Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དགུ་པ།


  collapse section
   
   
   
   
   
   
   
   
   
   
ལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།next

ལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།


DTG039_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་ལ་གཞོལ་ཞིང་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པའི་རྣལ་འབྱོར་བས། དབྱེ་བའི་སྒོ་ནས་ཉམས་འོག་ཏུ་མ་ཆུད་པ་དང་རང་གི་ལྷའི་སྙིང་བོ་བསྐུལ་བའི་ཕྱིར་དེའི་ཐབས་ཞུས་པ། དེ་རྣམས་བྱ་བ་ལ་སོགས་པའོ། །ཡང་འདུས་ཏེ་ཞེས་བ་ནི་ལེའུ་དང་པོ་ལ་སོགས་པའི་རིམ་པས་སོ། །གཞན་ནི་བཤད་ཟིན་ཏོ། །སྔགས་ཀྱི་སྙིང་པོས་ཀུན་དུ་འདུས་པ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ནི་སྔགས་ཏེ། དེའི་སྙིང་པོ་ནི་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་ཡི་གེ་གསུམ་མོ། །དེ་ཉིད་དུ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེ་གང་ཞེ་ན་སྐུ་དང་གསུང་དང་ཐུགས་གསང་བ་བསྒྲགས་ཞེས་སོ། །དེ་གང་ལ་དགོས་ཤེ་ན། དངོས་གྲུབ་ཆེན་པོ་ཞེས་ཏེ་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་བ་ནི་ཕྱག་རྒྱ་ལས་སྐྱེས་པའི་དངོས་གྲུབ་པས་ན་ཆེན་པོའོ། །དེའི་ཚུལ་ནི་ཐབས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའོ། །གཞན་ལས་ཁྱད་པར་དུ་འགྲུབ་པའི་ཕྱིར་ན་མཆོག་གོ །མི་འགྱུར་བའི་དེ་ཉིད་རྙེད་པ་ལས་མི་གཡོ་བས་ན་དེ་ཉིད་དེ་བཤད་དུ་གསོལ་ཞེས་པའོ། །དེའི་ལན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པའོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་ཞེས་པ་ནི་རང་བཞིན་གྱིས་ཉོན་མོངས་པ་སྟེ། སྲིད་པ་གསུམ་མོ། །དེ་ཉིད་འདོད་ཆགས་ལ་སོགས་པའི་ཆུ་སྲིན་དང༌། ལས་ལ་སོགས་པའི་རྦ་རླབས་དང༌། སྐྱེ་བ་ལ་སོགས་པའི་ཀློང་འཁྱིལ་བ་དང་ལྡན་པས་ན་རྒྱ་མཚོའོ། །དེར་བྱིང་བའི་འགྲོ་བ་ལ་ཆོས་སྟོན་པའི་ཕྱག་བརྐྱང་ནས་འདོན་པས་ན་གཙོ་བོའོ། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའི་།ལྕགས་ཀྱུ་འཕྲོ་བས་འབར་བའོ། །ཁྲོ་བོའི་ཆ་ལུགས་འཆང་བས་སྤྱན་རྣམ་པར་བགྲང་བའི་ཕྱིར་དྲག་པོ་རྒྱས་པའི་སྤྱན་ཞེས་བྱ་སྟེ། དྲག་ཤུལ་གྱི་གནས་སྐབས་སུ་ཐམས་ཅད་ཁྲོ་བོར་བསྟན་པའི་ཕྱིར་རོ། །ལུས་དང་ངག་དང་སེམས་རྣམས་ནི། །ཞེས་པ་ནི་ཅུང་ཟད་དག་པའི་སྐུ་ཅན་གྱི་རྣལ་འབྱོར་བའིའོ། །དེ་ཅི་ཞེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྒོམ་ཞེས་སོ། །ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་ཅེས་ཏེ་ཐ་མལ་པའི་གཟུགས་ལ་སོགས་པར་རོ། །དེ་ལ་དམིགས་པ་ལ་སོགས་པའི་རྣམ་པར་ཤེས་པས་མི་དམིགས་པ་སྟེ་གཟུང་འཛིན་དང་བྲལ་བའོ། །དེ་བས་ན། གང་ལ་མི་གནས་མཉམ་པ་ཉིད། །ཅེས་ཏེ། མཉམ་པ་ཉིད་ནི་ཉི་ཚེ་བ་མ་ཡིན་ཏེ། རྟེན་དང་བརྟེན་པ་པོ་


