རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་སྐྱེད་པའི་རིམ་པ་བསྒོམ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ།
ཀླུ་སྒྲུབ།
མདོ་དང་བསྲེས་པ་རྒྱས་པར་བསྟན་པ།
དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བསྟན་པ།
རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཡོ་ག་ཏནྟྲ་ཨུཏྤཱ་ད་ཀྲ་མ་སཱ་དྷ་ན་སཱུ་ཏྲ་མེ་ཤྲ་ཕ་ཀ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་བསྒོམ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྒྲུབ་པ་ལ་རབ་ཏུ་འཇུག་པ་རྣམས་ཀྱིས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ངེས་པར་བྱ་བའི་ཕྱིར་མདོ་དང་བསྲེས་པ་ཞེས་བྱ་བ་ལེའུ་བཅུ་བདུན་པ་ལས་བཏུས་ཏེ་བསྡུ་བར་བྱའོ། །དེ་ལ་སྒྲུབ་པ་འོས་ཇི་སྐད་དུ་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཅེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་གི་ཚུལ་གྱིས་རྗེས་སུ་མཐུན་པའི་གནས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལེའུ་གསུམ་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་པའི་འོད་དང་ལྡན། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །མདོར་ན་དེ་ལྟར་བསྒོམས་ནས་སུ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་མདོར་བསྡུས་ཏེ་གསུངས་པ་དེ་ལ་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་གཟུགས་ཅན་ཞེས་བྱ་བ་བསྐྱེད་པར་བྱ་བ་སྟེ། ལེའུ་བཅོ་ལྔ་པ་ལས། རྣམ་པར་སྣང་མཛད་འོད་འདྲ་ཞིང༌། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་རྡོ་རྗེ་
གསུམ་འཛིན་འགྱུར། །ཞེས་གསུངས་པ་འདིས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོར་བདག་ཉིད་ཇི་ལྟ་བ་བཞིན་མོས་པར་བྱའོ། །དེ་ནས་ལེའུ་དང་པོ་ལས། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་མི་བསྐྱོད་པ་བསྐྱེད་པས་ཞེ་སྡང་རྡོ་རྗེར་གྱུར་ནས་ལེའུ་བཅུ་གསུམ་པ་ལས། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ལ་རྟག་ཏུ་བརྩོན་པ་དག །སྒྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། །ཞེས་གསུངས་པས་ཡི་གེ་ཧཱུཾ་རིང་པོ་ལས་ཁྲོ་བོའི་རྒྱལ་པོ་བཅུ་ཕྱུང་ལ་ལེའུ་བཅུ་བཞི་པ་ལས། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ལ་བཀའ་བསྒོ་བས་ཕྱོགས་བཅུའི་བགེགས་ཀྱི་ཚོགས་བཀུག་ནས་ལེའུ་བཅུ་གསུམ་པ་ལས། ཡི་དམ་བཅས་པ་རྫོགས་ནས་ཀྱང༌། །སྔགས་ཀྱི་གནས་ནི་བསྲུང་བར་བྱ། །བསམ་གཏན་སྦྱོར་བ་འདི་ལ་ནི། །གནས་ནས་སངས་རྒྱས་བྱིན་གྱིས་རློབ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །མེ་སྟག་འབར་བ་འདྲ་བ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་གདབ་པར་བྱ། །ཞེས་གསུངས་པ་འདིས་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུ་རྣམས་ཀྱིས་ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གནོད་མཛེས་ལ་བཀའ་བསྒོ་སྟེ་ཕུར་བུ་གདབ་བོ། །དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱིས་རྡོ་རྗེ་རབ་བསམ་པ་དང༌། ཧཱུཾ་མཛད་ཀྱིས་རྡོ་རྗེའི་དྲ་བ་ཡི་གེ་ཧཱུཾ་གིས་སའི་ཆ་རྡོ་རྗེའི་རང་བཞིན་དུ་བསམ་ཞིང་ཡི་གེ་གསུམ་གྱིས་གོ་ཆ་ལ་སོགས་པ་བྱའོ། །དེ་ལྟར་ཕྱོགས་དང་མཚམས་བ་ཅིང་བ་དང་རབ་ལ་སོགས་པའི་ཆོག་སྲུང་བའི་འཁོར་ལོ་བསྒོམས་ལ་ལེའུ་གཉིས་པ་ལས། དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་ཚིགས་སུ་བཅད་པའི་དོན་གྱིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་མོ། །དེ་ནས་ལེའུ་བཅུ་གཅིག་པ་ལས། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །ནམ་མཁའ་རྡོ་རྗེ་དབུས་སུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་བསྐྱེད་ནས། བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་བྱ་
