Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སུམ་ཅུ་པ།


  collapse section
   
   
   
   
   
   
   
   
ལེའུ་བརྒྱད་པ། གསང་བའི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།
   
   
   
   
   
   
   
   
   
   
  expand section


 
previousལེའུ་བརྒྱད་པ། གསང་བའི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།next

ལེའུ་བརྒྱད་པ། གསང་བའི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།


DTG030_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་བླ་ན་མེད་པའི་མཆོད་པ་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྤྱོད་པ་ཐོབ་པའི་འོག་ཏུ་དཀོན་མཆོག་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །དཀོན་མཆོག་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་དཔལ་ཏེ་རྒྱལ་མཚན་གང་ཡིན་པ་དེ་ནི། དཀོན་མཆོག་དཔལ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བར་གསོལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །བྷ་གར་བཞུགས་པས་ན་བཅོམ་ལྡན་འདས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དབང་ཕྱུག་དམ་པ་ཞེས་བྱ་བ་ལ། དམ་པ་ནི་


DTG030_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོར་གྱུར་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་འདིས་ཞེས་བྱ་བ་འདིས་འོག་ནས་འཆད་པའི་བསྟོད་པ་སྟེ། བསྟོད་པའི་རྒྱལ་པོ་དེས་གསོལ་བ་བཏབ་ཅིང་མཉེས་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལྟར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་རྡོ་རྗེ་སེམས་དཔའོ། །ཐེག་པ་ཆེ་ཞེས་བྱ་བ་ནི་གང་གིས་སེམས་ཅན་མང་ཞིང་ཆེ་བ་རྣམས། སངས་རྒྱས་ཉིད་དུ་སོན་པར་མཛད་པ་དེ་ནི་ཐེག་པ་ཆེན་པོ་སྟེ་ཁྱེད་ཉིད་དོ། །ནམ་མཁའི་སྤྱོད་པ་རྣམ་སྤྱོང་བ། །ཞེས་བྱ་བ་ལ། ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །དེ་རྣམ་པར་དག་པའི་སྤྱོད་པ་ནི་ནམ་མཁའི་སྤྱོད་པའོ། །དེ་རྣལ་འབྱོར་པའི་རྒྱུད་རྣམ་པར་སྤྱོང་བར་མཛད་པས་ན་ནམ་མཁའི་སྤྱོད་པ་རྣམ་སྦྱང་བའོ། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །ཅེས་བྱ་བ་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྱོད་པ་ནི། ཀུན་དུ་བཟང་པོའི་སྤྱོད་པའོ། །དེས་ཕུལ་དུ་བྱུང་བས་ན་མཆོག་གོ །རྒྱལ་བར་གྱུར་པས་ན་རྒྱལ་བ་ནི་རང་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་གིས་མཆོད་པ་བཤད་ཅིང་བསྟན་དུ་གསོལ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤྱོང་བར་བྱེད་པ་ནི་རྡོ་རྗེ་ཐེག་པ་སྟེ། དེ་རབ་ཏུ་སྟོན་པར་མཛད་པས་ན་རྡོ་རྗེ་ཐེག་པ་རབ་སྟོན་པའོ། །ནམ་མཁའི་དབྱིངས་དང་མཚུངས་པར་སྟོན་པས་ན་མཆོག་གོ །རྒྱལ་བ་ནི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་རྣམས་ཏེ། དེ་རྣམས་བསྐྱེད་པར་མཛད་པས་ན། རྒྱལ་བའི་གཞིའོ། །མཆོད་པ་བཤད་དུ་གསོལ་ཞེས་བྱ་བ་ནི་བསྟན་པར་གསོལ་བའོ། །བག་ཆགས་མ་ལུས་པ་དང་བྲལ་ཞིང་འཁོར་བ་ཇི་སྲིད་པར་གནས་པའི་ཡེ་ཤེས་ནི་ཐར་པའོ། །དེ་ཐོབ་ཕར་བྱེད་པའི་རྒྱུ་ནི་ལམ་མོ། །དེ་རབ་ཏུ་སྟོན་པ་ནི་འཆད་པར་མཛད་པའོ། །ཐེག་པ་གསུམ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་མོ། །དེ་ཉིད་ནི་ལམ་སྟེ་དེའི་ངོ་བོ་ཉིད་ལ་རབ་ཏུ་གནས་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པ་སྟེ་བཅོམ་ལྡན་འདས་