DTG039_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉམ་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་སྐུ་གསུང་ཐུགས་བསྒོམ་པ་དང་ལྡན་པས་སྙིང་པོ་བསྐུལ་པར་བསྟན་ནས། ད་ནི་སྙིང་པོ་བསྐུལ་བའི་རྒྱུ་སྟོན་པས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རང་བཞིན་གྱིས་དག་པ་ཞེས་པ་ནི་གདོད་ནས་མ་སྐྱེས་པ་སྟེ་གཉེན་པོ་སྐྱེས་ནས་མ་ཡིན་པའོ། །དེ་ཉིད་ཕ་རོལ་ཏུ་ཕྱིན་པ་སྟེ། རང་བཞིན་གྱི་ཤེས་རབ་པོ། །དེ་ཉིད་སྔགས་ཀྱི་ཚུལ་ཏེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །དེ་ལ་རྡོ་རྗེ་འཛིན་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་པའོ། །མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་རང་རང་གི་ཁམས་རྣམ་པར་གནས་པ་རྣམས་སོ། །དེ་ཉིད་ཀྱང་རིག་པ་ཞེས་ཏེ་ཞི་བ་ལ་སོགས་པའི་སྒོ་ནས་བསྐུལ་བས་དེ་དང་དེའི་བྱེད་པའི་ཕྱིར་ན་རིག་པའོ། །དེ་བས་ན་དེ་བསྐུལ་བར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ། སོ་སོ་ཞི་བ་སོགས་བསྐུལ་བས། །ལས་བྱེད་པ་ནི་རིགས་པར་གསུངས། །ཞེས་འཇིག་རྟེན་སྒྲོན་མ་ལས་བཤད་དོ། །དེ་ལྟ་བུའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཞེས་སོ། །ཅི་བྱེད་ཅེ་ན་སེམས་ཅན་གྱི་དོན་བྱེད་པའི་རོལ་པ་རབ་ཏུ་སྟོན་པ་ཡོད་དེ་ཞེས་ཏེ། སེམས་ཅན་རྣམས་སྨིན་པ་དང་གྲོལ་བ་ལ་བརྩོན་འགྲུས་དང་ལྡན་པ་ཡོད་ཀྱང་ཞེས་སོ། །ཕྱོགས་བཅུའི་འཇིག་རྟེན་ན་གང་ཟག་འདི་ལྟ་བུ་ལ་མི་གཟིགས་ཞེས་པའོ། །ཇི་ལྟ་བུ་ཞེ་ན། འདོད་པའི་ཡོན་ཏན་ལྔ་དག་གིས་རོལ་དགྱེས་པ་ཡོངས་སུ་སྤྱོད་པ་ཡོད་ཀྱང་ཞེས་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་རྣལ་འབྱོར་པ་ལྷ་མོའི་གཟུགས་ལ་སོགས་པ་ལ་ཟླ་བ་དྲུག་ལ་སོགས་པའི་རིམ་པ་དང་རབ་ཏུ་སྤྱོད་པ་ཡོད་པའོ། །དེ་ལ་མི་གཟིགས་པའི་རྒྱུ་གསུངས་པ། ཀྱེ་མ་ཞེས་པ་ལ་སོགས་པའོ། །ཀྱེ་མ་ཞེས་པ་ནི་མ་མགུ་བའོ། །འདི་དག་ནི་ཞེས་པ་ནི་སྒྲུབ་པ་པོ་དེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྔགས་ཏེ། དེའི་སྤྱོད་པ་ནི་དཀྱིལ་འཁོར་ལ་སོགས་པ་བདུན་ལ་འཇུག་པའོ། །དེ་ཉིད་ལ་ཚུལ་ཞེས་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་འཛིན་པའི་ཕྱིར་ན་ཆོས་སོ། །དེ་རྫོགས་པར་གྱུར་ཏོ་སྙམ་པ་ནི་དགོངས་པ་སྟེ། གང་གི་ཚེ་རྣམ་པར་རྟོག་པ་ལ་སྤྱོད་པའོ། །དེའི་