བ་ལ་སོགས་པས་སའི་ཆ་བསྐྱེད་ལ་ལེའུ་བཅུ་གཅིག་པ་ལས། ཡི་གེ་བྷཱུཾ་གྱིས་གནས་བསྒོམ་སྟེ། །ཞེས་བྱ་བས་གཞལ་ཡས་ཁང་བསམས་ལ། དེར་ལེའུ་དང་པོ་ལས། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་གསུངས་པ་འདིས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་སོགས་པའི་གདན་གྱིས་བརྒྱན་ལ་ལེའུ་བརྒྱད་པ་ལས། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །གནས་ནི་བསྐྱེད་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་གསུངས་པས་ལྷག་པར་མོས་པ་ཅན་གྱི་སེམས་ཀྱིས་བདག་ཉིད་རྡོ་རྗེ་འཆད་ཉིད་དུ་གྱུར་ནས། དབུས་ཀྱི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་གནས་པར་བསམས་ནས་ལེའུ་དང་པོ་ལས། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། །སངས་རྒྱས་ཆོགས་ཀྱིས་རབ་ཏུ་རྒྱས། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་གསུངས་པ་འདིས་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་པའི་ཏིང་ངེ་འཛིན་གྱིས་དབང་དུ་བྱས་ཏེ་ལྷག་པར་མོས་པ་ལ་དམིགས་པར་སྟན་པ་ཡིན་ནོ། །ད་ནི་རྣལ་འབྱོར་བཞིའི་རིམ་པ་བརྩམ་པར་བྱ་སྟེ་དེ་ལ་ལེའུ་བདུན་པ་ལས། དམ་ཚིག་ཁུ་ཕྱུང་ཆོག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ནས། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་འདིས་ལྷག་པར་མོས་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་པའི་དེ་བཞིན་གཤེགས་པ་རྣམས་ཕུང་པོ་ལ་སོགས་པར་བསྡུས་ཏེ། གཟུགས་ཕུང་གཏོགས་དང་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་དུ་ཞུགས་ལ། ལེའུ་གསུམ་པ་ལས། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ལེའུ་བརྒྱད་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཞེས་གསུངས་པ་འདིས་ཡེ་ཤེས་རྒྱ་མཚོའི་གཟུགས་སུ་
ཡོངས་སུ་གྱུར་ནས། དེ་ནས་ལྡང་བར་གྱུར་པ་ནི་ཡེ་ཤེས་རྒྱ་མཚོ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཡང་དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་པདྨའི་སྟེང་དུ་ཡི་གེ་གསུམ་བཀོད་དེ། དེ་ཐམས་ཅད་བསྡུས་ཏེ་ཟླ་བའི་དཀྱིལ་འཁོར་འདྲ་བར་ཡོངས་སུ་གྱུར་པར་བལྟས་ལ། དེ་ལས་བྱུང་པའི་འོད་ཟེར་གྱི་འཕྲོ་འདུ་བསྐྱེད་ནས་སེམས་ཅན་གྱི་ཁམས་རྣམས་ཡེ་ཤེས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་དེ་ཉིད་དུ་རྗེས་སུ་བཅུ་ག་ལ་ལེའུ་གསུམ་པ་ལས། ཨོཾ་དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བརྟན་པར་བྱ་བ་འདི་ནི་རྣལ་འབྱོར་ཏེ། དེ་བས་ན། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་མཆོག་གསུམ་ཡི་གེ་སྔགས། །ཕྱག་རྒྱ་ཆེན་པོར་རྣམ་བསྒོམ་པ། །བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་བཀོད་ལ་རྡོ་རྗེ་རྒྱལ་དེ་ལས་བྱུང་བ། །རྡོ་རྗེ་འཆང་ཆེན་པོར་བདག་ཉིད་ཇི་ལྟ་བ་བཞིན་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་ལེའུ་དང་པོ་ལས་གསུངས་པའི