DTG030_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །སངས་རྒྱས་སྐལ་མཆོག་དག་པའི་བདག །ཅེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་སྐལ་མཆོག་གོ །དེས་ན་དག་པའི་བདག་ཉིད་ཅན་གྱི། མི་མཆོག་མཆོད་པ་བཤད་དུ་གསོལ། །ཞེས་པའོ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱས་པའི་སྤྱན་དང་ལྡན་པ་གང་ཡིན་པ་ནི་རྒྱས་པའི་སྤྱན་ནོ། །ཆོས་ཀྱི་འཁོར་ལོ་ནི་རྣམ་པ་བཅུ་གཉིས་པའོ། །དེ་འཇིག་རྟེན་གསུམ་དུ་རབ་ཏུ་བསྐོར་བར་མཛད་པས་ན། ཆོས་ཀྱི་འཁོར་ལོ་རབ་བསྐོར་བའོ། །རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་པ་སྟེ། རྡོ་རྗེ་ཐེག་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དྲང་བའི་དོན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་བྱ་བ་ནི། ཡེ་ཤེས་གསུམ་གྱི་སྒོ་ནས་བཅོམ་ལྡན་འདས་ལ་བོས་ནས་བསྟོད་པ་སྟེ། འདོད་ཆགས་ནི་ཐབས་ཀྱི་རང་བཞིན་ནོ། །ཞེ་སྡང་ནི་ཤེས་རབ་ཀྱི་རང་བཞིན་ནོ། །གཏི་མུག་ཆེན་པོ་ནི་མ་རིག་པའི་རང་བཞིན་ནོ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ཞེས་བྱ་བ་ལ། རྡོ་རྗེ་ནི་འོད་གསལ་བའོ། །དེ་ཉིད་ནི་བཤད་མ་ཐག་པའི་རང་བཞིན་གྱི་སྣང་བ་སྤྱོད་བས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པས་ན་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པ་སྟེ་བཅོམ་ལྡན་འདས་སོ། །དབང་པོ་མཆོག་ཙམ་གྱིས་གཟུང་བ་ཡིན་པས་ན། ནམ་མཁའི་དབྱིངས་དང་མཚུངས་པའོ། །ཐམས་ཅད་ཀྱི་དང་པོར་གྱུར་པས་ན་མཆོག་གོ །རྒྱལ་གཞི་མཆོད་པ་བཤད་དུ་གསོལ། །ཞེས་བྱ་བ་ལ། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་གང་དུ་ཐིམ་པར་གྱུར་པ་དེ་ནི་རྒྱལ་བའི་གཞིའོ། །མཆོད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །བཤད་དུ་གསོལ་ཞེས་བྱ་བ་ནི་བཀའ་སྩལ་པར་གསོལ་བའོ། །ཐར་པའི་ལམ་ནི་རབ་སྟོན་པ། །ཞེས་བྱ་བ་ནི། རྡོ་རྗེའི་སྐུ་ཉིད་ཀྱིས་ཚད་མེད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས། འཁོར་བ་ཇི་སྲིད་པར་མཆོག་ཏུ་དགའ་བར་མཚན་ཉིད་གཅིག་པ། ལྷ་དང་མི་ལས་འདས་པའི་ཡོན་ཏན་བརྒྱད་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཐར་པའོ། །དེ་ཐོབ་པའི་ཐབས་སྟོན་པར་མཛད་པས་ན་ཐར་པའི་


DTG030_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རབ་ཏུ་སྟོན་པར་མཛད་པ་སྟེ་བཅོམ་ལྡན་འདས་སོ། །ཤེས་རབ་དང༌། ཐབས་དང༌། ཉེ་བར་ཐོབ་པ་གསུམ་པོ་ནི་ཐེག་པ་གསུམ་མོ། །དེ་ཉིད་བགྲོད་པར་བྱ་བ་ཡིན་པས་ན་ལམ་སྟེ། དོན་དམ་པའི་བདེན་པའི་གྲོང་ཁྱེར་དེར་འཇུག་པར་མཛད་པས་ནི་ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །བདེ་པ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པས་ན། སངས་རྒྱས་སྐལ་མཆོག་གོ །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་དག་པའི་བདག་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན། མི་མཆོག་ཁྱོད་ཀྱིས་མཆོད་པ་བཤད་པར་གསོལ། །ཞེས་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སེམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བྱང་ཆུབ་དང་ལྡན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱས་ཤིང་ཡངས་པའི་སྤྱན་ལྔ་གང་ཡིན་པ་དེ་ནི་རྒྱས་པའི་སྤྱན་ཏེ། དེ་ཡང་གང་ཞེ་ན། ཤ་དང༌། ལྷ་དང༌། ཤེས་རབ་དང༌། ཆོས་དང༌། སངས་རྒྱས་ཀྱི་སྤྱན་ཞེས་གྲགས་པ་རྣམས་སོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཞེས་བྱ་བ་ལ། ཆོས་ནི་འདུས་བྱས་དང༌། འདུས་མ་བྱས་པ་སྟེ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། དེ་སེམས་ཅན་གྱི་འཇིག་རྟེན་དུ་རབ་ཏུ་སྟོན་པར་མཛད་པས་ན། ཆོས་ཀྱི་འཁོར་ལོ་རབ་བསྐོར་བའོ། །ཡང་དག་པའི་མཐའ་རྣམ་པར་དག་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་ཐུགས་ཤིན་ཏུ་དག་པ་སྟེ་བཅོམ་ལྡན་འདས་སོ། །མི་འཇིགས་པའི་བདག་ཉིད་ཅན་ཡིན་པས་ན། རྡོ་རྗེ་ཐེག་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཞེས་བྱ་བ་ལ། ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོང་པ་སྟེ། དེ་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱང་ཐམས་ཅད་ནམ་མཁའོ། །མི་འགྱུར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མི་འགྱུར་ཆེའོ། །ཐམས་ཅད་ཀྱི་དབང་བསྐུར་བར་གྱུར་པས་ན། ཐམས་ཅད་དབང་བསྐུར་རོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པས་ན། ཀུན་གྱི་དོན་ནོ། །འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ན་ཀུན་གྱི་དབང་པོའོ། །རྡོ་རྗེ་ནི་དོན་


