡན་པས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས། ལག་པའི་རྡོ་རྗེས་གཙོ་བོ་ལ་ཐུག་པའི་བར་དུ་གཞིག་པར་བྱའོ། །དེ་ནས་རྡུལ་ཚོན་བུམ་པར་བླུགས་ཏེ་མཆོད་པ་ཆེན་པོ་དང་སྟབས་ཅིག་ཏུ་ཁྱེར་ལ་ཆུ་བོ་ལ་སོགས་པར་དོར་བར་བྱའོ། །དེ་ནས་ཐམས་ཅད་སློབ་དཔོན་གྱིས། །དེས་ཕུལ་ཡོ་བྱད་བསྡུས་བྱས་ཏེ། །ཉེ་བར་ལོངས་ནི་སྤྱད་བྱའོ། །སློབ་མ་སོགས་ལ་ཅུང་ཟད་མིན། །ས་གཏེར་གཞུག་དང་རབ་ཏུ་གནས། །སྦྱིན་སྲེག་དཀྱིལ་འཁོར་བཞེས་རྣམས་ཡོན། །དེ་རྣམས་ཐམས་ཅད་སློབ་དཔོན་དང༌། །ཞེས་པ་རྡོ་རྗེ་འཛིན་གྱིས་གསུངས། །ཞེས་སོ། །དེ་ནས་སློབ་དཔོན་དང༌། ལས་ཀྱི་རྡོ་རྗེ་དང་རྣལ་འབྱོར་མ་རྣམས་ལ་གོས་ལ་སོགས་པས་མཉེས་པར་བྱའོ། །དགེ་འདུན་ལ་ཆོས་སྟོན་དང་རྣལ་འབྱོར་མ་ལ་ཚོགས་འཁོར་དང༌། སྡུག་ཕོངས་ལ་བཟའ་བ་སྦྱིན་ནོ། །འདི་ནི་


DTG028_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་གཤེགས་པ་ལ་སོགས་པའི་ཆོ་གའོ།། །།

གཏོར་མའི་ཆོ་ག


DTG028_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་འདིར་ཐོག་མ་དང་བར་དང་ཐ་མ་རྣམས་ཀྱིས་བགེགས་ཉེ་བར་ཞི་བར་བྱ་བ་ལ་གཏོར་མ་བྱ་བར་འདོད་པའི་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པའི་སྔགས་པས། རང་གི་ས་བོན་གྱི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་དབང་པོ་ལ་སོགས་པ་དང༌། ཀླུ་རྣམས་དང༌། སེམས་ཅན་གཞན་དག་རྣམས་ཀྱང་སྤྱན་དྲངས་ཏེ། སྐད་ཅིག་གིས་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོར་བསམས་ལ། མདུན་དུ་ཟན་དང་སྲན་ཆེན་དང་ཉ་ཤ་དང་ཆང་ལ་སོགས་པའམ། ཡང་ན་ཆུ་དང་ཟན་ཙམ་གྱིས་སྣོད་བཀང་ལ། ཡམ་དང་རཾ་དང་ཨ་རྣམས་ལས་རླུང་དང་མེ་དང་མི་མགོའི་སྒྱེད་པུ་ཐོད་པ་དང་བཅས་པར་བསྐྱེད་དོ། །དེང་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་བུམ་པ་ལ་སོགས་པའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི། རླུང་གཡོས་པས་མེ་སྦར། །མེའི་དྲོད་ཀྱིས་ཡི་གེ་ལ་སོགས་པ་ཞུ། ཞུ་བའི་བླངས་པས་ཧཱུཾ་བྱུང༌། དེ་ལས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་གར་ལན་གསུམ་དུ་བསྐྱེད་ཅིང་ཞུ་བ་ལས་བདུད་རྩིར་བྱིན་གྱིས་བརླབ་པ་ནི་སྟེང་དུ་ཟླ་བ་ལ་གནས་པའི་ཡི་གེ་གསུམ་བསམས་ཏེ་དེ་ཉིད་ཀྱིས་གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཧཿཀ་ཧ་མ་ལ་ནི་མུ་ཁ། བྲ་སཱ་དྷ་ཡ། པྲ་སཱ་དྷཱ་ཡ། མ་ཧཱ་ཀཱ་ལ་བུདྡྷ་ཛྙ་པྲ་ཧི་ཏོ་སི། །མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། སརྦ་དུཥྚ་པྲ་དུཥྚཱ་ན། གྲྀཧྞ་གྲྀཧྞ། མཱ་ར་མཱ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། སཱི་གྷྲཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་རེ་ཧུ་རེ། མཾ་རཾ་ཧཱུཾ་ཕཊ་ཨི་དཾ་ལཾ་གྲ་ཧ་གྲ་ཧ་ཤྲཱི་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །དེ་ཡང་དེ་རྣམས་ཀྱི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པར་བསམས་པའི་སྦུ་གུ་ནས་དྲངས་ཏེ་བདུད་རྩི་མྱངས་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱས་ལ། ཞལ་བསལ་ལ་སོགས་པས་ཡང་དག་པར་མཆོད་ནས། བརྩོན་འགྲུས་དང་ལྡན་པས་བྱ་བ་སྒྲུབ་བོ། །དེས་འདོད་པའི་དོན་ལ་གསོལ་བ་གདབ།། བཟོད་གསོལ་བྱས་པ་དང་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ལོ། །འདི་ནི་གཏོར་མའི་ཆོ་གའོ།། །།ང་རྒྱལ་བྱ་ཕྱིར་མ་ཡིན་རང་འདོད་ཕྱིར་མ་ཡིན། །གུས་ལྡན་རྣམས་ཀྱི་ཕྱིར་ནི་ང་ཡིས་འདི་བྱས་པ། །དེ་རྣམས་ཉིད་ཀྱིས་འཁྲུལ་པ་མེད་པར་ཤེས་དོན་དུ། །།


DTG028_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོ་གའི་རིམ་པས་དཀྱིལ་འཁོར་བཞེངས་ཕྱིར་བྱས་པའོ། །རྟོགས་པ་ཆུང་ཞིང་བློ་དམན་གྱུར་ཀྱང་དོན་བསྡུས་འདིས། །རྣལ་འབྱོར་མ་ཡིས་དངོས་གྲུབ་མཆོག་ཏུ་སྟེར་བྱེད་པ། །རྒྱུན་དུ་མཆོག་ཏུ་བདེ་བ་བཟང་སྟེར་བདག་ཉིད་ཀྱིས། །གསོལ་གདབ་ཕྱིར་དང་སྙིང་རྗེ་ཅན་རྣམས་བདེ་སྦྱོར་ཕྱིར། །དཔལ་ལྡན་ནག་ཆེན་མགོན་པོ་ཡི། །དཀྱིལ་འཁོར་བཞེངས་པའི་ཆོ་ག་འདི། །བྱས་པའི་དགེ་བའི་རྩ་བ་ཡིས། །འཇིག་རྟེན་རྡོར་འཛིན་ཐོབ་གྱུར་ཅིག །དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ། པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།།


previousདཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ས་མནྟ་ཤྲཱི།next