Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དགུ་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།
   
   
   
   
   
   


 
previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།next

ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།


DTG039_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ་བསྐྱེད་པའི་ལྷའི་རྣལ་འབྱོར་གྱིས་ཐིག་ལེ་ལ་སོགས་པ་བསྒོམས་པ་ལས་མཚན་མ་ཐོབ་པས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བ་དང་ཇི་ལྟར་གསུངས་བའི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཡང་ཚིགས་བཅད་ཀྱིས་གསོལ་བ་བཏབ་པ་སྔོན་དུ་སོང་བས་བྱའོ། །དེའི་ཕྱིར་རྡོ་རྗེའི་སྦྱོར་བ་དམ་ཚིག་བསྒྲུབ་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལ་འཇུག་པར་བྱེད་པའི་ཕྱིར་སྟོན་པའོ། །དེའི་ཕྱིར་སེམས་ཅན་གྱི་རྒྱུད་སངས་རྒྱས་ཉིད་དུ་བསྐྱེད་པའི་ཕྱིར་བསྐྱེད་པའོ། །དེའི་ཕྱིར་གསུངས་པ། ཡེ་ཤེས་མཆོག་བསྒྲུབ་པ་ཞེས་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་བྱ་བ་ནི་རྡོ་རྗེ་གསུམ་རྣམས་ཀྱི་དམ་ཚིག་ནི་གཉིས་སུ་མེད་པ་རྟོགས་པའོ། །དེ་ཉིད་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །རྟོགས་པར་བྱེད་པའི་ཚིག་བཀའ་སྩལ་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དང་མཚུངས་པའི་དམ་ཚིག་ཅེས་བྱ་བ་ནི། ནམ་མཁའ་དང་མཚུངས་པའི་དམ་ཚིག་ནི། རང་བཞིན་མེད་པ་ལ་སོགས་པའི་ངོ་བོ་དམིགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཡང་དག་པའི་དེ་ཁོ་ན་ཉིད་དུ་དེ་ཉིད་ཀྱི་ངོ་བོས་ཆོས་ཐམས་ཅད་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་པར་མི་རྟོག་དངོས་རྣམས་ལ། །ཞེས་སོ། །འདི་གང་


DTG039_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེ་ན་གསུངས་པ། གཟུང་བ་ལ་སོགས་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བས་སངས་རྒྱས་སྤྲོ་བ་དང་བསྡུས་པས་སྔོན་དུ་སོང་བ་དང་རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སོ། །སངས་རྒྱས་གནས་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི། རྟེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའི་དོན་ཏོ། །ད་ནི་ཐིག་ལེ་བསྒོམ་པ་བཤད་པ་མངོན་པར་ཤེས་པ་རྫོགས་པའི་སྦྱོར་བ་གཞན་གསུངས་པ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གང་འདོད་པའི་རྣལ་འབྱོར་ལ་གནས་ལ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལ་ཇི་ལྟ་བ་བཞིན་དུ་འགྲོ་བ་ནང་དུ་གཞུག་སྟེ། སྔགས་ཙ་ན་ཀའི་རུས་པ་ཙམ་གྱི་ཐིག་ལེའུ་གཟུགས་ཕྱི་དང་ནང་སྣང་བ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་ལ་ཡིད་རྩེ་གཅིག་ཏུ་གྱུར་པ་བསྒོམས་པས་ན་ཉེ་བའི་ཡུལ་དུ་གྱུར་པ་ཡང་མི་འཛིན་པས་འགོག་པའི་རྡོ་རྗེར་སོན་པས་གང་གི་ཚེ་དེ་སེམས་རབ་ཏུ་སྐྱེ་བ་དེའི་ཚེ་བྱང་ཆུབ་མཆོག་སྒྲུབ་པ་སྟེ། མངོན་པར་ཤེས་པ་ཐོབ་པ་ལས་ཏེ། མི་དམིགས་པས་འགྲོ་བ་མ་ལུས་པའི་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱེད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་དཔལ་དང་ལྡན་པར་འགྱུར་རོ། །དེ་ཡང་གསུངས་པ་ཀུན་དུ་བཟང་པོ་ལས། སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པ། །ཐུབ་པས་མི་ཤེས་ཀུན་དུ་ངེས་བསལ་ནས། །འགྲོ་བ་མ་ལུས་རྫོགས་སངས་རྒྱས་བྱས་ཏེ། །རང་གི་གསང་སྔགས་ནང་དུ་ཆུད་པར་བྱ། །དེ་ལྟར་བརྟགས་ནས་རང་སྙིང་དྲི་མེད་ལ། །ཟླ་བ་ལ་གནས་མཚན་མའི་དབུས་གནས་པར། །གསང་སྔགས་དམ་པ་ཐིག་ལེའི་གཟུགས་པ་སྟེ། །རང་ཡིད་འོད་དང་ལྡན་པར་ཡོངས་སུ་བསྒོམ། །སེམས་དེ་འོད་ཟེར་དྲི་མེད་པས་སད་པའི། །གསུང་སྐུ་རྡོ་རྗེ་ལུས་ནི་མཆོག་གྱུར་པ། །སླར་ཡང་དེ་ཉིད་དུ་ནི་ངེས་ཞུགས་ཤིང༌། །ཡེ་ཤེས་བདུད་རྩི་འབབ་པར་བསམ་པར་བྱ། །ནང་གི་ལུས་དང་དེ་བཞིན་ཐམས་ཅད་ཀྱང༌། །དེ་ཡིས་ཀུན་དུ་མཐར་ནི་སྣང་བྱས་ལ། །བ་སྤུ་རེ་རེའི་ཁུང་ནས་བྱུང་བ་ཡི། །ཚོགས་ཀྱིས་སྣ་ཚོགས་ཀུན་དུ་གང་བར་