DTG030_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པའི་བདེན་པའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། རིན་པོ་ཆེ་དང་འདྲ་བས་ན་རིན་ཆེན་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེའི་ངོ་བོ་ཉིད་ཀྱིས་དེ་འཛིན་པར་མཛད་པས་ན་རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག །ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དུས་གསུམ་དུ་བཞུགས་པའི་རྒྱལ་བ་རྣམས་ཏེ། དེ་དང་འབྲེལ་པའི་མཆོད་པ་ནི་དེ་བཞིན་གཤེགས་པའི་མཆོད་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པས། ཁྱད་པར་དུ་གྱུར་པས་ན་མཆོག་གོ །ཅིའི་ཕྱིར་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་གནས་པ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་ཡང་དག་པར་གནས་པའི་མཆོད་པའོ། །དེ་ནི་ཁམས་གསུམ་པ་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སུ་འདུས་པར་མཛད་པས་ན། སྐུ་དང་གསུང་དང་ཐུགས་སྐལ་མཆོག་གོ །རྒྱལ་བ་རྣམས་འདི་ལས་འབྱུང་བར་འགྱུར་བས་ན་རྒྱལ་བ་འབྱུང་བའོ། །མཆོད་པ་དེ་བཤད་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་མི་མངོན་པར་བྱས་པ་སྟེ་དགོངས་པས་བཤད་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ན་ཆུང་གཞོན་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དུ་འོད་བའི་གཟུགས་ཅན་པས་ན་ན་ཆུང་ངོ༌། །མིག་ཡངས་ཤིང་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་མིག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིག་ཡངས་པའོ། །དེ་ཉིད་ཀྱི་ཁྱད་པར་ནི། གཟུགས་བཟང་གཞོན་པས་བརྒྱན་པ་ནི། །ཞེས་བྱ་བའོ། །ལོ་གྲངས་ཉི་ཤུ་ལྔ་ལོན་པ། །ཞེས་བྱ་བ་ནི། ལྷ་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོ་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་དེ་བཙལ་ཏེ། བླ་མའི་ཁ་ནས་རྙེད་པ་དེ་ཉིད་ཀྱིས། བླ་ན་མེད་པའི་མཆོད་པ་རབ་ཏུ་བརྟག་ཅིང་བྱ་བའོ། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་བྱ་བར་ཡང་སྦྱར་ཏེ། བྱོལ་སོང་གི་སྒྲ་ནི་ལོགས་ན་ཡོད་པ་ལ་བྱ་སྟེ། དེས་ན་བདག་པོ་ལས་གཞན་པའི་དཀྱིལ་འཁོར་གྱི་ལྷ་སྐུ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་གཟུང་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕུལ་པ་ཡིན་པའི་ཕྱིར་རོ། །དགོངས་པས་བཤད་པའོ། །ཤིན་ཏུ་ཡང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་ནས། ད་ནི་