DTG039_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རྣལ་འབྱོར་པ་དག་པར་མི་འགྱུར་ཏེ་རྣམ་པར་རྟོག་པའི་རྦ་རླབས་མ་འཕྲོས་པས་གཞན་ལ་ཐུགས་ཡེངས་པ་ལྟར་མི་དགོངས་ན་སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་པའོ། །དེ་ལ་རྡོ་རྗེ་འཆང་ཆེན་པོ་སྤྱན་རས་ཀྱིས་འཚོ་བའི་ཐབས་ཀྱི་སྙིང་པོ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཐམས་ཅད་ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་ཐུགས་ཏེ་དེ་སྒྲུབ་པ་པོ་ལ་དགོངས་པར་བྱ་བའི་ཕྱིར་ཀུན་དུ་སྐུལ་བར་བྱེད་པ་ནི་སྙིང་པོའོ། །ཇི་ལྟ་བུ་ཞེ་ན། དེ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས་ནི་སྐུའི་སྒོ་ནས་དག་པའི་ཨོཾ་གསུངས་ཏེ། སྐུ་དང་མི་འབྲལ་བ་ཉིད་ཀྱི་ཕྱིར་ན་གཉིས་ཀྱང་གསུངས་པའོ། །དེ་བཞིན་དུ་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པས་ནི་ཐུགས་ཀྱི་སྒོ་ནས་དག་པའི་ཧཱུཾ་གསུངས་སོ། །ཆོས་འཛིན་པ་ཞེས་པ་ལ་སོགས་པ་ནི་གསུང་གི་སྒོ་ནས་དག་པའི་ཨཱཿགྶུངྶ་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་པ་ནི་རྡོ་རྗེ་འཆང་བ་ལས་རྣམ་པར་བསྒྱུར་བའི་དབྱེ་བས་གོ་རིམས་བཞིན་དུ་ཕྱུང་བའོ། །ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་པ་ནི་ཚིག་གི་བརྗོད་པ་མེད་པའི་ངོ་བོ་ལ་རྣམ་པར་འགྱུར་བའི་དབྱེ་བས་བཅོམ་ལྡན་འདས་མ་གནས་སུ་ཞུགས་པས་སྔགས་བསྡུས་པ་སྟེ། ཡི་གེ་ལྔའི་ངོ་བོ་གསུངས་སོ་ཞེས་པའོ། །དེའི་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །སྲས་ནི་དེའི་རིགས་ལས་སྐྱེས་པ་སྟེ། རབ་ཏུ་འདར་ཞིང་བརྒྱལ་བར་འགྱུར། །ཞེས་པ་ནི་སྒྲུབ་པ་པོ་ལ་མི་གཟིགས་པ་སྔགས་དེས་དམ་ཚིག་ལས་བསྙེངས་པའི་འཇིགས་པ་ཡོད་པས་ན་དི་ལྟར་འགྱུར་བའོ། །དེ་ནས་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནས་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་སྦྱར་རོ། །དེ་བས་ན་གོང་གི་སྔགས་དེའི་ལྷའི་རྣལ་འབྱོར་དུ་གནས་པས་དེ་འདྲ་བའི་མཐུ་དང་ལྡན་པའི་བར་དུ་འགྱུར་རོ་ཞེས་ཇི་སྙེད་པའོ། །དེ་ནས་ཟླ་བ་གཉིས་གཅིག་ཏུ་གྱུར་པའི་དེ་མ་ཐག་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་དང་ལྡན་པས་ཆོག་གཉིས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་ལས་གྱུར་ཅིང་དེ་ཕྱག་ན་གནས་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །མི་འདའ་བས་ན་དམ་