DTG039_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་སོ། །ཡང་གསུངས་པ། སྒྲ་ནི་སེམས་ཀྱི་གནས་སུ་ཐིམ། །སྔགས་ཀྱི་ཡི་གེ་ཀུན་དུ་དྲན། །འབྱུང་དང་འབྱུང་བས་སྟོང་པ་ཡང༌། །སངས་རྒྱས་རྣམས་ཀྱིས་བསམ་གཏན་བརྗོད། །རླུང་ནི་འགོག་པར་བྱེད་པའི་ལམ། །དང་པོར་བསམ་གཏན་གོམས་པར་བྱ། །གང་ཚེ་རང་གིས་གོམས་པ་ལས། །རྒྱུན་མི་འཆད་པར་འཇུག་པའོ། །སྒྲ་ཡི་བདག་ཉིད་ཐམས་ཅད་ལ། །སྒྲ་ལས་ཐམས་ཅད་ཉན་པ་སྟེ། །ཐོས་ནས་དུས་གསུམ་ཉན་པ་ཤེས། །གསུང་དང་ཐུགས་ལས་བྱུང་བའི་མཆོག །གང་ཚེ་སྣང་བ་གསལ་བར་མཐོང༌། །ནང་དང་ཕྱི་དང་དབུས་སུ་ནི། །མུན་པའི་ནང་ན་གནས་པ་ཡང༌། །དེ་ཚེ་རིང་དང་མཐོང་དཀའ་མཐོང༌། །སེམས་ཀྱི་གཟུགས་སུ་སྒྲོ་བཏགས་ལ། །གང་ཚེ་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རིང་པོ་ནས་ཀྱང་གཟུགས་རྣམས་མཐོང༌། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་སོན། །རྟོགས་དཀའ་བ་ཡང་མཐོང་བ་ཡིན། །བདེ་གཤེགས་བདེ་གཤེགས་སྲས་ཀྱི་མཆོག །རིང་ན་གནས་ཀྱང་ལྷ་དེ་ཉིད། །བསྐལ་པའི་མེ་དང་འདྲ་བ་རུ། །འབར་ཏེ་རང་གི་མེ་ཉིད་ཀྱང༌། །བསམ་གཏན་ལས་བྱུང་མེ་མཐོང་སྟེ། །རྣལ་འབྱོར་པ་ཡི་རང་ལུས་ལ། །སྔགས་ཀྱི་ཡི་གེ་ཉན་པར་ངེས། ཐིག་ལེའི་དབུས་སུ་རྣམ་བསྒོམས་པས། །གང་ཚེ་གཟུང་བ་ལ་སོགས་པའི་དྲི་མ་དང་བྲལ་བའི་ཕྱིར། ཆོས་རྣམས་རང་བཞིན་དག་པ་ཞེས་བྱའོ། །འོ་ན་ཇི་ལྟར་དངོས་གྲུབ་སྒྲུབ་པ་ལ་སོགས་པ་ཡིན་ཞེ་ན། གསུངས་པ། རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་གང་དངོས་གྲུབ་སྒྲུབ་པ་ལ་སོགས་པ་སྟོན་པར་བྱེད་པ་ནི་ཀུན་རྫོབ་ཏུ་སྔགས་ཀྱི་སྤྱོད་པས་འདུལ་བའི་འགྲོ་བ་རྣམས་གཞུག་པར་བྱ་བའི་ཕྱིར་རོ། །སེམས་རྩེ་གཅིག་པས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས་དེའི་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པའི་གནས་གསུངས་པ། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན། ནམ་མཁའི་མཚན་ཉིད་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་ཀྱི་


