Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  expand section
   
དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ།  མི་གནས་རྡོ་རྗེ།
  expand section
  expand section
  expand section
   
  expand section
  expand section
   
   
   


 
previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ། མི་གནས་རྡོ་རྗེ།next

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ།
མི་གནས་རྡོ་རྗེ།


DTG036_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་དེ་ཝ་མཎྜལ་ཀཱ་ཡ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཁམས་གསུམ་ལས་གྲོལ་དངོས་ཉིད་སྐུ། །དག་ཅིང་རབ་ཞི་རྣལ་འབྱོར་ཡུལ་གྱུར་པ། །མཉམ་མེད་བདེ་བས་བརྒྱན་པ་འགྲོ་བའི་མགོན། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་བསྟོད་པར་བགྱི། །ཞལ་གསུམ་ཕྱག་དྲུག་བཻ་ཌཱུ་ཪྻ་ལྟར་དངས་། །དཀར་དམར་གཡས་པ་རྡོ་རྗེ་འཁོར་ལོ་དང༌། །པདྨ་དྲིལ་བུ་རིན་ཆེན་རལ་གྲི་འཛིན། །མི་བསྐྱོད་རྡོ་རྗེ་གཙོ་ལ་ཕྱག་འཚལ་ལོ། །རབ་དཀར་གཡས་ནི་མཐིང་ག་གཡོན་དམར་ཞལ། །ཕྱག་གཡས་འཁོར་ལོ་རྡོ་རྗེ་པདྨ་འཛིན། །གཡོན་པས་དྲིལ་བུ་རིན་ཆེན་རལ་གྲི་བསྣམས། །རྡོ་རྗེ་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །མཐིང་དང་དཀར་བའི་ཞལ་དབུས་གསེར་གྱི་མདོག །ནོར་བུ་རྡོ་རྗེ་འཁོར་ལོ་གཡས་ན་འཛིན། །དྲིལ་བུ་པདྨ་རལ་གྲིས་ཕྱག་གཡོན་བརྒྱན། །རྡོ་རྗེ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །རབ་ཆགས་དྲག་པོ་ཞི་


DTG036_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞལ་མངའ་བ། །པདྨ་ཁ་འབྱེད་རྡོ་རྗེ་འཁོར་ལོ་དང༌། །གཡོན་པ་དྲིལ་བུ་པད་སྡོད་རིན་ཆན་གྲི། །མཐའ་ཡས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །དབུས་ལྗང་གམས་མཐིང་གཡོན་པ་དཀར་བའི་ཞལ། །རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །དྲིལ་བུ་པད་ལྗང་ནོར་བུ་ཕྱག་ན་བསྣམས། །དོན་གྲུབ་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །དབུས་ཞིག་གཡས་དྲག་གཡོན་པ་དབང་གི་ཞལ། །འཁོར་ལོ་རྡོ་རྗེ་ཨུཏྤལ་གཡས་ན་འཛིན། །གཡོན་པའི་ཕྱག་ན་དྲིལ་བུ་རིན་ཆེན་གྲི། །ནད་ཞི་ལྷ་མོ་སྤྱན་ལ་ཕྱག་འཚལ་ལོ། །ཆར་སྤྲིན་ལྟ་བུའི་གཡས་གཡོན་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་དེ་བཞིན་ཨུཏྤལ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན་ན་འཛིན། །བགེགས་འཇོམས་མཱ་མ་ཀཱི་ལ་ཕྱག་འཚལ་ལོ། །དམར་མཐིང་དཀར་བའི་ཞལ་གསུམ་གོ་རིམས་བཞིན། །པད་སྡོང་དྲིལ་བུ་རིན་ཆེན་རལ་གྲི་གཡོན།། གཡས་པས་ཁ་འབྱེད་རྡོ་རྗེ་འཁོར་ལོ་འཆང༌། །གདོན་འཇོམས་གོས་དཀར་ཅན་ལ་ཕྱག་འཚལ་ལོ། །ལྗང་མཐིང་དཀར་བའི་དབུས་དང་གཡས་གཡོན་ཞལ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་ཨུཏྤལ་དང༌། །དྲིལ་བུ་རིན་ཆེན་རལ་གྲི་རྟག་ཏུ་འཛིན། །འགྲོ་ཀུན་དབང་མཛད་སྒྲོལ་མར་ཕྱག་འཚལ་ལོ། །སྤྱན་དང་སྐུ་མདོག་ཕྱག་མཚན་མཚུངས་པ་ལ། །ཁྱད་པར་གཟུགས་ཕུང་གསལ་བའི་མེ་ལོང་འཛིན། །མཆོག་གཟུགས་མཆོད་པས་མགོན་ཀུན་མཉེས་མཛད་མ། །རྡོ་རྗེ་གཟུགས་མེད་ལ་ཕྱག་འཚལ་ལོ། །རྩ་བའི་ཕྱག་གཉིས་རྒྱུད་མངས་སྒྲ་སྒྲོགས་ཤིང༌། །སྐུ་དང་ཕྱག་རྒྱ་གཞན་ནི་བདག་མ་མཚུངས། །མཚུངས་མེད་སྒྲ་ཡིས་སྐྱོབ་རྣམས་རབ་མཆོད་མ། །རྡོ་རྗེ་སྒྲ་མ་དེ་ལ་ཕྱག་འཚལ་ལོ། །གོས་དཀར་ལྷ་མོ་ཇི་བཞིན་གསལ་བ་ལ། །མཆོག་ཏུ་རྩ་བའི་ཕྱག་གཉིས་དུང་ཆོས་འཛིན། །སངས་རྒྱས་རྣམས་ནི་དྲི་ཡིས་ཚིམ་མཛད་མ། །རྡོ་རྗེ་དྲི་མ་དེ་ལ་ཕྱག་འཚལ་ལོ། །ཞལ་གསུམ་ཕྱག་དྲུག་སྒྲོལ་མ་ལྟ་བུ་ལ། །མཚུངས་མེད་རོ་མཆོག་དག་པའི་སྣོད་འཆད་ཞིང༌། །མཁའ་ཁྱབ་རྒྱལ་བ་རོ་ཡིས་མཉེས་མཛད་མ། །རྡོ་རྗེ་རོ་མ་དེ་ལ་ཕྱག་འཚལ་ལོ། །སྔོ་སྐྱ་དཀར་དང་