DTG039_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གོ །ནམ་མཁའི་དབྱིངས་ཞེས་པ་ནི་ཆོས་འབྱུང་བའོ། །དེའི་དབུས་ལ་གནས་པར་ཞེས་སོ། །བཀོད་པའི་དཀྱིལ་འཁོར་ཞེས་པ་ནི་སངས་རྒྱས་ཐམས་ཅད་བཀོད་པའི་ངོ་བོ་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་པ་བསྒོམ་པར་བྱ་ཞེས་སོ། །དེའི་དབུས་ན་གནས་པའི་ཡི་གེ་ཧཱུཾ་ཞེས་པ་ནི་དེའི་དབུས་ཀྱི་གདན་ལ་ཟླ་བ་གཅིག་པ་འོད་ཟེར་འཕྲོ་ཞིང་འདུ་བའི་སྦྱོར་བ་ལས་ཧཱུཾ་དཀར་པོར་གྱུར་པ་སྟེ་ཆོ་ག་གཉིས་པའོ། །རང་གི་གཟུགས་སུ་རབ་ཏུ་བརྟག །ཅེས་པ་ནི་དེ་ཉིད་འོད་ཟེར་འཕྲོ་ཞིང་འདུ་བས་རང་ལས་འབྱུང་བའི་གཟུགས་སུ་བརྟག་པའོ། །དེ་གང་ཞེ་ན། རྡོ་རྗེ་འོད་ཟེར་རབ་ཏུ་འབར། །ཞེས་ཏེ་མེ་ཤེལ་ལྟ་བུ་བུམ་པ་དམར་སྐྱ་བ་གཟུགས་ལ་སོགས་པ་དང༌། རྟག་པ་ལ་སོགས་པའི་རྣམ་པར་དག་པའི་ཕྱིར་འོག་དང་གོང་གི་ཚུལ་རྩེ་ལྔ་དང་ལྡན་པ། བུམ་པ་ལ་ཡང་ཧཱུཾ་དང་ལྡན་པ། ཕྱོགས་ཀུན་ནས་ཐུབ་པའི་དབང་པོའི་སྐུའི་འོད་ཟེར་འཕྲོ་བ་རྣམ་པར་བསམ་པ་ནི་ཆོ་ག་གསུང་པའོ། །དེས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱང་བསྟན་པའོ། །ལེའུ་བཅུ་གསུམ་པའི་ང་རྒྱལ་བྱ་བའི་དེ་མ་ཐག་ཏུ། ལེའུ་དང་པོ་གསང་བ་ལས་བྱུང་བ་བསྟན་པའི་ཕྱིར་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེས་པ་ནི། ས་བོན་གྱི་འོད་ཀྱིས་རེག་པའི་སངས་རྒྱས་རྡོ་རྗེ་འཛིན་པའི་སྐུར་བྱས་པ་ནི་རྡོ་རྗེ་གསུམ་ལས་མི་འདའ་བའི་ཕྱིར་ན་དེ་སྐད་དེ་རྡོ་རྗེ་སེམས་དཔའ་ལས་བྱུང་བའོ། །ཇི་ལྟར་བྱུང་ཞེ་ན། བསྡུས་ཏེ་དེ་ཡིས་རྣམ་བསྒོམས་ན། །ཞེས་ཏེ་འོད་ཟེར་གྱི་ལྕགས་ཀྱུས་དེ་རྣམས་བཀུག་སྟེ། ས་བོན་ལ་བཅུག་པ་ནི་བསྒོམ་པའོ། །དེ་མ་ཐག་ཏུ་ཞེས་པ་ནི་ཞུགས་མ་ཐག་ཏུའོ། །དེ་གྱུར་པ་ཞེས་པ་ནི་ཧཱུཾ་དང་ལྡན་པའི་རྡོ་རྗེ་གནས་གྱུར་པ་ཞེས་སོ། །དེ་ཅིར་འགྱུར་ཞེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་པ་ལྟ་བུ་རྡོ་རྗེ་སེམས་དཔའ་ཞེས་ཏེ་རྡོ་རྗེའི་ངོ་བོ་དང་ལྡན་པ་མཛེས་པར་བྱེད་པས་ན་རྒྱལ་པོ་ཆེའོ། །ལྷ་ཐམས་ཅད་ཀྱི་སྣང་བར་བྱེད་པའི་རྐྱེན་དུ་གྱུར་པས་ན་ཀུན་གྱི་གཙོ་བོའོ། །ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དབང་ཕྱུག་མཆོག་སྟེ་ལེའུ་དང་པོ་ལས་གསུངས་པ་ལྟར་བསྒོམ་པར་བྱའོ་ཞེས་སོ། །ད་ནི་ཟླ་བར་ཞུ་པའི་ཆོ་ག་རྫོགས་