DTG039_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡིས། །དེ་བཞིན་ཉིད་གནས་ས་ཕྱོགས་སོ། །ལོངས་སྤྱོད་རྫོགས་པའི་ཤིང་ཞེས་པ། །སྣ་ཚོགས་དངོས་གྲུབ་མེ་ཏོག་རྒྱས། །སྤྲུལ་པའི་ཡལ་གས་ཡང་དག་མཛེས། །ཡང་དག་རྫོགས་པའི་བྱང་ཆུབ་འབྲས། །རིན་དབེན་དངོས་མེད་ཉམས་དགའ་བའོ། །ཆོས་ཞེས་བྱ་བ་དེར་བསྒྲུབ་བྱ། །ཕུང་པོ་ལ་སོགས་ཡན་ལག་ཀུན། །དངོས་གྲུབ་ཐམས་ཅད་བསྡུས་པའོ། །ཞེས་སོ། །སྔོན་དུ་བསྙེན་པ་བྱས་པས་རི་ལུ་ལ་སོགས་པ་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པར་གསུང་བཞེད་ནས། འཇམ་དཔལ་གྱི་ཏིང་ངེ་འཛིན་གསུངས་པ། མཾ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་སྟོན་པ་ཡིན་ཏེ། །ཇི་ལྟ་བ་བཞིན་དུ་ཡི་གེ་མཾ་གྱིས་འཇམ་དཔལ་གྱི་གཟུགས་སུ་བདག་ཉིད་བསྐྱེད་པའི་ལུས་ལ་སོགས་པ་བདག་ཉིད་རང་གི་ཡེ་ཤེས་སེམས་དཔའི་སྙིང་གར་ས་བོན་ལ་ཡིད་རྣམ་པར་བཞག་ནས་ཡང་དག་པར་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པ་མངོན་སུམ་དུ་བྱས་ནས། སྤྲོ་བ་ལ་སོགས་པའི་རིམ་གྱིས་བསྒོམས་པས་མཚན་མ་བྱུང་བ་རྙེད་ནས། རི་ལུའི་གྲུབ་པ་ཡོད་ན་འཇམ་པའི་རྡོ་རྗེ་དང་མཉམ་པར་གྱུར་ཏེ། དེའི་ཡོན་ཏན་རྣམས་ཐོབ་པར་འགྱུར་རོ། །དཔག་ཚད་ཅེས་བྱ་བ་ནི་གོ་སླའོ། །རི་ལུའི་སྒྲུབ་པ་གསུངས་པ། བཤད་པ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ལྔ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང༌། །ཞེས་བྱ་བ་ནི་གང་རྣམས་ལ་དེ་རྣམས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་བྱས་ནས་ཞེས་བྱའི་དོན་ཏོ། །ལྕགས་གསུམ་ལས་འབྱུང་ལྡན་བྱས་ཏེ། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ལྕགས་གསུམ་དང་ལྡན་པའོ། །མན་ངག་ལས་རྫས་ཀྱི་ཚད་གསུངས་པ། གསེར་ནི་མན་ཆ་གསུམ་དག་ལ། །ཕྱེད་དང་གསུམ་གྱིས་ར་ཏི་དང༌། །ར་ཏི་གཅིག་གི་བརྒྱད་ཀྱི་ཆ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་སྦྱོར། །སྐུ་ཡི་རང་བཞིན་གྱི་ནི་རྡུལ། དེ་ནས་མན་ཆ་བཞིན་རྣམས་དང༌། ར་ཏི་ཡི་ནི་བཞི་ཆ་གསུམ། །བརྒྱད་ཀྱི་ཆ་ཡི་བཅས་པ་ཡིས། །ཟངས་ནི་མན་ཆ་ལྔ་རྣམས་དང༌། །ར་ཏི་དེ་ནི་ཕྱེད་དང་གཉིས། །གང་གི་ར་ཏི་བརྒྱ་དང་ནི། །ཉི་ཤུ་རྩ་ལྔ་ལྷག་མའོ། །རྫས་གསུམ་ལོག་པས་ཚང་བ་སྟེ། །


DTG039_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་དག་གི་འདོད་པའོ། །གསེར་དང་ཟླ་བ་ཉི་མ་ནི། །གསུམ་དང་བཞི་དང་རིག་བྱེད་ཀྱི། །ཚད་དུ་བྱས་ཏེ་མན་ཆ་རྣམས། །རི་ལུ་བཅིང་བ་རིམ་གྱིས་ནི། །ཐུབ་པ་གསུམ་དང་མངའ་བདག་གི །ར་ཏི་ལྷག་མ་གཞན་གྱི་གཞུང༌། །ཞེས་ཟེར་རོ། །ཁར་ཞེས་བྱ་བ་ནི་ཤེས་རབ་ཀྱི་བྷ་ག་ལའོ། །ལ་ལ་དག་རང་གི་ཁར་རོ་ཞེས་ཟེར་རོ། །དེའི་ནང་དུ་གཞུག་པ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་འཇམ་དཔལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་མི་ཕྱེད་པས་བསྒོམས་པས་དེ་དང་མཚུངས་པར་འགྱུར་རོ། །མན་ངག་ལས་ཀྱང་བཤད་པ་རྟའི་ཤ་ཇི་ལྟ་བ་བཞིན་དུ་སྦྱངས་པ་ལ་སོགས་པའི་རིམ་པས་རྫོགས་པ་ཡི་གེ་གསུམ་གྱིས་བསྔགས་ནས་རང་གི་རིག་མ་དམ་ཚིག་དང་སྡོམ་པ་ལ་གནས་པས་ཟར་གཞུག་པར་བྱའོ། །དེ་ལས་བྱུང་བའི་བདུད་རྩི་རྣམ་པ་ལྔ་བླངས་ནས་གསེར་དང་དངུལ་དང་ཟངས་ཀྱི་རི་ལུ་ཇི་ལྟ་བ་བཞིན་བཅིང་པར་བྱའོ། །བདུད་རྩི་ལྔ་ཡང་ཡེ་ཤེས་ཀྱི་རང་བཞིན་དུ་བརྟགས་ནས་ཚེས་བཅོ་ལྔ་ལ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ནས། ཉི་མ་ནུབ་པའི་དུས་སུ་ཇི་ལྟ་བ་བཞིན་དུ་གསང་བའི་མཆོད་པས་སངས་རྒྱས་ལ་སོགས་པ་མཆོད་དེ། རིག་མ་དང་བཅས་པའི་བདུད་རྩི་མྱངས་ཏེ། རི་ལུ་དེ་ཙ་ན་ཀའི་རུས་པའི་ཚད་དམ་རྒྱ་ཤུག་གི་རུས་པའི་ཚད་ཙམ་ཆོས་འབྱུང་གི་དབུས་སུ་གཞུག་པར་བྱ་སྟེ། རང་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ཆོས་འབྱུང་བའི་ར་བར་ཞུགས་པར་ལྷག་པར་དམིགས་ནས་ཡི་གེ་མཾ་བཟླས་ཏེ། ཡང་ནས་ཡང་དུ་སངས་རྒྱས་རྣམས་མངོན་སུམ་བཞིན་དུ་དམིགས་ནས་རྡོ་རྗེས་དགབ་པའམ། ལག་པ་གཡོན་པས་དགབ་བོ། །རི་ལུའི་ཡི་གེ་མཾ་ལས་སྐྱེས་པ་འབར་བར་མོས་པར་བསྒོམས་ཏེ་ཉི་མ་ཤར་གྱི་བར་དུའོ། །དེ་ནས་འབར་བ་འམ་དུ་བ་འམ། དྲོ་བར་འགྱུར་ཏེ། འབར་བས་ནི་འཇམ་དཔལ་དང་མཉམ་པའི་ཉི་མ་འཆར་ཀ་དང་འདྲ་བའི་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ། །དུ་བས་ནི་བདེ་བྱེད་ལ་སོགས་པའི་ལྷས་ཀྱང་རེས་འགའ་ཡང་མི་མཐོང་ངོ༌། །དྲོ་བ་འབྱུང་བ་ནི་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གང་ཡང་གསུངས་པ། བཅུ་གཅིག་པར། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །སྐུ་ཡི་