་རིག་པའི་སྐྱེས་བུ་གཟུགས་ཅན་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཀྱིས་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས་ན་ལེའུ་བརྒྱད་པ་ལས། ནུ་མའི་བར་ནས་ཀླད་པའི་རྒྱ་བར་དུ། །ཆོག་ཤེས་པས་རྐང་མཐིལ་བར་དུ་དགོད། །ལྟེ་བ་རྐེད་པ་གསང་བར་རྒྱལ་བའི་སྲས། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ལུས་ལ་རྗེས་སུ་ཞུགས་པར་བྱའོ། །དེ་བས་ན་ལེའུ་བཅུ་བདུན་པ་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པ་ཡིན་ནོ། །ད་ནི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རྗེས་སུ་ཞུགས་པས་ཞལ་གསུམ་ལྟ་བུས་གདུལ་བྱ་རྣམས་ཀྱི་དོན་དུ་རྡོ་རྗེ་འཆང་གི་བདག་
ཉིད་དུ་བསྒོམ་པར་བྱའོ། །དོན་འདི་ཉིད་བསྟན་པ་ནི་ལེའུ་དང་པོ་ལས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྔགས་ཀྱིས་བྱིན་གྱིས་བརླབས་སོ། །བྱིང་ཡིས་བརླབས་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏེ་ཞེས་གསུངས་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་རྗེས་སུ་ཞུགས་པས་སྐུ་ལ་སོགས་པའི་རིམ་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །ཧཱུཾ་ཞེས་བྱ་བ་རབ་ཏུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨོཾ་ནི་རྣམ་པར་བསམ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨཱཿ་ཞེས་རྣམ་པར་བསམ། །ཞེས་གསུངས་པ་འདིས་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་ཡི་གེ་གསུམ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་སྤྱན་ལ་སོགས་པའི་ཚོགས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་བཀུག་ལ་ལེའུ་བཅུ་གཉིས་པ་ལས། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ལ་རྗེས་སུའི་ཞུགས་ནས་ལེའུ་བདུན་པ་ལས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་རིགས་གསུམ་གྱི་བདག་ཉི་ཅན་དུ་ང་རྒྱལ་བསྐྱེད་ལ་ལེའུ་དྲུག་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །ལེའུ་དང་པོ་ལས། རྡོ་རྗེ་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་བསྐྱེད་པ་ནི་དམ་ཚིག་སེམས་དཔའ་ཞེས་བྱའོ། །དེ་ནས་ལེའུ་བཅུ་གཉིས་པ་ལས། རྣམ་པ་མཆོག་རྣམས་ཀུན་ལྡན་པའི། །སྙིང་གར་ཡེ་ཤེས་དམ་ཚིག་དང༌། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག །སངས་རྒྱས་ཐམས་ཅད་མཉེས་འགྱུར་བ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །དངོས་གྲུབ་ཐམས་
ཅད་འགྲུབ་པའི་མཆོག །དམ་ཚིག་མཆོག་གིས་རབ་ཏུ་བྱ། །ཞེས་གསུངས་པ་འདིས་དམ་ཚིག་སེམས་དཔའི་སྙིང་གར་ཡེ་ཤེས་སེམས་དཔའ་ས་བོན་གྱིས་དགུག་པ་དང༌། དབུ་རྒྱན་ལ་རང་གི་བདག་པོ་བསྒོམ་མོ། །དེ་ནས་ལེའུ་བཅུ་གཅིག་པ་ལས། སྙིང་གར་ཡི་གེ་ཧཱུཾ་བསམས་ནས། །སེམས་ནི་ཐིག་ལེར་གྱུར་པར་གཞག །ཅེས་གསུངས་པ་འདིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་སྙིང་པོ་ཡི་གེ་ཧཱུཾ་ཏིང་ངེ་འཛིན་སེམས་དཔའ་བསྒོམ་མོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བར་འགྱུར་བར་རབ་ཏུ་བསྟན་པའི་ཕྱིར། ལེའུ་དང་པོ་ལས། འདོད་ཆགས་ཆེན་པོའི་ཚུལ་རྡོ་རྗེ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་པ་དེ་བཞིན་དུ་བསྐྱེད་བཞིན་པ་ལ་གནས་པས་དང་པོའི་སྦྱོར་བ་བྱ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་པས་ཐར་པ་རབ་ཏུ་བསྟན་པའི་ཕྱིར། ལེའུ་བཅུ་བདུན