DTG030_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། ས་ཕྱོགས་གཙང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སའི་ཆ་ནི་སའི་ཕྱོགས་སོ། །ས་སྦྱང་བ་ལ་སོགས་པའི་རིམ་པས་ཡོངས་སུ་དག་པ་ནི་གཙང་བའོ། །སྐྱེ་བོ་འདུས་པ་དང་བྲལ་བས་རྣམ་པར་དབེན་པའོ། །འམ་ཞེས་བྱ་བའི་སྒྲ་ནི་ཐ་དད་པའི་རིམ་པའི་ཕྱོགས་གཞན་སྟོན་པ་ཡིན་པར་བལྟ་བར་བྱ་བའོ། །རྒྱལ་ཉིད་སྐྱེས་ཞེས་པ་ནི་སྔགས་པའོ། །ཞི་བ་ནི་སྐྱེ་བོ་དམ་པའོ། །དེ་རྣམས་ཀྱི་ཁྱིམ་ནི་ཞི་བའི་གནས་རྣམས་ཏེ། ལྷའི་ཁང་པའོ། །དེ་ལྟ་བུའི་ས་ཕྱོགས་སུ་བཤད་པ་སྟེ་བའི་ལྕི་བ་དང༌། གཅི་བ་སྟེ། བའི་གཅིན་དང༌། ཆུ་སྟེ་ཆུ་ཉི་ཚེས་སོ། །སོགས་པའི་སྒྲས་ཤིང་ཤུན་དྲི་བཟང་པོ་ལ་སོགས་པ་ཡོངས་སུ་གཟུང་སྟེ། དེ་ལྟ་བུའི་བཤང་བ་ལ་སོགས་པ་འདི་རྣམས་ཀྱིས་སྔར་བཤད་པའི་ས་ཕྱོགས་སུ་བྱུག་ཅིང་དཀྱིལ་འཁོར་བྱའོ། །འམ་གྱི་སྒྲ་ནི་མ་བཤད་པ་དག་ཀྱང་བསྡུ་བའི་དོན་ཏེ། དེས་ན་མེ་ཏོག་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བ་མཆོད་ཕྱིར་ཞེས་པ་སྟེ། རང་གི་ལྷ་མཉེས་པར་བྱ་བའི་ཕྱིར། རྟག་པར་ནི་ཉིན་རེའོ། །དེ་ལྟར་མཆོད་པའི་ཡོ་བྱད་བསྒྲུབས་ནས། སྒྲུབ་པའི་ཐབས་ལས་འབྱུང་བའི་རིམ་གྱིས། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ་བདག་ཉིད་དང་རང་གི་ཕྱག་རྒྱ་རིགས་ལྔར་བྱ་བ་བསྟན་པའི་ཕྱིར། ནུ་མའི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མའི་དབུས་ཞེས་བྱ་བ་ནི་སྙིང་གའི་གནས་སོ། །བར་ཞེས་བྱ་བ་ནི་དེ་སྲིད་ཀྱི་བར་འདིར་ཡི་གེ་ཧཱུཾ་སྟེ། མི་བསྐྱོད་པའི་རིགས་དགོད་པའོ། །སྤྱི་གཙུག་མཐའ་ཞེས་བྱ་བ་ནི་སྤྱི་གཙུག་གི་མཐའི་སྒྲས་སྐྲ་ཉེ་བར་མཚོན་ཏེ། སྐྲའི་མཐའ་སྟེ། སྐྲའི་སྐྱེ་གནས་ཇི་སྲིད་ཀྱི་བར་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དགོད་དོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ཤེས་པའོ། །བར་ཞེས་བྱ་བ་ནི་སྙིང་ག་དང་སྤྱི་གཙུག་གི་བར་ཏེ་གང་ཡིན་ཞེ་ན། ལྐོག་མའི་ཕྱོགས་ཁའི་དཀྱིལ་འཁོར་ཏེ། དེར་ཡི་གེ་ཨཱཿ་ལས་བྱུང་བའི་འོད་དཔག་ཏུ་མེད་པ་དགོད་པར་བྱའོ། །རྐང་པའི་བར་ཞེས་བྱ་བ་ནི། རྐང་པ་དང་བརླ་རྩའི་བར་དུ་ནི་རྐང་པའི་བོལ་དང་ཞེས་བྱ་བའི་སྒྲ་ནི་རྐང་པ་གཉིས་


DTG030_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་ཞེས་བསྡུ་བའི་དོན་ཏེ། དེར་ཡི་གེ་ཧཱ་ལས་བྱུང་བའི་དོན་ཡོད་པར་གྲུབ་པ་དགོད་པར་བྱའོ། །ལྟེ་བ་རྐེད་པ་གསང་བ་ཞེས་བྱ་བ་ནི། འདིར་བདུན་པ་མི་མངོན་པར་བྱས་པ་ཡིན་ཏེ། གནས་འདི་དག་ཏུ་ཡི་གེ་སྭཱ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་དགོད་པར་བྱའོ། །རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྒྱལ་བའི་སྲས་ནི་དེའི་རིགས་ཏེ། རྒྱལ་བ་དང་རྒྱལ་བའི་སྲས་དག་ནི་རྒྱལ་སྲས་ཞེས་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དང༌། དེའི་རིགས་རྣམས་སྒྲུབ་པའི་ཐབས་ལས་བཤད་པའི་ཆོ་གས་རིགས་ལྔའི་བདག་ཉིད་དགོད་པ་ཇི་ལྟ་ཇི་ལྟ་བར་བྱའོ་ཞེས་པའོ། །ཇི་སྲིད་དུ་དེ་ལྟར་བྱས་པའི་སྙོམས་པར་འཇུག་པས་སྲིད་པ་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་རང་གི་ཕྱག་རྒྱའི་ཆོས་འབྱུང་བ་སྟེ། དེའི་དབུས་སུ་གནས་པའོ། །ཡེ་ཤེས་རྒྱ་མཚོ་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་ཉིད་ཟླ་བའི་དབུས་གནས་པར། །ཞེས་པ་ནི། བཤད་མ་ཐག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་ན་གནས་པར་བསྒོམ་ཞིང་བསམ་པར་བྱའོ། །དེའི་འོག་ཏུ་མཁས་པས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ། །ཞི་བ་ནི་རྡོ་རྗེ་འཛིན་ཞེས་པ་ལ། ཞི་བ་ནི་སེམས་རྩེ་གཅིག་པའོ། །དེ་ཉིད་རྡོ་རྗེ་སྟེ། དེ་འཛིན་པས་ན་ཞི་བ་རྡོ་རྗེ་འཛིན་པའོ། །བདག་ཉིད་ཀྱི་སྙིང་གར་བསྡུ་བ་དག་ཀྱང་རབ་ཏུ་བྱའོ། །གལ་ཏེ་འདོད་ན་ཞེས་བྱ་བ་ལ་བསྡུ་བ་དང༌། སྤྲོ་བ་གང་འདོད་པར་གྱུར་པ་དེའི་ཚེ་ན་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་བདག་ཉིད་བསྐྱེད་ནས་ཡང་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་མཆོད་རྟེན་བྱ་སྟེ། རིན་པོ་ཆེ་སྣ་བཞི་ནི་ཁམས་བཞིའི་ངོ་བོ་ཉིད་སྤྱན་ལ་སོགས་པ་བཞིའོ། །དེའི་རང་བཞིན་ཡིན་པས་ན་རིན་ཆེན་སྣ་བཞིའི་རང་བཞིན་ནོ། །འོད་ཟེར་ཕྲེང་བ་ནི་དཀར་པོ་ལ་སོགས་པའི་འོད་ཀྱི་ཕྲེང་བ་སྟེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་ཞིང་མཛེས་པར་བྱས་པའོ། །ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱིས། །ཞེས་བྱ་བ་ནི། འདི་ཉིད་ཀྱི་ཁྱད་པར་གྱི་ངོ་བོ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དུས་གསུམ་ནི་དུས་གསུམ་དུ་བཞུགས་པ་སྟེ། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་