DTG039_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐོབ་བྱེད་པ། །ཞེས་བྱ་བ་ལ་སོགས་པ། དེ་ལ་ཇི་ལྟར་དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་ཐོབ་པར་འགྱུར་བ་དེ་ལྟར་ད་ནི་རི་ལུ་བསྒྲུབ་པ་ལ་སྔོན་དུ་བསྙེན་པ་ལ་སོགས་པའི་སྒོ་ནས་གསུངས་པ་རང་གི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། གླུས་བསྐུལ་བའི་དེ་མ་ཐག་ཏུ་ཡི་གེ་ཨོཾ་གྱི་ས་བོན་དང་བཅས་པའི་འཁོར་ལོ་རྩིབས་བརྒྱད་པར་བསྒོམས་ནས། སྤྲོ་བ་ལ་སོགས་པའི་རིམ་གྱིས་རྣམ་པར་སྣང་མཛད་དུ་གྱུར་པའི་ཏིང་ངེ་འཛིན་གསུམ་གྱི་བར་དུ་བྱས་ལ། ཇི་ལྟ་བ་བཞིན་དུ་དམ་ཚིག་དང་སྡོམ་པ་ལ་གནས་ཏེ། རི་ལུ་སྒྲུབ་པའི་དོན་དུ་ཇི་སྲིད་མཚན་མ་བྱུང་བ་ལ་སོགས་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་པར་བྱས་ཏེ། གང་ཡང༌། དངོས་གྲུབ་སྒྲུབ་པའི་མཚན་མ་མཐོང་ནས་ནི། །དེ་ཉིད་གསུམ་མཆོད་བྱས་ནས་རང་གི་སེམས། །སྔར་བཤད་དཀྱིལ་འཁོར་ལ་ནི་གནས་ནས་སུ། །འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་རང་གི་ས་བོན་དང་མཚན་མ་རྣམས་ཀྱིས་གསུང་དང་ཐུགས་རྡོ་རྗེ་དག་ཀྱང་ཇི་ལྟ་བ་བཞིན་དུ་བསྐྱེད་དོ། །དེ་ཡང་ཉེ་བར་མཚོན་པའི་དོན་ཏོ། །ཐམས་ཅད་དུ་རང་གི་ས་བོན་དང༌། །མཚན་མ་ལ་སོགས་པའི་རིམ་པ་རྣམས་ཀྱིས་ལྷ་རྣམས་བསྐྱེད་པར་བལྟ་བར་བྱའོ། །རལ་གྲི་ལ་སོགས་པའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར་གསུངས་པ། རང་གི་སྔགས་ཀྱི་ས་རལ་གྲི་བསྒོམ། །ཞེས་བྱ་བ་ལ་སོགས་པ་ལ་རལ་གྲི་གྲུབ་པའི་དུས་སུ་ཇི་ལྟ་བ་བཞིན་དུ་རང་གི་ས་བོན་གྱིས་རལ་གྲི་བསྐྱེད་ལ་ནམ་ཞིག་གྲུབ་པ་ན་དེ་བླང་བར་བྱའོ། །དེ་བཞིན་དུ་འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཀྱང་བལྟ་བར་བྱའོ། །ད་ནི་ཇི་སྐད་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་རྨི་ལམ་ལ་སོགས་པར་ཡང་དག་པའི་མཚན་མ་ཐོབ་པ་ནི་སྔར་གྱི་རི་ལུ་སྒྲུབ་པའི་ས་བོན་གྱི་ཁྱད་པར་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། །ཙ་ན་ཀ་ཡི་འབྲུ་ཚོད་ཙམ། །ཞེས་བྱ་བ་ནི་རི་ལུ་ཐམས་ཅད་ཀྱི་ཐུན་མོང་ངོ༌། །བྱང་ཆུབ་སེམས་དཔའི་འོད་འདྲ་བ། །ཞེས་བྱ་བ་ནི་གསུངས་མ་ཐག་པའི་འཇམ་དཔལ་ལ་སོགས་པའི་རྣམ་པའོ། །འདི་ཉིད་ཉི་མ་འཆར་བ་ལ་


