དང་པོ། ངེས་པའི་ཚིག་བསྟན་པ།


DTG035_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏི་ཥྛ་བི་དྷི་ཀྲ་མ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་གའི་རིམ་པ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཡི། །བདུད་རྩིའི་རོས་ནི་ངེས་གང་པའི། །རྡོ་རྗེའི་འཛིན་ལ་རབ་བཏུད་ནས། །རབ་གནས་ཆོ་ག་བཤད་པར་བྱ། །བདེ་གཤེགས་རྣམས་ཀྱིས་སྔར་གསུངས་པའི། །སྣ་ཚོགས་ལུང་གི་གཞུང་དག་ཏུ། །དཀྱིལ་འཁོར་ཆེན་པོ་བཀོད་སོགས་པའི། །རབ་གནས་ཆོག་རྒྱས་གསུངས་དང༌། །རྒུད་རྣམས་དེ་དང་དེ་དག་ཏུ། །རྡོ་རྗེ་འཛིན་གྱི་རྒྱས་གསུངས་དང༌། །དེ་བཞིན་གྲུབ་པའི་སློབ་དཔོན་གྱིས། །རབ་གནས་གཞུང་དང་མཐུན་མཛད་པ། །དེ་དག་ཀུན་གྱི་གཞུང་བསྡུས་ཏེ། །ངེས་པའི་ཚིག་དང་རྣམ་དབྱེ་དང༌། །ཆོ་གའི་རིམ་པ་གསུམ་དུ་བསྟན། །དེ་ལ་ངེས་པའི་ཚིག་གིས་ནི། །པྲ་ཀ་ན་ཤ་ན་ནི་ཏི་ཥྛ་ཞེས་པ་སྟེ་མཆོག་ཏུ་འགྱུར་པ་དང༌། །ཡུན་རིང་བས་རབ་གནས་ཞེས་བྱ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་བསྒྲུབ་པ་ལ་བྱ་ལ། ཡུན་རིང་བ་ནི་འཁོར་བ་ཇི་སྲིད་དུ་བཞུགས་པ་ལ་བྱའོ། །