Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སུམ་ཅུ་པ།


  collapse section
   
   
   
   
ལེའུ་བཞི་པ། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousལེའུ་བཞི་པ། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།next

ལེའུ་བཞི་པ། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།


DTG030_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་དམིགས་པ་སྔོན་དུ་འགྲོ་བས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་བསྟན་ནས། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བླ་མ་ལ་གསོལ་པ་འདེབས་པའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ནས་གསོལ་བ་བཏབ་པོ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི། མི་བསྐྱོད་པའི་སྒོ་ནས་བསྟོད་པས་མཉེས་པར་བྱེད་པའོ། །ཞི་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་


DTG030_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོ་བོ་ཉིད་ཀྱིས་སོ། །ཆོས་ཀུན་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །བདག་མེད་མ་ཡི་མཆོག་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱིས་སོ། །ཡང་རིགས་གསུམ་གྱི་ངོ་བོ་ཉིད་ཀྱི་བསྟོད་པ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ལ་སོགས་པ་སྟེ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བར་སྦྱར་ཏེ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་མཚན་ཉིད་དང་ལྡན་ཅིང་ཆར་དང་ལྷག་པའི་ཉེས་པ་དང་བྲལ་བ། ཀྱེ་ཀུན་དུ་བཟང་པོ་སྐུ་ཡི་མཆོག །མཆོག་རབ་ཀྱི་དཀྱིལ་འཁོར་དམ་པ་རབ་ཏུ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཞེས་བྱ་བ་ནི། དོན་དམ་པའི་བདེན་པ་ལས་ངེས་པར་བྱུང་བའོ། །ཡེ་ཤེས་ནི་སྣང་བ་གསུམ་མོ། །དེའི་སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་རང་བཞིན་མངོན་པར་བྱང་ཆུབ་པ་བསྒོམ་པས་རྣམ་པར་སྤྱོང་བར་མཛད་པས་ན། ཡེ་ཤེས་སྤྱོད་པ་རྣམས་སྤྱོང་བའོ། །ཐམས་ཅད་ཀྱི་འབྱུང་གནས་དབང་ཕྱུག་བརྙེས་པས་ན་ཀུན་དུ་བཟང་པོའོ། །ངག་གི་དབང་ཕྱུག་བརྙེས་པས་ན་གསུང་གི་མཆོག་གོ །སེམས་ཅན་ཐམས་ཅད་ཀྱི་སེམས་ནི་རྡོ་རྗེ་ཉིད་པས་ན་སེམས་ཅན་གྱི་སེམས་ཆེན་པོའོ། །འདོད་ཆགས་ལ་སོགས་པ་རྣམས་རྣམ་པར་དཔྱད་ན་དམིགས་སུ་མེད་པས་རང་བཞིན་གྱིས་དག་པའོ། །འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་པས་ན་དྲི་མ་མེད་པའོ། །དེ་ཉིད་ཀྱིས་ན་ཀུན་དུ་བཟང་པོའོ། །རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པས་ན་ཐུགས་ཀྱི་མཆོག་གོ །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པར་མཛད་པས་ན་ཁ་ལོ་སྒྱུར་པའོ། །དཀྱིལ་འཁོར་གྱི་ཆོ་ག་བཤད་དུ་གསོལ་ཞེས་པ་སྟེ། དགོངས་པ་མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་འཆང་བའི་གསུང་ལ་འཇུག་པར་བྱ་བའི་ཕྱིར་སྡུད་པ་པོས་སྨྲས་པའོ། །གདུལ་བྱ་རྣམས་ཅི་རིགས་པར་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏོ། །ས་འོག་དང་