DTG039_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་གསུངས་སོ། །རྡོ་རྗེ་སྐུ་ནི་འདྲ་བའི་འོད། །ཅེས་བྱ་བའི་ཚིག་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་དང་ལྡན་པའི་སྐུ་ཐོབ་པ་ལས་རྣམ་པར་སྣང་མཛད་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གསུང་དང་ཐུགས་རྡོ་རྗེ་ལ་སོགས་པ་དག་ཀྱང་རི་ལུའི་སྒྲུབ་པ་ལས་ཇི་ལྟར་རང་གི་ས་བོན་ལ་སོགས་པའི་ཁྱད་པར་བལྟ་བར་བྱའོ། །ཐུགས་གཙོ་བོ་ཡིན་པའི་ཕྱིར་ཐམས་ཅད་དུ་རི་ལུ་དང་པོ་གསེར་གྱིས་དཀྲི་བར་བྱའོ། །དེ་བཞིན་དུ་རི་ལུའི་སྒྲུབ་པ་བརྗོད་ནས། །འཁོར་ལོ་ལ་སོགས་པའི་སྒྲུབ་པ་གསུངས་པ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ས་བོན་དང་མཚན་མའི་རིམ་གྱིས་སོ། །ལག་ཏུ་འཁོར་ལོ་རང་བསྒོམས་ནས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྔར་བསྙེན་པར་བྱ་བས་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་ལྕགས་རྣོན་པོའི་རང་བཞིན་ནམ། གསེར་དང་དངུལ་གྱི་འཁོར་ལོ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་ལ་གནས་པ་ཡི་གེ་ཨོཾ་གྱིས་འབར་བ་དང་བཅས་པ་བསྐྱེད་ལ། །རི་ལུ་བཞིན་དུ་དེའི་ནང་དུ་སོང་བའི་དེ་བཞིན་གཤེགས་པ་རྣམས་སྤྲོ་བ་ལ་སོགས་པའི་ཆོ་གས་དེ་སྲིད་བསྒོམ་པ་དང་བཟླས་པར་བྱ་སྟེ། ཇི་སྲིད་འབར་བའི་བར་དུའོ། །འདིར་ཡང་སྔར་གྱི་བཞིན་འབར་བ་ལ་སོགས་པའི་དངོས་གྲུབ་རྣམ་པ་གསུམ་དུ་ཤེས་པར་བྱའོ། དེ་ནས་སྤྱན་གྱི་སྔགས་བཟླས་ཤིང་བླང་ངོ༌། །གང་གི་ཚེ་ཤིན་ཏུ་སྟེང་དུ་འབར་བ་དེའི་ཚེ། སའི་དཀྱིལ་འཁོར་གྱི་ཆོ་གས་མནན་ཏེ་བཟློག་པར་བྱའོ། །དེ་བཞིན་དུ་ཡི་གེ་ཧཱུཾ་གིས་ལྕགས་གསུམ་གྱི་རང་བཞིན་གྱི་རྡོ་རྗེའོ། །ཡི་གེ་སྭཱས་མརྒད་དམ་གསེར་གྱི་རང་བཞིན་དུ་རིན་པོ་ཆེའོ། །ཡི་གེ་ཨཱཿ་ས་དཀར་པོའམ་དམར་པོའི་ཙན་དན་གྱི་རང་བཞིན་ནམ། པདྨ་རཱ་གའི་རིན་པོ་ཆེའི་རང་བཞིན་ནམ། ཟངས་ཀྱི་རང་བཞིན་པདྨ་འདབ་མ་བརྒྱད་པའི་པདྨའོ། །ཡི་གེ་ཧས་ལྕགས་རྣོན་པོའི་རང་བཞིན་ནམ་ལྕགས་གཞན་གྱི་རང་བཞིན་ལ་རལ་གྲི་རྫོགས་པར་བྱ་སྟེ། སྔར་གྱི་བཞིན་དུ་བསྒོམ་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་མཐོང་ནས། །རང་རང་གི་རིག་མའི་སྔགས་ཀྱིས་བླང་བར་བྱའོ། །རིན་པོ་ཆེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་