DTG030_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ཞིང་དུ་གྱུར་པ་ཡིན་པར་རྣམ་པར་བསམ་པ་སྟེ། རང་གི་ལུས་ཀྱི་མཆོད་རྟེན་དུ་བསྒོམས་ལ། སྔར་བཤད་པའི་བདག་གི་བ་སྤུའི་བུ་ག་རྣམས་ལས་བསྐྱེད་པའི་རིམ་པ་ལས་བྱུང་བའི་མཁས་པས་མཆོད་པའི་སྤྲིན་ཏེ། ཇི་ལྟར་འདོད་པའི་དོན་རྫོགས་པར་བྱེད་པས། སེམས་ཅན་གྱི་ཁམས་མཆོད་ཅིང་རྗེས་སུ་འཛིན་པར་མཛད་པས་ན། མཆོད་པ་སྟེ་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ་དེ་སྤྲོ་ཞིང་དབྱུང་བར་བྱའོ་ཞེས་པ་སྟེ། སྒྲ་ཇི་བཞིན་པའོ། །ད་ནི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་མཆོད་པའི་ཡན་ལག་བསྟན་པར་བྱ་བའི་ཕྱིར། མཁས་པས་ཨུཏྤལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པས་ཞེས་བྱ་བ་རྣམ་པར་དབྱེ་བཤེས་པས་ཨུཏྤལ་སྟེ། དཀར་པོ་ལ་སོགས་པ་ཁ་དོག་རྣམ་པ་ལྔར་ཕྱེ་ལ་རིགས་རྣམ་པ་ལྔའི་དབྱེ་བས་ཤེས་པར་བྱ་བ་དང༌། དེ་བཞིན་དུ་པདྨ་ལ་ཡང་ཁ་དོག་རྣམ་པ་ལྔར་ཤེས་པར་བྱའོ། །ཛཱ་ཏི་རྣམ་གསུམ་སྟེ་ཁ་དོག་གསུམ་དུ་བྱས་ལ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཀརྞི་ཀཱ་ར་དང༌། མ་ལི་ཀཱ་དང༌། ཡཱུ་ཐི་ཀ་དང་མེ་ཏོག་ཀ་ར་བཱི་ར་བསམ་ཞིང༌། བསམ་གཏན་གྱི་སྟོབས་ཀྱིས་རབ་ཏུ་བསྐྱེད་ནས་སྔགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། །ལུང་གིས་བཤད་པར་བྱ་སྟེ། གང་ཞིག་རླུང་ནི་བཅུར་བསྒྲགས་པ། །དེ་ནི་པདྨ་ཨུཏྤལ་མིང༌། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་གཅིག་པུ་གསུམ་དུ་འདོད། །ཀརྞི་ཀཱ་ར་མ་ལི་ཀཱ། །ཡཱུ་ཐི་ཀ་ར་བཱི་ར་ནི། །གོ་རིམས་བཞིན་དུ་སྤྱན་སོགས་ཏེ། །དབང་ཆེན་སོགས་པར་འདིར་སྦྱར་རོ། །དངོས་མེད་གོ་འཕང་ལ་དགོད་པས། །ལྷ་རྣམས་ཀྱི་ནི་སྐུར་སྦྱོར་བ། །གཅིག་ཏུ་སངས་རྒྱས་ཀུན་མཉེས་པའོ། །མཆོད་པ་ཆེན་པོར་དེ་འགྱུར་རོ། །དེ་ཉིད་མེ་ཏོག་ཡིན་དགོངས་ན། །ཕྱི་དུས་སྐྱེ་བོས་མི་ཤེས་ཏེ། །མ་རྟོགས་པས་ན་དེ་རྣམས་ཀྱི། །དངོས་གྲུབ་རིང་དུ་གནས་པར་འགྱུར། །འདི་ནི་བདག་གི་སྐལ་མིན་ཞེས། །ཟེར་ནས་བདག་ཉིད་སྨོད་པར་བྱེད། །དེ་བཞིན་དག་ཉིད་སྨད་པས་ན། །སངས་རྒྱས་ཐམས་ཅད་སྨད་པར་འགྱུར། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །མྱ་ངན་འདས་ལས་གཞན་དུ་འགྲོ། །ཞེས་གསུངས་པ་