DTG030_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེང་དང་མཐོ་རིས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་འཇིག་རྟེན་གསུམ་པའོ། །འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བཞུགས་པས་ན་ཁམས་གསུམ་པའོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་ནི་རང་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པས་སོ། །འཇིག་རྟེན་གསུམ་ནི་ཚངས་བ་ལ་སོགས་པ་སྟེ་དེ་རྣམས་ལ་རྗེས་སུ་སྟོན་པ་ཉིད་དེ། དེ་ལྟ་བུ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ནི་དེ་རྣམས་ཀྱི་བཞུགས་གནས་སུ་གྱུར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི། སྐུ་དང་གསུང་གི་དཀྱིལ་འཁོར་དག་པའོ། །དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་ཅིང་འཛིན་པ་ཡིན་པས་ན་དཀྱིལ་འཁོར་ཏེ། དེ་དང་དེའི་རྣམ་པ་ལྟ་བུའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་དཀྱིལ་འཁོར་རབ་འདྲ་བ་ཞེས་བྱའོ། །ཡིད་དུ་འོང་བས་ན་ཉམས་དགའ་བ་སྟེ། དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་དུ་གྱུར་པ་བཤད་པ་སྟེ་སྒྲ་ཇི་བཞིན་པའོ། །རྡོ་རྗེ་འཆང་ཆེན་པོའི་གསུང་གི་དཀྱིལ་འཁོར་སྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཚིག་གི་སྐབས་འབྱེད་པའོ། །དེའི་ཕྱིར་ཞེས་པའི་སྒྲ་ནི། གཏན་ཚིགས་ཀྱི་དོན་ཏེ་སློབ་མའི་ཚིག་ཁས་བླངས་ནས། གང་གི་ཕྱིར་འདི་ནི་དད་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ཡིན་པས་ན་དཀྱིལ་འཁོར་འདི་བཤད་པར་བྱའོ་ཞེས་བྱ་བར་དགོངས་སོ། །སེམས་གཙོ་བོར་བྱས་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་རིགས་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་བས་ན་འདི་ཉིད་ནི་དང་པོར་གསུངས་སོ། །ཐུགས་ཀྱི་རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་དང་འདྲ་བར་བདུད་ལ་སོགས་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན་རྡོ་རྗེ་རབ་འདྲ་བའོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ནི་སྙིང་པོ་སྟེ་གསང་བའོ། །དེ་ལེན་པས་ན་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་དག་པར་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཐིག་སྐུད་ཀྱི་ཆོ་ག་


DTG030_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་པ་ཡིན་ཏེ། ལུས་དང་ངག་སེམས་བསྒོམས་པ་ཡིས། །ཞེས་པ་ནི་ལུས་དང་ངག་སེམས་མཉམ་པར་གཞག་པས་སོ། །ཤེས་རབ་ཅན་ནི་ལས་ཀྱི་ཆོ་ག་མཐོང་བའི་སློབ་དཔོན་ནོ། །ཐིག་གདབ་པ་ནི་རྣམ་པར་བགོ་བའོ། །ཐིག་སྐུད་ནི་དཀྱིལ་འཁོར་སྟོན་པས་ཐིག་སྐུད་དོ། །སར་པ་ནི་གཞན་དག་ཏུ་མ་སྤྱད་པའོ། །ལེགས་པར་བཀལ་བ་ནི་ཡང་དག་པར་བསྒྲིལ་པའོ། །ཚད་མ་ནི་དཀྱིལ་འཁོར་གྱི་ཉིས་བལྟབ་པོ། །རབ་ཏུ་མཛེས་པ་ནི་ཚོན་སྣ་ལྔ་པ་སྟེ་ཤིན་ཏུ་ཕྲ་བ་དང་སྦོམ་པ་མ་ཡིན་པ་དེ་ལྟ་བུའི་ཐིག་སྐུད་ཀྱིས་ཐིག་གདབ་པོ། །ཁྲུ་ནི་བཅུ་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚད་བསྟན་པ་ཡིན་ནོ། །ངོས་བཞི་ནི་ཟུར་བཞི་དང་ལྡན་པའི་ཕྱིར་རོ། །སྒོ་བཞི་པར་ནི་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་བཞི་དང་ལྡན་པ་སྟེ་དོན་གྱིས་ནི་ཕྱིའི་དཀྱིལ་འཁོར་ཡིན་ནོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། ངོས་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་འཁོར་ལོ་སྟེ་ནང་གི་དཀྱིལ་འཁོར་རབ་ཏུ་ཟླུམ་པོ་ལྟ་བུར་བྲི་བར་བྱའོ། །དེ་ནས་དེའི་འོག་ཏུ་སློབ་དཔོན་གྱིས་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དགོད་པར་བྱའོ། །དེ་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོག་ནི་ས་སྦྱང་བ་ལ་སོགས་པའི་ཆོ་ག་ཉི་ཤུའོ། །དེ་མཐོང་བ་ནི་ཆོག་མཐོང་བ་སྟེ། ལས་དེས་གཞིར་གྱུར་པའི་དཀྱིལ་འཁོར་རྫོགས་པར་བྱེད་ཤེས་པའོ། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང༌། མཚན་མའི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང་གསུམ་སྟེ། ཡི་གེ་ཧཱུཾ་ལ་སོགས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལ་སོགས་པ་ནི་མཚན་མའི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །སེམས་ཅན་གྱི་རྒྱུད་ཐམས་ཅད་ལ་ལྟོས་ནས་རྣམ་པ་གསུམ་པོ་འདི་དག་གིས་ཕྱག་རྒྱ་དགོད་པ་ཡང་བྱའོ། །དེ་ལ་ཉེ་བར་མཚོན་པའི་དོན་ཙམ་དུ་མཚན་པའི་ཕྱག་རྒྱ་བསྟན་པའི་ཕྱིར། དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་བ་དག་ཀྱང་རབ་འཇིགས་བྱེད། །ཅེས་བྱ་བ་ནི། ཞེ་སྡང་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། རྡོ་རྗེ་ནི་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་