་པ་ལས། འདོད་པ་ཐམས་ཅད་ལོངས་སྤྱོད་པའི། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་གསུངས་པའི་རིམ་པ་འདིས་ལེའུ་བཅོ་ལྔ་པ་ལས་གསུངས་པའི་མཚན་དང་ལྡན་པའི་གདོལ་པའི་བུ་མོ་ལེགས་པར་བསླབས་པའམ། ལང་ན་རང་གི་སྙིང་ག་ནས་ཕྱུངས་ཏེ་མདུན་དུ་བཞག་ལ་ལེའུ་བརྒྱད་པ་ལས། ནུ་མའི་བར་ནས་ཀླད་པའི་རྒྱས་ཀྱི་བར། །ཞེས་བྱ་བ་ལ་སོགས་པ་གསུངས་པས་རིགས་ལྔ་དང་བསྲེ་བ་བྱས་ལ་རྡོ་རྗེ་དང་པདྨ་མངོན་པར་འདུས་བྱས་པས་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་བྱ་སྟེ། ལེའུ་བདུན་པ་ལས་ཇི་སྐད་དུ། བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་ཞེས་པ་དང་ཨཱཿ་ཞེས་པས། །ཧཱུཾ་དང་ཕཊ་དུ་རྣམ་པར་བརྟག །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །པདྨ་རྡོ་རྗེ་བསྒོམ་པར་བྱ། །ཞེས་གསུངས་པ་འདིས་ཐ་མ་ལ་པའི་ང་རྒྱལ་སྤངས་ལ། ཆགས་ཤིང་
ཆགས་པའི་ལྟ་བས་བལྟ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །ཞེས་བྱ་བ་འདིས་ཐབས་ཀྱི་རྡོ་རྗེས་མཉེས་པར་བྱ་ཞིང༌། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ལེའུ་དྲུག་པ་ལས་གསུངས་པའི་རྗེས་སུ་ཆགས་པའི་སྔགས་བརྗོད་ལ་འཁྱུད་པ་དཔའོ་བྱ་བ་དང། གཞིབ་པ་ལ་སོགས་པ་བྱས་ལ་ཡི་གེ་ཧཱུཾ་གི་གླུ་ལེན་ཅིང་ལས་ལ་གནས་པར་བསྒོམ་མོ། །འབྱིན་པའི་སྐབས་སུ་ཕཊ་ཅེས་བརྗོད་ལ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འབྱུང་གནས་སུ་བསྒོམས་ལ་སྔར་བཤད་པའི་གཞལ་ཡས་ཁང་ན་གནས་པར་བྱའོ། །དེ་ནས་དོན་ཡོད་པའི་ང་རྒྱལ་དང་ལྡན་པས་ལེའུ་དྲུག་པ་ལས་གསུངས་པའི་མཆོད་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་གཞུང་འདི་དག་གིས་ནི་དཀྱིལ་འཁོར་གསུམ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ཏེ། བདག་གི་དོན་ཕུན་སུམ་ཚོགས་པ་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །
དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ།
དེ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གསངས་པའི་ཚུལ་གྱིས་མི་བསྐྱོད་པ་ཕྱུང་ལ་དེས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ལ་དེ་བཀུག་ནས་རང་གི་ལུས་ལ་བཅུག་ན་ཞེ་སྡང་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་ནས། དེ་རྣམས་ཀྱིས་གཏི་མུག་ལ་སོགས་པ་ལ་རྗེས་སུ་དགའ་བའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས་བསྡུས་ཏེ། ཡེ་ཤེས་ཀྱི་འཁོར་ལོར་རྗེས་སུ་བཅུག་ལ་སླར་བཀུག་སྟེ་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་འདི་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །
ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་བསྟན་པ།
དེ་ནས་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་ཕྲ་མོའི་སྦྱོར་བའོ། །ལེའུ་བདུན་པ་ལས། སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལ་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་