DTG030_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །ངེས་པའི་དོན་ཏོ། །ད་ནི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་གསང་བའི་དབང་བསྐུར་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོས་རེ་ཞིང་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པས་ན་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱའོ། །འཁོར་ལོའི་སྒྲའི་ཉེ་བར་མཚོན་པས་འཁོར་ལོ་ནི་རྣམ་པར་སྣང་མཛད་ཉིད་ལ་བྱ་བར་འདོད་པས་དེའི་དཀྱིལ་འཁོར་ནི་འཁོར་ལོའི་དཀྱིལ་འཁོར་རོ། །བསྒོམ་བྱས་ལ་ཞེས་བྱ་བ་ནི་བསྐྱེད་པ་སྟེ། ཡིད་ཀྱིས་སམ། བྲི་བས་བསྐྱེད་པར་བྱའོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་བཤད་པ་འདིར་ཡང་སྦྱར་བར་བྱའོ། །རྣམ་པར་མཁས་པས་རྟག་པར་ནི། །ཞེས་པ་ནི། བག་ཡོད་པས་དུས་ཐམས་ཅད་དུའོ། །རིགས་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཏེ། ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །དེ་ཡང་ཇི་ལྟར་འཁོར་ལོའི་དཀྱིལ་འཁོར་གྱི་སྒྲས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྟོན་པ་དེ་བཞིན་དུ། པདྨ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རལ་གྲིའི་དཀྱིལ་འཁོར་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །ཨུཏྤལ་ཞེས་བྱ་བ་ནི་རིན་པོ་ཆེ་སྟེ། ཏ་ཞེས་བྱ་བ་ནི་སྡེབ་སྦྱོར་གྱི་དོན་དང་མི་འགལ་བའོ། །དེ་བས་ན་དེ་བཞིན་དུ་ཨུཏྤལ་ནི། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཡིན་པར་མཁས་པས་བསྒོམ་ཞིང་ཤེས་པར་བྱའོ། །དེ་ཡང་དཔག་ཚང་ནས་བརྩམས་ཏེ། དཔག་ཚད་བྱེ་བའི་བར་གྱི་ཁྱོན་ཙམ། ཇི་ལྟར་འདོད་ཅིང་དགའ་བའི་དབང་དུ་དཀྱིལ་འཁོར་བྱའོ། །མཆོད་རྟེན་དང་འདྲ་བས་ན་མཆོད་རྟེན་ཏེ་དཀྱིལ་འཁོར་རོ། །རིན་པོ་ཆེ་སྣ་བཞིའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཡིན་པས་ན། རིན་ཆེན་སྣ་བཞི་པའོ། །གསལ་བ་ནི་ཤེལ་དང་འདྲ་བ་སྟེ། འདིས་ནི་ཁ་དོག་དཀར་པོ་ཡོངས་སུ་གཟུང་ངོ༌། །རང་བཞིན་དྲི་མ་མེད་ཅེས་བྱ་བ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་སོ། །རིགས་རྣམས་ཏེ། རིགས་ལྔ་རྣམས་ཀྱི་གནས་དང་གཞིར་གྱུར་པར་ཤེས་རབ་ཅན་ཏེ། གསང་བའི་དབང་བསྐུར་བ་ཤེས་པའི་རྣལ་འབྱོར་པས་མཆོད་པའི་ཕྱིར་ཏེ། གསང་བའི་དབང་བསྐུར་བའི་


DTG030_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་བླ་མའི་བྱ་བ་བསྟན་པའི་འོག་ཏུ་གསང་བའི་དབང་བསྐུར་བར་འདོད་པའི་སློབ་མས། གང་ཞིག་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ལྔའོ། །དེ་རྣམས་ཀྱིས་དེ་ལ་ཞེས་བྱ་བ་སྟེ། དཀྱིལ་འཁོར་ལ་བརྟེན་པར་གྱུར་པའི་ལྷ་རྣམས་ལ་མཆོད་པ་རྒྱ་མཚོ་སྟེ། མཆོད་པ་སྣ་ཚོགས་པའི་རྒྱ་མཚོ་བརྩམ་པར་བྱ་ཞིང་བྱ་བ་ལ་འཇུག་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་པོ་དེ་ཉིད་སྤྲོས་ཏེ་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ། །ན་བཟའ་ནི་དར་དང་བ་ལ་སོགས་པ་སྟེ། མིག་གི་དབང་པོའི་ཡུལ་བསྟན་ནས། སོགས་པའི་སྒྲས་ནི་རྣ་བའི་དབང་པོ་ལ་སོགས་པའི་ཡུལ་སྟོན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་འདོད་པས་ཏེ། །དྲི་མའི་རྙོག་པ་ཐམས་ཅད་འཁྲུད་པས། ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་བྱང་ཆུབ་སྟེ་དབང་བསྐུར་བའོ། །དེ་འདོད་ཅིང་འདུན་པས་མཆོད་པར་བྱའོ། །རྟག་ཏུ་ཞེས་པ་ནི་ཇི་སྲིད་དབང་བསྐུར་བ་ཡོངས་སུ་རྫོགས་ཀྱི་བར་དུ་ཉིན་རེ་ཞིང་མཆོད་ཅིང་མཉེས་པར་བྱའོ། །མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་སོགས་པའོ། །དེས་མཆོད་པས་ན་མཆོད་པ་རྣམ་པ་ལྔའོ། །དེ་རྣམས་ཀྱི་མཆོག་ནི་ཤིན་ཏུ་ཕུལ་དུ་བྱུང་བས་སོ། །རྟག་ཏུ་ལྷ་རྣམས་དང༌། བླ་མ་མཉེས་པར་བྱའོ། །ལྷ་རྣམས་དང་བླ་མའི་ཐུན་མོང་གི་མཆོད་པ་བསྟན་ནས། བླ་མའི་ཁྱད་པར་གྱི་མཆོད་པ་བསྟན་པའི་ཕྱིར། རིན་ཆེན་འབྱུང་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ནི་འཁོར་པ་ཇི་སྲིད་པར་གནས་པ། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་དེ་བསྐྱེད་པའི་ཞིང་དུ་གྱུར་པས་འབྱུང་གནས་སོ། །ན་ཆུང་ནི་ལང་ཚོ་མ་ཉམས་པའོ། །མཆོག་ནི་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་པདྨ་ཅན་ནོ། །རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །ཞེས་བྱ་བ་ནི། རིན་པོ་ཆེ་དཔག་ཏུ་མེད་པ་ཐ་དང་པ་དང༌། གོས་དང༌། དྲི་དང༌། བྱུག་པ་ལ་སོགས་པས་བརྒྱན་པ་སྟེ། དེ་ལྟ་བུའི་བུ་མོ་ཡིད་དུ་འོང་བའི་གཟུགས་ཅན་དབུལ་པར་བྱའོ། །ཅིའི་