DTG030_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབར་བ་ནི་འོད་ཟེར་ལྔ་སྟེ་དེས་འཁོར་ལོ་རྣམ་པར་བརྒྱན་པའོ། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །ཞེས་བྱ་བ་ནི། རིན་པོ་ཆེ་ལ་འོད་ཟེར་གྱི་ཚོགས་ཀྱིས་རྒྱས་པའོ། །པདྨ་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །པདྨ་དམར་པོའི་འོད་དང་མཉམ་ཞིང་ཁ་དོག་དམར་བ་ནུབ་ཕྱོགས་ཀྱི་ཆར་བྲི་བར་བྱའོ། །རལ་གྲི་ཆེན་པོ་བྱང་ཕྱོགས་སུ། །ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་ནི་ཁ་དོག་སྣ་ལྔ་པའོ། །དེ་རྣམས་ཀྱིས་འབར་བ་ནི་འོད་འཕྲོ་བའོ། །དེ་རྣམས་ཀྱིས་རབ་ཏུ་འཁྲིགས་ནི་རལ་གྲི་ལ་འོད་དེའི་ཚོགས་ཀྱིས་ཁྱབ་པའོ། །དབུས་ན་སྤྲིན་དང་འདྲ་བའི་འོད། །ཅེས་བྱ་བ་ལ་སོགས་པ་ལ། སྤྲིན་སྔོན་པོའི་མདོག་འདྲ་བ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་དེ། དབུས་གནག་ལ་མཐའ་དཀར་བའི་འོད་དང་ལྡན་པ་གང་ཡིན་པ་དེ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་མངའ་བའི་སྤྱན་ནོ། །མཱ་མ་ཀཱི་ཡི་རིགས་བྱུང་བ། །ཞེས་བྱ་བ་ནི། མཱ་མ་ཀཱིའི་ཕྱག་མཚན་ཏེ་རིགས་ལས་བྱུང་བ་ནི་རྡོ་རྗེའི་རིགས་ལ་ལྟོས་པ་སྟེ། གང་གི་ཚེ་རིན་པོ་ཆེའི་རིགས་ལ་ལྟོས་པར་གྱུར་པ་དེའི་ཚེ་ནི། རིན་པོ་ཆེ་ཡང་མཱ་མ་ཀཱིའི་ཕྱག་མཚན་དུ་འགྱུར་ཏེ། རྡོ་རྗེ་ནི་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །པདྨ་ནི་ཁ་བྱེ་ཞིང་རྒྱས་པ་དང་སྡོང་བུར་བཅས་ཤིང་རྩ་བར་བཅས་པ་དང༌། ཨུཏྤལ་ནི་སྤྲིན་སྔོན་པོ་ལྟར་རྣམ་པར་མཛེས་པའོ། །ཐོ་བ་ནི་ཕྱོགས་ཀུན་ནས་འོད་ཟེར་ལྔས་ཁྱབ་སྟེ་སྔོན་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པས་སོ། །བེ་ཅོན་ནི་རྡོ་རྗེ་འབར་བ་ལ་སོགས་པའི་འོད་བཟང་བ་ཡོད་པའི་དབྱུག་པའོ། །པདྨ་ནི་རལ་གྲི་ལྟར་རྣོ་བའི་འོད་འཕྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །འཁྱིལ་པ་རྡོ་རྗེ་ཅན་ཞེས་པ་ནི་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་དཀྱིལ་འཁོར་བྲི་བའི་ཆོག་ཉེ་བར་སྡུད་པ་ཡིན་ཏེ། །འདིར་རྒྱ་ཆེར་ནི་དཀྱིལ་འཁོར་གྱི་ཆོག་ལས་བལྟ་བར་བྱའོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོས་མཆོད་པ་རྣམ་པ་གསུམ་གྱིས་ལྷ་རྣམས་ཀྱི་འཁོར་ལོ་གུས་པ་དང་བཅས་པས་མཆོད་པར་བྱའོ། །ནང་གི་མཆོད་པ་བསྟན་པར་བྱ་བའི་ཕྱིར། བུད་མེད་