DTG039_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་མ་ཐག་ཏུ་རང་གི་ས་བོན་ལས་རང་གི་འཁོར་ལོ་བསྐྱེད་པ་ཆོ་ག་གཉིས་པ་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །རང་གི་འཁོར་ཞེས་པ་ནི་རང་གི་ལྷའི་འཁོར་ལོའོ། །རང་སྔགས་ཀྱི་ཞེས་པ་ནི་གཙོ་བོའི་སྙིང་པོ་ཁོ་ན་བསྐྱེད་པ་སྟེ་རང་རང་གི་ས་བོན་གྱིས་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལས་མི་འབྱུང་བའི་ཕྱིར་དང༌། སྔགས་གཅིག་བཟླས་པས་ཐམས་ཅད་མ་བཟླས་པའི་སྐྱོན་ཡིན་པས་ན་དབྱེ་བ་ཉེ་བར་བླངས་པའོ། །སྔགས་རྣམས་ནི་ལྷ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིན་ཞེས་ཏེ། གཙོ་བོ་ལས་བྱུང་བ་བསྟན་པའི་ཕྱིར་རོ། །ད་ནི་གོང་དུ་གསུངས་པའི་བསྐུལ་བའི་སྔགས་དང་འབྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ཐབས་གསུངས་པ། རང་སྔགས་ཞེས་པ་ལ་སོགས་པའོ། །རང་གི་སྔགས་ལས་སྐྱེས་པའི་སྐྱེས་བུ་ནི་ལྷ་རྣམས་ཏེ། ཇི་བཞིན་པའི་ཆོ་གས་བསྒོམས་ནས་སུ་ཞེས་སོ། །དེ་རྣམས་ཀྱི་གནས་བཞི་རྣམས་སུ་ཞེས་ཏེ། མགོ་དང་མགྲིན་པ་དང་ནུ་མའི་བར་དང་ཐུགས་ཀ་རྣམས་སུའོ། །ཇི་ལྟ་བུ་ཞེ་ན། གཟུགས་ཀྱི་ཚུལ་ཏེ་འདོད་ཆགས་ལ་སོགས་པའི་གཟུགས་ཏེ་དེ་ཡང༌། ཞལ་གསུམ་ཚུལ་དུ་སྦྱོར་བ་ཡིས། །ཞེས་ཏེ་རིག་མ་དང་ལྡན་བར་དཀར་པོ་ལ་སོགས་པའི་ཁ་དོག་གསུམ་དུ་བསྒོམ་མོ་ཞེས་སོ། །དེ་རྣམས་ཀྱིས་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་བཞི་གསུངས་སོ། །རྡོ་རྗེ་གསུམ་དང་ཡེ་ཤེས་སེམས་དཔའ་ནི་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེའི་དམ་ཚིག་གོ །མདོར་བསྡུས་པ་དེ་རྟོགས་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་པ་རྒྱས་པར་གསུངས་པ། རྡོ་རྗེ་མཆོག་ནི་རྡོ་རྗེ་གསུམ་མོ། །དེའི་གསང་བ་ནི་དེ་བསྐྱེད་པའི་ཆོ་གའོ། །ཇི་ལྟར་ཞེ་ན། སྙིང་གའི་ཞེས་པ་ལ་སོགས་པའོ། །དེ་ལ་སྙིང་གའི་ཞེས་པ་ནི་མཚོན་པ་ཙམ་སྟེ་གཞན་ཡང་བསྡུའོ། །དེ་རྣམས་སུ་ས་བོན་ལས་བྱུང་བའི་མཚན་མའི་དབུས་སུ་ཞེས་སོ། །ཕྲ་མོའི་དཀྱིལ་འཁོར་ཞེས་པ་ནི་ཕྱག་རྒྱ་བཞི་སྟེ། ས་བོན་དང་མཚན་མ་ཕྲ་མོ་ལས་བསྐྱེད་པའི་ཕྱིར་རོ། །དེ་བསམས་ལ་ཡི་གེ་མཆོག་ཏུ་གྱུར་པའི་ཚིག་ནི་རང་རང་གི་ས་བོན་ནོ། །དེའི་དབུས་སུ་ཞེས་པ་ནི་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དབུས་སུ་རང་གི་ས་བོན་བསམ་པར་བྱ་ཞེས་སོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོ་རྩེ་ལྔ་