ལག་མ་ཉམས་བཟླས། །ཞེས་གསུངས་པ་ལ་སོགས་པས་རྡོ་རྗེའི་བཟླས་པ་དྲན་པར་བྱ་སྟེ། ལེའུ་བཅུ་གསུམ་པ་ལས། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་བྱ་བ་དག་གི་བཟླས་བརྗོད་བྱས་ལ་ཉེ་བར་བསྡུ་པར་བྱ་སྟེ། ལེའུ་བཅུ་བདུན་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་དགའ་བས་བསྟོད་པ་ཞེས་བྱ་བ་འདི་ཐམས་ཅད་བྱ་སྟེ། བདག་པོ་རང་ཉིད་དོན་དམ་པའི་བདེན་པ་ལ་ཞུགས་ལ། དེ་ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རབ་ཏུ་བསྐུལ་བ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་བྱ་བའི་བསྟོད་པ་རྣམས་ཀྱིས་མངོན་པར་བསྟོད་པས་ཡང་དག་པར་སད་པར་བྱ་སྟེ། ཆོ་ག་བཞིན་ལེགས་པར་མཆོད་ནས་རང་གི་སྐུ་ལ་ལེགས་པར་གཞུག་པར་བྱའོ། །དེ་ནས་ལེའུ་བཅུ་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་གནས་ཡི་གེ་ཧཱུཾ། །རང་གི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེ་འོད་ཟེར་རབ་ཏུ་འབར། །རྣམ་པར་འཕྲོ་བར་བསམ་པར་བྱ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས། །སྙིང་ལ་དེ་ཡིས་རྣམ་བསྒོམས་ན། །དེ་མ་ཐག་ཏུ་དེ་འགྱུར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་གསུངས་པ་འདིས་ཡི་གེ་ཧཱུཾ་གིས་ནམ་མཁའི་ཁམས་ཡོངས་སུ་གང་བ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་བསམས་ལ་ཉེ་བར་བསྡུ་བར་བྱའོ། །དེ་ལྟར་ལས་དང་པོ་པ་རྣམས་རབ་ཏུ་འཇུག་པའི་དམ་ཚིག་དང་སྡོམ་པ་དང༌། དབང་བསྐུར་བ་ཐོབ་པས་ཐ་མལ་པའི་ང་རྒྱལ་དང་བྲལ་བས་ཐུན་བཞིར་ལྷའི་རྣལ་འབྱོར་ལ་གོམས་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ལས་ཀྱི་རབ་ཏུ་དབྱེ་བ་རྣམས་ཀྱང་བྱའོ། །རིམ་པ་འདི་ཉིད་ཀྱིས་ལེའུ་བཅུ་བདུན་པ་ལས། ལུས་ཀྱི་རྡོ་རྗེ་ཁ་ཟས་དང༌། །ཕྱི་རོལ་རྡོ་རྗེ་འཛིན་པ་དང༌། །རྡོ་རྗེ་ཆོས་ལ་རྟག་པར་ནི། །སྔགས་བཏོན་ཆོ་ག་སྤྱད་པར་བྱ། །ཞེས་གསུངས་པའི་
ཏིང་ངེ་འཛིན་འདིས་སྒྲུབ་པའི་ཐབས་ལས་བཤད་པའི་རིམ་པས་ཁ་ཟས་སྦྱང་བ་དང༌། ལྐོག་མ་སྦྱང་བ་དང༌། སྙིང་ག་སྦྱང་བདག་བྱས་ནས་བདུད་རྩི་ལྔ་ལ་སོགས་པའི་ཟས་ཀྱི་བྱ་བ་དག་ཀྱང་བྱའོ། །དེ་ནས་ལེའུ་བཅུ་པ་ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་གསུངས་པ་འདིས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་རབ་ཏུ་བསྒྲུབ་པའི་ཡི་གེ་གསུམ་གྱི་སྔགས་དང༌། ཕྲེང་བའི་སྔགས་དང༌། གསང་སྔགས་དང༌། སྨན་དང༌། ནང་གི་སྦྱིན་སྲེག་གིས་ཀྱང་ལས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། འདི་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །
མདོར་བསྡུས་ནས་བཤད་པ།
དེ་ལྟར་མདོ་དང་བསྲེས་པ་རྒྱས་པར་བསྟན་ནས། ད་ནི་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གནས་ངེས་པ་དང༌། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། སྟོང་པ་ཉིད་ལ་དམིགས་པ་དང༌། སའི་ཆ་བསྐྱེད་པ་དང༌། གཞལ་ཡས་ཁང་དང༌། དཀྱིལ་འཁོར་དགོད་པ་དང༌། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང༌། ལྡང་བ་དང༌། ཉི་མའི་དཀྱིལ་འཁོར་ལོ་དམིགས་པ་དང༌། མཐར་ཟླ་བའི་དཀྱིལ་འཁོར་དང༌། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང༌། སྔགས་ཀྱི་བྱིན་གྱིས་བརླབ་པས་ཕུང་པོ་ལ་སོགས་པ་དགང་བ་དང༌། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དང་ལྡན་པའི་འདུས་བྱས་པ་དང༌། རྡོ་རྗེ་དང་པདྨ་འདུས་བྱས་པ་དང། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབས་པ་དང༌། དཀྱིལ་འཁོར་ཕྱུང་བ་དང༌། ཕྲ་མོའི་སྦྱོར་བ་དང༌། རྡོ་རྗེའི་བཟླས་པ་དང༌། ངག་གི་བཟླས་པ་དང༌། དོན་དམ་པ་ལ་ཞུགས་པ་དང༌། རབ་ཏུ་བསྐུལ་བས་བསླང་པ་དང༌། བསྟོད་པ་བྱེད་པ་དང༌། ཉེ་བར་བསྡུ་བ་དང༌། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་སྒྲུབ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།