DTG036_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པའི་ཞལ་གསུམ་མངའ། །དཀྱིལ་འཁོར་བདག་པོ་ཇི་བཞིན་ཕྱག་རྒྱ་གསལ། །བདེ་ཆེན་རེག་མཆོག་རྣམས་ཀྱིས་མགོན་མཆོད་མཛད། །རྡོ་རྗེ་རེག་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཞལ་དང་སྐུ་མདོག་ཕྱག་མཚན་རྣམས། །གཏི་མུག་རྣམ་པར་སྤྱོད་དང་མཚུངས་པ་ལ། །ཕྱག་གཡས་ཀླུ་ཤིང་མེ་ཏོག་མཛེས་པ་འཛིན། །རྡོ་རྗེ་བྱམས་པ་མགོན་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་མེ་ལོང་ཡེ་ཤེས་ཅན། །དེ་དང་སྐུ་མདོག་ཕྱག་མཚན་ཁྱད་མེད་ཅིང༌། །མིག་དབང་ཐོགས་མེད་རྡོ་རྗེ་སྩོལ་མཛད་པ། །རྡོ་རྗེ་ས་སྙིང་པོ་ལ་ཕྱག་འཚལ་ལོ། །ང་རྒྱལ་སྦྱོང་མཛད་མགོན་པོ་ལྟ་བུའི་སྐུ། །ཞལ་གསུམ་ཕྱག་དྲུག་ཕྱག་རྒྱ་དྲུག་དང་ལྡན། །སྒྲ་གསུམ་ཐོགས་མེད་མི་ཕྱེད་རང་བཞིན་ཉིད། །ཕྱག་ན་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །ཚོར་བདག་མཉམ་ཉིད་ཡེ་ཤེས་མངའ་བརྙེས་པའི། །རྒྱལ་བ་ཇི་བཞིན་སྐུ་ཡི་ཕྱག་རྒྱ་འཆང༌། །སྣ་དབང་རང་ཞི་མི་ཕྱེད་རང་བཞིན་སྐུ། །རྡོ་རྗེ་མཁའ་སྙིང་དེ་ལ་ཕྱག་འཚལ་ལོ། །ཞལ་མདོག་ཕྱག་དང་དེ་བཞིན་མཚན་མ་རྣམས། །འདོད་ཆགས་སྦྱོང་བར་མཛད་པའི་མགོན་པོ་བཞིན། མི་ཐོགས་མི་ཕྱེད་དབང་རབ་སྩོལ་བ། །རྡོ་རྗེ་འཇིག་རྟེན་དབང་ལ་ཕྱག་འཚལ་ལོ། །འདུ་ཤེས་རྣམ་དག་ཀུན་རྟོག་ཡེ་ཤེས་ལ། །མངའ་བརྙེས་སྐྱོབ་པ་ལྟ་བུའི་ཆ་ལུགས་ཅན། །ཆགས་ཐོགས་མི་མངའ་མི་ཕྱེད་ཤེས་རབ་ཉིད། །རྡོ་རྗེ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལོག་པའི་དང་ཅན་སྦྱོང་མཛད་བཅོམ་ལྡན་འདས། །ཇི་བཞིན་སྐུ་ཡི་རྣམ་པར་འཕྲུལ་བཀོད་ནས། །མི་ཕྱེད་རྡོ་རྗེའི་སྐུ་མཆོག་རང་བཞིན་ཅན། །རྡོ་རྗེ་སྒྲིབ་ཀུན་སེལ་ལ་ཕྱག་འཚལ་ལོ། །གང་ཞིག་སྐུ་ནི་འདུ་བྱེད་རྣམ་དག་ནས། །བྱ་གྲུབ་ཡེ་ཤེས་མངའ་བརྙེས་དང་མཚུངས་ཏེ། །ཤེས་དང་ཤེས་བྱ་རབ་ཞི་འོད་གསལ་དག །རྡོ་རྗེ་ཀུན་དུ་བཟང་པོར་ཕྱག་འཚལ་ལོ། །འབར་བའི་དབུས་བཞུགས་གནག་དཀར་དམར་ཞལ་ཁྲོ། །དབྱུག་པ་འཁོར་ལོ་རྡོ་རྗེ་གཡས་ན་འཛིན། །སྡིགས་མཛུབ་ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །རྡོ་རྗེ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །མདོག་དཀར་གནག་