DTG030_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཞེ་ན། སྒྲུབ་ཚེ་རབ་ཏུ་འགྲུབ་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། བསྒྲུབ་ཅིང་བསྐྱེད་པ་ཡིན་པས་ན་སྒྲུབ་པ་སྟེ། འབྲས་བུ་ཐ་མལ་པའོ། །རབ་ཏུ་འགྲུབ་བ་ནི་ཁྱད་པར་ཅན་འགྲུབ་པ་སྟེ། གང་ཡིན་ཞེ་ན། སངས་རྒྱས་ཉིད་དེ་འདི་འགྲུབ་པའི་ཕྱིར་ཞེས་པ་ནི་འགྲུབ་པའི་རྒྱུར་དབུལ་བར་བྱའོ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་བླ་མ་གཅིག་པུའང་སངས་རྒྱས་ཐམས་ཅད་ཀྱི་སྒྲས་རྣམ་པར་བརྗོད་དེ། དེ་ལ་དབུལ་ཞིང་རབ་ཏུ་བསྟན་པར་བྱའོ། །བླ་མ་ལ་ཁྱད་པར་ཅན་གྱི་རྫས་དབུལ་བར་བྱ་བའི་དོན་དུ། ཆད་ཡོངས་སུ་ཆད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་དང༌། བཻཌཱུ་ཪྻ་དང༌། མརྒད་དང་རྡོ་རྗེ་དང་མུ་ཏིག་དང་བྱི་རུ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བའི་ཞིང་འདི་ཉིན་རེ་ཞིང་དབུལ་བར་བྱ་བའམ། བུད་མེད་དང་སྐྱེས་པ་དང་རིན་པོ་ཆེ་དང་འཁོར་ལོ་དང༌། རལ་གྲི་དང་གླང་པོ་དང་རྟ་རིན་པོ་ཆེ་ཡང་མཁས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་མཁས་པས་ཉིན་རེ་ཞིང་དབུལ་བར་བྱའོ། །ཤེས་རབ་ཅན་གྱི་མཐར་ཐུག་པའི་ཡེ་ཤེས་དང་ལྡན་ཞིང་ཡེ་ཤེས་འདོད་པས། བླ་མ་ལས་གཉིས་སུ་མེད་པའི་ཡེ་ཤེས་སོ་སོར་རྟོག་པར་བྱ་བར་འདོད་ཅིང༌། དེའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་ཤེས་རབ་ཅན་གྱིས་དབུལ་པར་བྱ་ཞིང་བསམ་གཏན་གྱིས་ཀྱང་ཐམས་ཅད་བསྐྱེད་པར་བྱའོ་ཞེས་པའོ། །དེ་ལྟར་སློབ་མན་མཆོད་པའི་ཡོ་བྱད་ཐམས་ཅད་བསྟབས་ནས། བླ་མས་ཅི་ཞིག་བྱ་ཞེ་ན། བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རང་གི་དཀྱིལ་འཁོར་གྱི་བདག་པོའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེར་མཉམ་པར་བཞག་ནས། དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླང་བར་བྱའོ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །ཞེས་པ་ནི། དེ་བཞིན་གཤེགས་པའི་འཁོར་ལོའི་དབུས་སུའོ། །འདོད་ཆགས་ནི་བདེ་བ་ཆེན་པོའོ། །གང་གི་བློ་དེར་འཇུག་པ་དེ་དང་ལྡན་པ་ནི་འདོད་ཆགས་བློ་ཅན་ཏེ། འདོད་ཆགས་ཀྱི་བློ་ཅན་དེ་རྣམས་ཀྱི་སངས་རྒྱས་ཏེ། དེ་བཞིན་