DTG030_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ནི་རང་གི་རིགས་ཀྱི་བུ་མོའོ། །མདངས་བཟང་བ་ནི་གཟུགས་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི་ན་ཚོད་དོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ། །ཞེས་བྱ་བ་ནི། དྲི་དང་མེ་ཏོག་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པར་བྱས་ནས་དཀྱིལ་འཁོར་དེའི་དབུས་སུ་མཉེས་པར་བྱ་ཞིང་རོལ་པར་བྱའོ་ཞེས་དགོངས་སོ། །ཅི་ལྟར་རོལ་པར་བྱ་ཞེན། བྱིན་བརླབས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཅན་ནི་མཁས་པ་སྟེ་སྔགས་པའོ། །ཡོན་ཏན་སྐ་རགས་མཱ་མ་ཀཱི། །ཞེས་བྱ་བ་ནི། གང་ཡོན་ཏན་ཉིད་ཀྱིས་སྐ་རགས་སུ་བྱས་པ་ནི་སྔར་བཤད་པའི་བུད་མེད་དོ། །དེ་མཱ་མ་ཀཱི་དང་འདྲ་བར་བྱིན་གྱིས་བརླབ་པ་སྟེ་ཐ་མལ་པའི་དངོས་པོ་བསལ་ཏེ། རིགས་ལྔས་ཁྱབ་པར་བརྒྱན་པར་བྱས་ནས་མཉེས་པར་བྱའོ། །དེ་ནས་ཞི་བའི་གནས་ཏེ་བྱང་ཆུབ་ཀྱི་སེམས་སྤྲོས་པ་ནི། རྡོ་རྗེའི་ལམ་ནས་ཕྱི་རོལ་ཏུ་བྱ་བའོ། །སངས་རྒྱས་ཀྱི་གནས་ཇི་ལྟར་སྤྲོ་ཞེ་ན། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་པ་སྟེ། སངས་རྒྱས་རབ་ཏུ་བྱུང་བས་ནམ་མཁའི་ཁམས་མ་ལུས་པར་བརྒྱན་པར་གྱུར་པར་སྤྲོའོ། །འདི་སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ནམ་མཁའི་ཁོངས་སུ་ཁྱབ་པའི་དེ་བཞིན་གཤེགས་པའི་ཚོགས་བསམ་པར་བྱའོ་ཞེས་པའོ། །བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་མཆོད་པར་མ་ཟད་དེ། གཞན་ཡང་ལུས་ཀྱི་རྒྱུ་མཐུན་པས་ཀྱང་མཆོད་པར་བསྟན་པའི་ཕྱིར། བཤང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བདུད་རྩི་ལྔ་ལྷ་རྣམས་ལ་དབུལ་བར་བྱ་སྟེ། ལྷ་བཤོས་སུ་གྱུར་པས་དཀྱིལ་འཁོར་གྱི་འཁོར་ལོ་བལྟ་བར་བྱ་ཞིང་དེ་ཉིད་ཀྱིས་བདག་ཉིད་ཚིམ་པར་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲགས་པ་ཆེ་ཞིང་སྤྱོད་པ་བཟང་བ་དེ་རྣམས་མཉེས་ཤིང་དགྱེས་པར་འགྱུར་