DTG039_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་ཉིད་ཀྱི་ཕྱིར་མཱ་མ་ཀཱིའི་སྔགས་ཀྱིས་བླང་བར་བྱའོ། །ཡང་ན་ནམ་མཁའ་རྡོ་རྗེ་མའི་སྔགས་ཀྱིས་བླང་བར་བྱ་སྟེ། ཨོཾ་ཀཱ་མ་བཛྲི་ནི་སིདྡྷཱ་སཱི་བི་ཤུདྡྷ་སཱི་སྭཱ་བྷཱ་བ་ག་གན་ཨུཏྦྷཱ་བ་ཡོ་གེ་ན་སིདྡྷ་མཾ་པ་ར་མཀྵ་རེ། ཏ་བྱ་ཐཱ་ག་ག་ན་ཨུཏྦྷཱ་བེ་ག་ག་ན་བི་ཤུདྡྷེ། སརྦ་ཨ་བྷི་པྲ་ཡ་པ་རི་པཱུ་ར་ནི་སྭཱ་ཧཱ། ཞེས་བྱའོ། །ཡང་ན་རང་གི་དཀྱིལ་འཁོར་ལ་གནས་པའི་ལག་པ་གཡས་པར་བཞག་ལ་རང་གི་སྔགས་ལས་བྱུང་བའི་འཁོར་ལོ་ལ་སོགས་རང་གི་རིགས་ནང་དུ་ཞུགས་པ་སྔོན་དུ་འགྲོ་བ་བསྒོམ་པར་བྱ་སྟེ། དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུའོ། །དེ་བཞིན་དུ་མཚན་མ་གཞན་གྱི་ཡང་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ། རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བས་བསྒྲུབ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཀྱོ་བའོ། །འདི་ཉིད་རྩེ་གསུམ་ལ་སོགས་པ་རྣམས་ཀྱི་ཡང་ཁྱད་པར་རོ། །སོགས་པའི་སྒྲས་ནི་ཞགས་པ་ལ་སོགས་པ་ཡང་གཟུང་ངོ༌། །དེ་ཉིད་གསུངས་པ། རྡོ་རྗེ་ཁྱད་པར་གྱིས་བསྒྲུབ་ན། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་སྒྲུབ་པ་གསུངས་པའི་ཆོ་གས་རང་འདོད་པའི་ལྷའི་སྦྱོར་བ་སྔོན་དུ་སོང་བས་རྩེ་གསུམ་ལ་སོགས་པའི་བསྒྲུབ་པས་རྩེ་གསུམ་གྱི་རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། །ཡང་ན་ཚར་གཅོད་པ་དང་རྗེས་སུ་གཟུང་བའི་ལས་རྫོགས་པར་བྱ་བའི་ཕྱིར་སྟོབས་པོ་ཆེ་ལ་སོགས་པའི་སྦྱོར་བས་རྩེ་གསུམ་ལ་སོགས་པ་ཇི་ལྟར་གསུངས་པའི་ཆོ་གས་བསྒྲུབ་པར་བྱ་བ་གསུངས་པའོ། །སངས་རྒྱས་ལ་སོགས་པ་དགུག་པའི་དོན་དུ་རྡོ་རྗེ་ཀྱོ་བ་ལ་སོགས་པའི་སྒྲུབ་པ་གསུངས་པ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་རྡོ་རྗེ་ཀྱོ་བའོ། །སྦྱོར་གསུམ་སྔགས་ཀྱིས་སྐྱེས་བུར་བསམ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་དང་བཅས་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྦྱོར་བ་བྱས་ནས་ཞེས་བྱ་བའི་དོན་ཏོ། །སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱི། །ཞེས་བྱ་བ་ནི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རང་བཞིན་ནོ། །ཀྱོ་བ་དང་ཞེས་བྱ་བ་ནི་དེའི་སྙིང་གར་ཡང་རྡོ་རྗེ་ཀྱོ་བ་ཕྱག་ན་འཛིན་པ་ལྷའི་གཟུགས་སོ། །སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པའོ། །ཁ་ཅིག་ནི་


DTG039_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་གསུམ་གྱིས་རྫོགས་པའོ་ཞེས་འདོད་དོ། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། །ཞེས་བྱ་བ་ལ་འདི་སྐད་བརྗོད་པ་ཡིན་ཏེ། རྡོ་རྗེ་འཛིན་པའི་སྦྱོར་བས་མཚན་མ་ཐོབ་པས་རྡོ་རྗེ་བ་ཀུག་པ་སྒྲུབ་པའི་དོན་དུ་ཡང༌། ལམ་གྱི་བཞི་མདོ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་ཡོངས་སུ་བརྟགས་ནས། ཏིང་ངེ་འཛིན་གསུམ་བསྒོམས་པའི་དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་གིས་རྡོ་རྗེ་ཀྱོ་བ་བསྐྱེད་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་ཆེན་པོ་ལྟ་བུ་རྩ་བའི་ཕྱག་གིས་རྡོ་རྗེ་ལྕགས་ཀྱུ་འཛིན་པ་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པ་དང་། མིག་ལ་སོགས་པ་རྣམ་པར་དག་པ་དང༌། རྡོ་རྗེ་འཛིན་པའི་ཅོད་པན་ཅན་ཁྲོ་བོའི་ཉམས་དང་བཅས་པ་དེ་ཉིད་དུ་རྫོགས་པར་བྱས་ཏེ། ཇི་ལྟ་བ་བཞིན་དུ་གདོན་པ་བྱས་ནས་མདུན་དུ་རླུང་དང་ཟླ་བའི་གདན་ལ་གནས་ནས་བཀའ་ནོད་ཅིང་སྤྲོ་བ་ལ་སོགས་པ་ཇི་སྲིད་དུ་སྒོམ་པར་བྱེད་པ། མངོན་སུམ་དུ་དམིགས་པར་འགྱུར་བ་དེ་སྲིད་དུའོ། །འདི་ཉིད་ཀྱིས་ཐམས་ཅད་དུ་སངས་རྒྱས་དགུག་པར་བྱའོ་ཞེས་གསུངས་པ། འདི་ནི་སངས་རྒྱས་དགུག་པའི་མཆོག་ཅེས་སོ། །འདི་ཉིད་གསུངས་པ། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས། ཕྱོགས་བཅུའི་དམ་ཚིག་རྡོ་རྗེ་འཛིན་པ་ལས་སྤྲོས་པའི་རྣམ་པ་ཡང་དག་པར་བྱུང་བ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་རྣམས་སོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ཡིན་ལ་བཀུག་ནས་ནི་བསྐུལ་ནས་ཏེ། བྱོན་པར་བྱས་ནས་ཉེ་བར་སྤྱོད། །ཅེས་བྱ་བ་ནི་དངོས་གྲུབ་སྟེར་བ་ལ་སོགས་པས་སོ། །ལ་ལ་དག་ནི་ཇི་ལྟར་འདོད་པའི་ལྷའི་བུ་མོ་རྣམས་ཀྱང་འདིས་དགུག་པར་བྱའོ་ཞེས་པའི་དོན། འདིར་ཕྱོགས་བཅུ་ལ་སོགས་པའི་གཞུང་དང་སྦྱར་རོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །དེའི་དགུག་པའི་སྒྲུབ་པ་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟ་བུ་ཞེ་ན་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་དང༌། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་རིན་པོ་ཆེ་ལ་སོགས་པ་གཟུང་ངོ༌། །དམ་ཚིག་དགུག་པ་ཞེས་བྱ་བ་ནི་འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་