DTG030_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ལ་རེག་པའི་སྦྱོར་བ་སྟེ། རེག་རྡོ་རྗེ་ལས་བྱུང་བའི་བདེ་བ་དབུལ་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་ནམ་མཁའ་སྟེ། དེའི་དབུས་ན་གནས་པར་དཀྱིལ་འཁོར་བཀོད་པ་བསྒོམ་པ་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །དེ་ལྟར་བསམས་ནས། གཟུགས་ཀྱི་ཕུང་པོ་ལ་སོས་པར་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྤྲུལ་པའི་སྐུ་འཛིན་པར་བྱ་བའི་ཕྱིར་གཞུག་པར་བྱའོ། །དེ་ནས་བདག་གི་ལུས་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱི་ལུག་དེ་བཞིན་གཤེགས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་ཡོངས་སུ་བསྐྱེད་པར་བྱས་ལ། བླ་མ་ལ་བཤད་པ་སྟེ། ཡུལ་དང༌། གཅི་བ་སྟེ། དབང་པོ་ཡིན་པས་ན། གཟུགས་ལ་སོགས་པའི་ཡུལ་དང་དབང་པོ་རྣམས་ཀྱིས་བླ་མ་ལ་མཆོད་ཅིང་རྗེད་པས་ཚིམ་པར་བྱའོ། །མཆོད་པ་དེ་ཉིད་ནི་བཞིན་བཟང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བཞིན་བཟང་ཞེས་པ་ནི་དགའ་བས་སེམས་རབ་ཏུ་དང་བའི་ཡིད་ཚིམ་པར་བྱེད་པའི་ཕྱིར་ཏེ། ཡིད་དུ་འོང་བའོ། །ན་ཆུང་ནི་སློབ་མས་བསྟབས་པའོ། །བྱིན་གྱི་རླབས་ཀྱི་གནས་བསམས་ཏེ། ལྷག་པར་གནས་པས་ན་བྱིན་གྱིས་རློབ་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་གནས་ནི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་ཕྱག་རྒྱའི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་བསམ་ཞིང་རྣམ་པར་དགོད་པས། རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ་སངས་རྒྱས་མཆོད་པ་སྟེ། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་རབ་ཏུ་བརྟག་ཅིང་བྱིན་གྱིས་བརླབ་པར་བྱའོ། །འདི་ཉིད་ནི་ཕྱིའི་མཆོད་པ་ལ་ལྟོས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མའི་རིམ་གྱིས། ཉོན་མོངས་པ་རྣམ་པར་དག་པའི་གནས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མིག་བཟང་སྟེ་བུད་མེད་ཀྱི་ཕྱག་རྒྱའོ། །བརྟེན་པའི་བློ་ལྡན་པ་སྟི། བྱང་ཆུབ་ལས་མིག་ཡོ་བའི་བསམ་པས་ཁུ་བ་བླངས་ནས་ཏེ་སྙོམས་པར་འཇུག་པའི་མཆོད་པའི་འོག་ཏུ། པདྨ་ལ་གནས་པའི་བྱང་ཆུབ་ཀྱི་


DTG030_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་བླངས་ལ་བཟའ་བར་བྱ་སྟེ། སློབ་མ་ལ་བླ་མས་བྱིན་པ་འདིས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་བསམས་ནས་བཟའ་བར་བྱ་ཞིང་སྤྱད་པར་བྱའོ། །བླ་མས་ཀྱང་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བཞག་ལ། དིའི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱིར་དབབ་དབང་བསྐུར་རོ། །ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་གང་བཤད་མ་ཐག་པའི་མཆོད་པ་བསྟན་པས་གསང་བའི་དབང་བསྐུར་བ་སྟེ། དེ་ནི་སྔགས་རྣམས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། །ཞེས་བྱ་བ་ནི། མི་འཇིགས་པའི་སྐུ་དང་གསུང་དང་ཐུགས་བསྐྱེད་པས་སོ། །ཡེ་ཤེས་རྡོ་རྗེ་ཅན་ནི་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པ་རྣམས་ལ་གསང་བ་ཡིན་པས་སོ། །སྔགས་ཀྱི་དངོས་གྲུབ་བྱེད་པ་ཞེས་པ་ལ། སྔགས་ནི་འཇིག་རྟེན་པའི་དངོས་གྲུབ་རབ་ཏུ་སྟེར་བར་བྱེད་པ་སྟེ། ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་སྟེ། སྦྲུལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་མཚང་པ་མེད་པའི་དངོས་གྲུབ་སྐྱེད་པའོ། །དེ་བྱེད་པས་ན་སྔགས་རྣམས་དངོས་གྲུབ་བྱེད་པ་སྟེ། སྒྲ་ཇི་བཞིན་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བརྒྱད་པ་མཐའ་དྲུག་གིས་བཤད་པའོ།། །།


previousལེའུ་བརྒྱད་པ། གསང་བའི་དབང་བསྐུར་བ་མཐའ་དྲུག་གིས་བཤད་པ།next