DTG030_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིག་རྟེན་གྱི་མིག་དགའ་བར་མཛད་པར་འགྱུར་རོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །ལུང་གི་བཤད་པ་བརྗོད་པར་བྱ་སྟེ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །རྡོ་རྗེ་ཡེ་ཤེས་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །འདི་ནི་དགུ་ཡི་བདག་ཉིད་མཆོག །ལེགས་བསྒྲིལ་དེ་བཞིན་ཉིད་སྟོན་པའོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཚད་མ་བཟང་པོར་དེ་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་དག །གཉིས་སུ་མེད་པ་མཛེས་པ་ཡིན། །ཤེས་རབ་འདི་ནི་ཐིག་ཡིན་ཏེ། །ཐབས་ནི་དེ་ཡི་རྗེས་འཇུག་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་མཆོག །ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །འཕགས་པའི་བདེན་བཞི་ངོས་བཞི་སྟེ། །ཚངས་པའི་གནས་བཞི་གྲ་བཞི་ཡིན། །བསྡུ་བའི་དངོས་གྲགས་སྒོ་ཡིན་ཏེ། །རེ་རེ་འང་བ་བཞི་ཡི་མིང་ཅན་ནོ། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །མི་ཕྱེད་ཡེ་ཤེས་མཚན་ཉིད་དེ། །རྡོ་རྗེ་ཨིནྡྲ་ནཱི་ལའི་རྒྱན། །རྣམ་པ་ལྔ་རུ་ཕྱེ་སྟེ་བཤད། །རྩེ་མོ་འཁོར་བ་འཇིག་བྱེད་པའོ། །ཤར་ནས་མེ་ལོང་གཟུགས་ཉིད་ནི། །འཁོར་ལོ་འབར་བའི་འོད་ཀྱིས་བརྒྱན། །ལྷོ་རུ་མཉམ་ཉིད་ཡེ་ཤེས་ནི། །རྩེ་མོ་དགུ་པའི་རིན་པོ་ཆེ། །ནུབ་ཏུ་སོ་སོར་རྟོག་པདྨ། །པདྨ་རཱ་གའི་འོད་འདྲ་བ། །བྱང་དུ་མཆོག་གི་སེམས་གང་ཡིན། །འགྲོ་བའི་རྣམ་རྟོག་འཇོམས་བྱེད་པ། །བྱ་བ་སྒྲུབ་པ་རལ་གྲིར་གྱུར། །འོད་ཟེར་འབར་བ་འདྲ་བའི་མདོག །སྤྲིན་སྔོན་དང་ནི་མཉམ་པའི་འོད། །ཤར་ལྷོ་བྱམས་པའང་སྤྱན་ཡིན་ཏེ། །ལྷོ་ནུབ་སྙིང་རྗེ་ཞེས་བྱ་བ། །མཱ་མ་ཀཱི་ཡི་རིགས་རྡོ་རྗེ། །ནུབ་བྱང་སྡོང་བུ་དང་བཅས་པའི། །པདྨ་དགའ་བས་ཡང་དག་གནས། །བྱང་ཤར་ཨུཏྤལ་འོད་ཟེར་ནི། །སྔོ་དང་བཅས་པ་བཏང་སྙོམས་ཡིན། །དེ་བཞིན་ཤར་སྒོར་སྦྱིན་པ་ནི། །ཐོ་བ་མདངས་ལྡན་འོད་དང་བཅས། །དེ་བཞིན་སྙན་སྨྲ་ཞེས་གྲགས་པ། །དབྱིག་པ་འོད་བཟང་རྡོ་རྗེ་འབར། །ནུབ་ཏུ་དོན་སྤྱོད་ཅེས་བྱ་བ། །རྟ་མགྲིན་