DTG039_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྒྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་རྡོ་རྗེ་འཛིན་པ་ཡང་དགུག་པར་རོ། །སྦྱོར་བ་གཞན་བཤད་པ། སྔོན་དུ་སོང་བ་རྡོ་རྗེ་ཀྱོ་བའི་སྒྲུབ་པ་གསལ་བར་བྱ་བ་གསུངས་པ། རྣམ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུའོ། །སངས་རྒྱས་རྡོ་རྗེ་འཛིན་པར་བཤད། །ཅེས་བྱ་བའི་ཚིག་ལས་སོ། །ལག་ཏུ་ཞེས་བྱ་བ་ནི་ལག་པ་གཡས་པའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་འབའ་ཞིག་གི་སྦྱོར་བ་མ་ཡིན་གྱི། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཡང་བྱའོ་ཞེས་བསྟན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། མཚན་མ་ཐོབ་པའི་རྡོ་རྗེ་འཛིན་པ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་རང་གི་དཀྱིལ་འཁོར་ལ་གནས་པའི་ལག་པ་གཡས་པར་དངོས་སུ་ལྕགས་རྣོན་པོ་ལས་བརྡུངས་པའི་ལྕགས་ཀྱུ་འམ། བསྒོམས་པས་ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་གྱིས་རྫོགས་ནས་སྤྲོ་བ་ལ་སོགས་པ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་མཚན་མ་མངོན་སུམ་དུ་འབར་བར་མཐོང་བའོ། །དེས་གང་འདོད་པ་སྟེ་འགུགས་པར་བྱེད་དོ། །གང་གསུངས་པ་ལེའུ་བཅུ་གཅིག་པར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །འཇིག་རྟེན་དབང་ཕྱུག་རབ་བསྒོམས་ཏེ། །ཆོས་ཀྱི་ཨོཾ་ནི་བསྒོམ་པར་བྱ། །ཞེས་པ་དེ་ནི་ངག་གི་དངོས་གྲུབ་ལ་སྦྱོར་བ་གསུངས་པ། འདི་དག་ལྟ་བུའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། །འདི་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་སྟེ། ཚིག་ལས་བྱེད་པ་ཞེས་བྱ་བ་ནི་ངག་ཙམ་ཉིད་ཀྱིས་དེ་ཐམས་ཅད་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །ཆོ་ག་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྐུ་ཞེས་བྱ་བ་ནི་རང་གི་ལྷའི་སྐུ་རྡོ་རྗེར་བདག་ཉིད་བསམས་ནས། རྡོ་རྗེའི་སྦྱོར་བས་ལྕེ་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་སྒོམ་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། མཚན་མ་ཐོབ་པའི་རྣལ་འབྱོར་པ་སྒྲུབ་པའི་དཀྱིལ་འཁོར་དུ་རང་གི་ལྷའི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་ལྕེ་འཇིག་རྟེན་དབང་ཕྱུག་ཏུ་བསྐྱེད་པ་དེའི་སྙིང་གར་ཡི་གེ་ཨོཾ་འོད་ཟེར་ལྔའི་ཚོགས་འཕྲོ་བ་ལ་