DTG039_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་ཏེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཐ་མལ་པ་མ་ཡིན་པས་རྡོ་རྗེ་ཆེན་པོ་རྩེ་ལྔ་པར་བསམས་ལ། དེའི་དབུས་སུ་ཡང་ཧཱུཾ་གིས་མཚན་པའོ། །དེ་ནི་ཞེས་པ་ནི་ཉིན་མཚན་དུའོ། །སྦྱོར་བ་ནི་ཏིང་ངེ་འཛིན་གསུམ་གྱིས་སྦྱོར་བས་བསྒོམ་པར་བྱའོ་ཞེས་སོ། །དེ་ལྟར་སྐུལ་བྱེད་ཀྱི་གཞི་རྣམ་པར་བཀོད་ནས་སྐུལ་བྱེད་ཀྱི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་ཀྱོ་བའི་ཞེས་པ་ལ་སོགས་པའོ། །དེ་ལ་ཧཱུཾ་ལས་འཕྲོས་པའི་ཐུགས་ཀྱི་རྡོ་རྗེ་རླུང་གི་ཤིང་རྟ་ལ་གནས་པའི་ལྕགས་ཀྱུ་ཐོགས་པ་ནི་རྡོ་རྗེ་ཀྱོ་བའོ། །དེ་ལ་གཞན་ཡང་འཕྲོ་བའི་ཕྱིར་ན། རྡོ་རྗེ་གསུམ་རྣམས་བསམ་པར་བྱ། །ཞེས་སོ། །དེས་ཅི་བྱེད་ཅེ་ན། དེ་ཡི་སྙིང་གར་བཏབ་བྱས་ཏེ། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་བཞུགས་པའི་བདེ་བར་གཤེགས་པ་སྒྲུབ་པ་པོ་ལ་བཏང་སྙོམས་སུ་གནས་པ་རྣམས་ཀྱི་ཐུགས་ལ་བརྡེག་པ་སྟེ། དེས་ཡོངས་སུ་དག་པའི་ལྷ་རྣམས་གོང་མ་ལྟར་གྱུར་ནས་རབ་ཏུ་བསྐུལ་བར་བྱའོ་ཞེས་སོ། །འདི་ལས་གང་ལ་དགོངས་ཤེ་ན། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་སྒྲུབ་པའོ། །ཞེས་སོ། །ཐུགས་ཀྱི་རྡོ་རྗེ་བསྟན་ནས་སྐུ་དང་གསུང་གི་རྡོ་རྗེ་ཡང་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །གོང་ལྟར་རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ་ས་བོན་གྱིས་མཚན་པ་ལས་འཕྲོས་པའི་རླུང་གི་ཤིང་རྟ་ལ་གནས་པའི་སྐུའི་རྡོ་རྗེ་ལྕགས་ཀྱུས་མཚན་པ་ནི་འཁོར་ལོ་ཀྱོ་བའོ། །གསུང་གི་རྡོ་རྗེ་ནི་པདྨའི་རིགས་ཀྱི་ཀྱོ་བའོ། །རང་གི་ལྷའི་རྣམ་པ་ལྟ་བུ་ནི་སོགས་ཀྱི་སྒྲས་བསྡུས་པའོ། །དེ་བས་ན་རྡོ་རྗེ་གསུམ་གྱི་ཀྱོ་བ་རྣམ་པར་བསྒོམ་ཞིང་ལྷ་རྣམས་ཀྱི་སྙིང་ལ་དགུག་པའི་དོན་དུ་བསྐུལ་བར་བྱའོ་ཞེས་སོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས་གར་མཁན་བཟང་པོ་ལྟར་འགྲོ་བའི་དོན་བྱེད་པ་ནི་རོལ་མོ་སྟེ་ཐབས་དེ་ལས་བྱུང་བའི་ཕྱིར་ན་འབྱུང་བའོ། །རྡོ་རྗེ་ནི་ཞེས་པ་ལ་སོགས་པས་ཐབས་ཀྱི་ཆེ་བ་བསྟན་པའོ། །དེ་ལས་རྡོ་རྗེ་ཐོབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་རྡོ་རྗེ་ནི་ཚུལ་མཆོག་གོ །དུས་ནི་ཞག་བདུན་པར་དུ་ཞེས་སོ། །ཐ་མལ་བའི་འབྲས་བུ་ནི་ཡེ་ཤེས་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པའོ། །དེའི་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཏེ་སྐུ་གསུམ་མོ། །དེ་སྦྱོར་བ་