DTG036_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམར་པོ་གཡས་གཡོན་ཞལ། །ཕྱག་དྲུག་རྡོ་རྗེ་དབྱུག་པ་སྡིགས་མཛུབ་ཞགས། །དྲིལ་བུ་དགྲ་སྟ་འཛིན་མཛད་ཁྲོ་ཆེན་སྐུ། །རྡོ་རྗེ་གཞན་གྱིས་མི་ཐུབ་ཕྱག་འཚལ་ལོ། །ཁྲོ་རྒྱལ་གང་ཞིག་དམར་གནག་དཀར་བའི་ཞལ། །པདྨ་རལ་གྲི་གཏུན་ཤིང་གཡས་པས་འཛིན། །གཡོན་པ་བསྙེམས་བཅས་དྲིལ་བུ་དགྲ་སྟ་ཞགས། །རྡོ་རྗེ་རྟ་མགྲིན་དེ་ལ་ཕྱག་འཚལ་ལོ། །དབུས་གནག་གཡས་དཀར་གཡོན་པ་དམར་བའི་ཞལ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་དང༌། །སྡིགས་མཛུབ་དྲིལ་བུ་དགྲ་སྟ་འཆང་བྱེད་ཁྲོ། །རྡོ་རྗེ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །གནག་དམར་དཀར་ཞལ་རབ་ཏུ་བཞད་མཛད་ཅིང༌། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས་ན་འཛིན། །སྡིགས་མཛུབ་དགྲ་སྟ་ཞགས་པ་གཡོན་ན་བསྣམས། །རྡོ་རྗེ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་མཐིང་གནག་དཀར་དང་དམར་བའི་ཞལ། །རྩ་བའི་ཕྱག་གཉིས་ཧཱུཾ་མཛད་ཕྱག་རྒྱ་མཛད། །རྡོ་རྗེ་རལ་གྲི་ཞགས་པ་ལྕགས་ཀྱུ་འཛིན། །རྡོ་རྗེ་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །སྔོ་དམར་དཀར་བའི་ཞལ་མངའ་ཁྲོ་རྒྱལ་ནི། །དབྱུག་པ་རལ་གྲི་འཁོར་ལོ་གཡས་ན་འཛིན། །སྡིགས་མཛུབ་རལ་གྲི་དགྲ་སྟ་གཡོན་ན་མདའ། །རྡོ་རྗེ་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །གཏུམ་ཆེན་གནག་དམར་དཀར་བའི་ཞལ་གསུམ་མངའ། །དབྱུག་པ་རལ་གྲི་འཁོར་ལོ་ཕྱག་གཡས་འཛིན། །སྡིགས་མཛུབ་རལ་གྲི་དགྲ་སྟ་གཡོན་ན་བསྣམས། །རྡོ་རྗེ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །སྡོ་དམར་དཀར་བའི་ཞལ་མངའ་ཁྲོ་བོའི་གཙོ། །རྩ་བའི་ཕྱག་གཉིས་སྤྱི་བོར་གཙུག་ཏོར་འཛིན། །གཞན་རྣམས་རྡོ་རྗེ་པདྨ་སྡིགས་མཛུབ་གྲི། །རྡོ་རྗེ་གཙུག་ཏོར་རྒྱལ་ལ་ཕྱག་འཚལ་ལོ། །གནག་དམར་དཀར་བའི་ཞལ་ལྡན་ཁྲོ་རྒྱལ་ནི། །རྡོ་རྗེ་འཁོར་ལོ་ནོར་བུ་ཕྱག་གཡས་འཆང༌། །གཡོན་པ་སྡིགས་མཛུབ་ཞགས་པ་པདྨ་གྲི། །རྡོ་རྗེ་གནོད་མཛེས་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་མཚོར་གནས་ལྷ་སྐུའི་མེ་ཏོ་གསུམ་ཅུ་རྩ་གཉིས་ལ། །རབ་དང་བུང་བས་བསྟོད་པའི་ལྕེས་བླངས་དགེ་ཆེན་སྦྲང་རྩི་


DTG036_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །འགྲོ་བ་དངོས་འཛིན་རླུང་ནད་གཟེར་བ་རྣམས་ཀྱིས་ལེགས་བསྟེན་པས། །ཉོན་མོངས་གདུང་བསལ་གཞན་དོན་མདངས་རྒྱས་ཡེ་ཤེས་སྐུ་ཐོབ་ཤོག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་མི་གནས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱཪྻ་ཤྲདྡྷཱ་ཀ་ར་ཝརྨ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བ་ནྡེ་རིན་ཆེན་བཟད་པོས་བ་སྒྱུར་བའོ།།


previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ། མི་གནས་རྡོ་རྗེ།next