DTG030_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ནི་པདྨའོ། །དོན་མཐུན་པ་རྡོ་རྗེ་སྟེ། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན། །ཕྱག་རྒྱ་དགོད་པའི་མཚན་ཉིད་དེ། །ལེགས་པར་བཤད་པ་འདི་ཡིན་ནོ། །འཇི་བཞིན་ཡང་དག་གནས་མཆོད་པ། །རྣམ་གསུམ་བསྒོམས་པས་འགྱུར་པ་ཡིན། །དང་པོར་ཆེན་པོ་ཡོད་པ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ནང་ལ་སོགས་པའི་དབྱེ་བ་ཡི། །སྟོང་ཉིད་ཀྱིས་ལོ་བཅུ་དྲུག་པ། །མ་སྐྱེས་པ་ཡི་ཞི་བ་གང༌། །དེ་ནི་བུད་མེད་ཅེས་བྱར་བཤད། །ཞི་བའི་ཆོས་དང་རྫས་ལྡན་པ། །མདངས་བཟང་འོད་ནི་ཡིན་པར་གསུངས། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཡེ་ཤེས་ཁ་བྱེ་མེ་ཏོག་གོ །དངོས་པོ་མེད་པར་རིགས་ཡིན་ཏེ། །ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དོ། །ཆོས་དབྱིངས་ཉིད་ཀྱི་བུད་མེད་ནི། །ཤེས་རབ་འདི་འདྲས་མཉེས་པར་བྱས། །ནང་ན་མ་ཡིན་ཕྱི་ན་མིན། །གཉིས་ཀར་མ་ཡིན་གཞན་གནས་མིན། །གནས་མེད་གནས་པའི་རྣལ་འབྱོར་གྱུར། །དེ་བས་མཱ་མ་ཀཱིར་བཤད་དོ། །དེ་ཡི་ངོ་བོ་ཉིད་གཅིག་པ། །བྱིན་གྱིས་བརླབ་ཅེས་དེ་བཤད་དོ། །ནམ་མཁའ་དང་ནི་གཅིག་ཏུ་གནས། །སངས་རྒྱས་ཞི་བའི་གནས་སུ་འགྱུར། །དེ་བས་ཡུལ་དུ་རྣམ་བརྟགས་པ། །སྡུད་པ་དག་ནི་བཤང་བ་ཡིན། །ཡེ་ཤེས་དབང་པོ་སྟོང་པ་གཅིན། །རྣམ་དག་ཆོས་ཉིད་ཁུ་བ་ཡིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག །གང་ཞིག་ཆོས་སུ་ཡོངས་བརྟགས་པ། །དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། །དངོས་མེད་པ་ནི་དབུལ་བའོ། །དེ་བས་སངས་རྒྱས་རྒྱལ་སྲས་རྣམས། །ཁྱབ་པར་ནུ་ནི་མཉེས་བར་འགྱུར། །གང་ཡང་འཇིག་རྟེན་པས་བརྟགས་པ། །དེ་རྣམས་ཇི་སྐད་བཤད་པ་ཉིད། །ཅེས་བྱ་བ་སྟེ། དེ་ལྟར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྟན་པས་ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་རབ་ཏུ་བསྟན་པ་ཡིན་ཏེ་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ཐུགས་རྡོ་རྗེ་བདག་པོར་གྱུར་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་ནི་སྙིང་པོ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ལོ་དེ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ་དྲང་བའི་དོན་ཏོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་


DTG030_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ན་དཀྱིལ་འཁོར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ལས། ཡན་ལག་ཀུན་བསྒོམ་ལས་འདས་ཤིང༌། །རྟོག་དང་རྟོག་མེད་རྣམ་པར་སྤངས། །གུག་སྐྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་ཏེ། ངེས་པའི་དོན་ཏོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་པ་མཐའ་དྲུག་གིས་བཤད་པའོ།། །།


previousལེའུ་བཞི་པ། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།next