DTG039_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་འགྲུབ་པར་འགྱུར་ཞེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་རས་ཀྱིས་དེའི་གོང་དུ་འཚོ་བའི་ཕྱིར་ན། མཆོག་སྩོལ་བས་ནི་རྣམ་པར་གཟིགས། །ཞེས་སོ། །རང་གི་བྱ་བ་ཆད་པས་བཤིག་པར་དོགས་པའི་ཕྱིར། ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཞེས་བྱའོ།། དམ་པའི་ལུང་དང་མཐུན་པར་སྒྲུབ་པ་ལ་དགྱེས་པས་ན། ཡིད་ལ་མགུ་ཞིང་དགའ་འགྱུར་པའི། །ཞེས་སོ། །དེ་ནས་གོང་མ་ལྟར་དངོས་གྲུབ་རྒྱ་ཆེན་ཏེ་ཕྱག་རྒྱ་ཆེན་པོ་སྟེར་བར་འགྱུར་བ་ནི་བྱིན་གྱིས་བརླབས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཞེས་པ་ནི་བསྐུལ་བར་བྱ་བའི་བདེ་བར་གཤེགས་པ་སྲས་དང་བཅས་པའོ། །སྔགས་ཀྱིས་སྤྱོད་པའི་དོན་འགྲུབ་པ། །ཞེས་པ་ནི་གོང་མ་ལྟ་བུའི་སྒྲུབ་པ་པོའོ། །རྨོངས་པས་འགལ་བར་བྱས་ན་ནི། །ཞེས་པ་ནི་བསྐུལ་བའི་ས་ལས་བཞེངས་པ་རྣམས་གལ་ཏེ་སྒྲུབ་པ་པོས་རྣམ་པར་མ་བསྐུལ་ན་རྨོངས་པ་སྟེ་འགལ་བར་བྱས་པའོ། །གལ་ཏེ་བསྐུལ་བས་དངོས་གྲུབ་ཆེན་པོ་མ་སྟེར་ན་རྨོངས་པ་སྟེ་འགལ་བར་བྱས་པའོ། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་པ་ནི་དེའི་སྲོག་གི་དབང་པོ་འགགས་པ་སྟེ་བར་མ་དོར་འགྲོ་བའོ། །སྙིང་པོ་བསྐུལ་བ་དང་བྲལ་བའི་ཕྱིར་རོ། །ཐེག་པའི་ཆེ་བ་བསྟན་པའི་ཕྱིར་གཞན་ལ་ཡང་དེ་སྐད་དུའོ། །དེ་ཁོ་ན་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་སྦྱར་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་པ་ནི་གོང་མ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་གནས་རྣམས་སུ་རྡོ་རྗེ་གསུམ་ནི་སྐུ་གསུམ་ཐུགས་གསུམ་མོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའོ། །དེས་གང་བ་ཞེས་སོ། །དབང་པོ་གཉིས་ཀྱི་སྦྱོང་བ་ཡིས། །ཞེས་པ་ནི་རྡོ་རྗེ་དང་པདྨ་སྦྱོར་བ་ཐམས་ཅད་ཀྱི་གཙོ་བོ་སྟེ། ས་ལ་སོགས་པའི་རིམ་པ་ཇི་སྙེད་པ་དེས་སྦྱོར་བར་བྱེད་པས་ན་དེར་ཐམས་ཅད་བརྟག་པར་བྱ་ཞེས་སོ། །སྔགས་པ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན། སྔགས་ཀྱི་དམ་ཚིག་བསྒོམ་པའོ། །ཞེས་སོ། །དབང་པོ་གཉིས་གང་དང་སྦྱར་ཞེ་ན་མ་རིག་པ་ཞེས་པ་ལ་སོགས་པའོ། །རིག་མ་ནི་རང་གི་རིག་མའོ། །བདག་པོ་དང་འདྲ་བའི་ཕྱིར་


DTG039_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གོ །དེའི་གཟུགས་བརྙན་ནི་ལེགས་པར་སློབ་པའི་ཕྱག་རྒྱའོ། །ལ་ཞེས་པ་ནི་ཆོ་ག་མད་བའི་ཕྱིར་ན་ཚིག་མང་བའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་དང་སྦྱོར་བ་ནི་གསང་བའི་པདྨའོ། །ཆགས་ལ་ཆགས་པས་བལྟ་བར་བྱ། །ཞེས་པ་ནི་ཤེས་རབ་ལ་ཐབས་ཀྱིས་བལྟ་བའོ། །གཞན་དུ་རང་བཞིན་གྱི་འདོད་ཆགས་ཆེན་པོ་ལ་མི་སླུ་བའི་འདོད་ཆགས་ཀྱིས་རྣམ་པར་བལྟས་ཏེ། དེས་ཇི་ལྟ་བ་བཞིན་དུ་རྟོག་པ་ལས་མི་འདའ་བས་ན་དམ་ཚིག་དཀྱིལ་འཁོར་རོ་ཞེས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ནི་ཕྱག་རྒྱ་ལས་སྐྱེ་བས་ན། འཛེམ་པ་མེད་པའི་རྣལ་འབྱོར་པས་དེ་དང་ལྷན་ཅིག་ཏུ་སྒྲུབ་པ་པོ་ཞེས་ཐུན་མོང་དུ་གསུངས་སོ། །དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྡུས་པ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་སྲས་སོ། །སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་དབང་ཕྱུག་ཏུ་གནས་པར་བྱ་བའི་ཕྱིར་ན་ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་གཙོ། །ཞེས་སོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ནི། །ཞེས་པ་ནི་ཐུན་མོང་གི་ལུང་ངོ༌། །ཁྱད་པར་གྱི་ལུང་ནི། བུད་མེད་ཇི་སྙེད་ཡོད་པ་ཀུན། །ཞེས་ཏེ་གང་ན་དེ་ཡོང་པའི་འཇིག་རྟེན་གྱི་ཁམས་ན་དེ་གནས་པ་རྣམས་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷ་མོའི་སྐུར་བསྐྱེད་པའོ། །སོགས་ཀྱི་སྒྲས་བསྡུས་པ་ཉེ་བར་སྒྲུབ་པ་ལ་སོགས་པ་ཇི་སྲིད་ཡན་ལག་གཉིས་དག་པར་བྱ་བ་ལ་ཐུག་པའི་པར་དུ་སྦྱར་ནས། དེ་དག་ཐམས་ཅད་ཉེ་བར་སྤྱོད། །ཅེས་སོ། །དེའི་དེ་མ་ཐག་ཏུ་རང་གི་ས་བོན་གྱི་འོད་ཀྱིས་བཀུག་པའི་བདེ་བར་གཤེགས་པ་ཞལ་དུ་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་སྤྲོ་བར་གསུངས་པ། དབྱེ་བ་ཞེས་པ་ལ་སོགས་པའོ། །དེར་སྤྲོ་བྱ་ཞེས་པ་ནི་གསང་བའི་གནས་སུ་བྱང་ཆུབ་ཀྱི་སེམས་སུ་སྤྲོས་ནས་ལེའུ་བདུན་པ་ལྟར་སྣང་བ་ནི་ཆོ་ག་དང་པོའི་དེ་ཉིད་བྱང་ཆུབ་ལས་མི་འདའ་བས་ན་བྱང་ཆུབ་ཀྱི་དམ་ཚིག་གོ །དེའི་ཡོན་ཏན་གསུངས་པ། རྡོ་རྗེ་གསུམ་པོ་ནི་སྤྱིའི་མཚན་ཉིད་ཡིན་པས་ན་ནམ་མཁའ་འདྲ་བའོ། །དེ་ལྟ་བུའི་བྱང་ཆུབ་འཐོབ་པར་འགྱུར་བའོ། །བྱང་ཆུབ་སེམས་ནི་རྒྱ་མཚོ་ཞེས་པ་ནི་དེ་བཞིན་ཉིད་དོ། །དེ་རྟོགས་


DTG039_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའི་རྡོ་རྗེ་སེམས་དཔའི་ཚེ་དེས་ཐོབ་ཅེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ནི་བཤད་ཟིན་ཏོ། །དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་སྟེ་བཅུ་པའོ། །ལེའུ་བཅུ་པའི་འགྲེལ་པའོ།། །།


previousལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།next