DTG039_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རིམ་གྱིས་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་འོད་ཟེར་གྱི་སྣང་བ་ལ་སོགས་པས་རྟགས་ཐོབ་པར་འགྱུར་བར་རོ། །དེའི་ཕྱིར། རྡོ་རྗེ་གསུང་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་ངག་ཉིད་རྡོ་རྗེ་སྟེ་གསུངས་པའི་དོན་ལ་མི་སླུ་བས་མི་ཕྱེད་པས་གང་རྣམས་ཀྱིས་དེ་བཞིན་དུ་བརྗོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཉམ་པར་འགྱུར་རོ་ཞེས་ཏེ། ཐོགས་པ་མེད་པའི་དག་ཏུ་འགྱུར། །ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་གཞུང་འདི་རིག་མ་རྗེས་སུ་ཆགས་པ་དང་སྦྱོར་རོ། །གསང་བ་དང་ཅིག་ཤོས་ཀྱིས་མཆོད་པ་སྔོན་དུ་སོང་བས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་གསུངས་པ། གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་གསུམ་དམ་ཚིག་ནི་རང་གི་ལྷ་མོ་དེ་ཉིད་དོ། །མཆོད་པའི་གཙོ་བོ་བྱེད་པ་ཉིད་ཀྱིས་མཆོད་པའི་མཆོག་ཅེས་བྱ་བ་ནི། བྱེད་པའི་གཉིས་པ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའི་ངོ་བོའོ། །མཆོད་ནས་ཞེས་བྱ་བ་ནི་འདི་བྱས་ནས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་ཚོགས་སུ་ཤེས་པར་བྱ་སྟེ། དེའི་སྐབས་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་སྟོན་པར་འགྱུར་བའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱིའོ། །དངོས་གྲུབ་སྣ་ཚོགས་བསྒྲུབ་པ་ལ་དབང་བ་རྣམས་ཀྱི་ཕྱོགས་གཅིག་ཏུ་གསུངས་པ་ཉིད་ཀྱིས་གསང་བ་རྣམས་ཀྱི་དམ་ཚིག་བསྡུས་པ་རྣམས་སོ། །དེ་ཉིད་དངོས་གྲུབ་ཀྱི་བྱེ་བྲག་གི་སྦྱོར་བ་གསུངས་པ། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཀྱང་སེམས་ཅན་རྣམས་བསད་པ་མ་ཡིན་པར་བལྟ་བར་བྱ་སྟེ། སྙིང་རྗེ་རྩ་བ་ཉིད་ལས་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །འདི་ཡང་རྡོ་རྗེ་བདུད་རྩི་ལས་གསུངས་པ། བཙན་ཐབས་ཀྱིས་གསད་ནགས་ནས་རྙེད། །ཤ་ཆེན་ཡང་དག་ཟས་སུ་ཟ། །མདུང་ལ་བཙུགས་དང་དཔྱངས་པ་དང༌། །གཡུལ་དང་རྒྱལ་པོས་བསད་པ་དག །ཟབ་ཅིང་བརྟན་པས་ཟས་ཟོས་ནས། །ནད་མེད་ཚེ་ནི་འཕེལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་གཉིས་སུ་མེད་པའི་རྣལ་


DTG039_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བསྒོམ་པ་ཉིད་དམ་ཚིག་ཐམས་ཅད་བསྒྲུབ་པ་སྟེ། གང་ཡང་དཔལ་བདེ་བ་དམ་པ་རྟོགས་པ་ལས། ཁྲག་དང་ཁུ་བ་དེ་བཞིན་ཤ །དྲིན་ཆེན་དྲི་ཆུ་ཉིད་དང་ནི། །གང་ཞིག་གསང་བ་བདག་གིས་བཤད། །དམ་ཚིག་ཅེས་བྱ་འབད་པ་ཡིས། །དེ་བཞིན་གཤེགས་པ་དེ་ཐམས་ཅད། །མི་གསལ་བ་ཡི་ཐ་སྙད་ལ། །དམ་ཚིག་ཅེས་ནི་གསུངས་པ་ཡང༌། །སེམས་ཅན་ལ་ཕན་འཇུག་པས་སོ། །དེ་ཡི་སེམས་ནི་ཁྲག་ཡིན་ཏེ། །གང་ཚེ་སེམས་ཅན་ཡོད་མ་ཡིན། །འདི་ཡི་དོན་ནི་རྟོགས་པ་ཡིས། །ཁྲག་ཅེས་པ་ནི་ཟོས་པར་འགྱུར། །ཟས་སུ་ཟ་བ་ཁྲག་ཆེན་པོ། །དེ་ནི་སྣང་བ་མཐའ་ཡས་འགྲོ། །གང་ཞིག་ཆོས་རྣམས་མ་སྐྱེས་པ། །ཁུ་བ་ཡི་ནི་སྒྲ་ཡིས་བརྗོད། །དེ་ནི་རྗེས་སུ་མ་སྐྱེས་རྟོགས། །བཟའ་བ་ཞེས་ནི་བརྗོད་པའོ། །གང་ཞིག་དངོས་པོ་མཉམ་པ་ཡང༌། །ཤ་ཞེས་སུ་ནི་རབ་ཏུ་གྲགས། །མི་དམིགས་པ་ཡི་སྦྱོར་བ་ཡི། །བཟའ་བ་ཞེས་སུ་མངོན་པར་བརྗོད། །གང་ཚེ་ཤིན་ཏུ་སྦྱངས་པའི་སེམས། །མཉམ་པའི་དོན་དུ་རབ་ཏུ་སྦྱོར། །གཅི་བའི་སྒྲ་ཡིས་བརྗོད་པའོ། །དེ་འགྱུར་ལས་ཀྱི་སྦྱོར་བ་ལས། །ཅི་ཡང་མེད་པའི་གང་ཞིག་སེམས། །གནས་པ་ཡང་ནི་མི་རྟོགས་པ། །དེ་ནི་དྲི་ཆེན་དག་ཏུ་བཤད། །བཟའ་བ་མངོན་པར་རྟོགས་པའོ། །ཞེས་གསུངས་སོ། །མ་རྙེད་ན་ཇི་ལྟར་བྱ་ཞེ་ན་གསུངས་པ། ཐམས་ཅད་མེད་ན་ཞེས་བྱ་བ་ལ་སོགས་པ་ལ། འདིས་དེ་ཁོ་ན་ཉིད་དུ། །དངོས་པོ་ཐམས་ཅད་རང་བཞིན་མེད། །ཅེས་གསུངས་པའོ། །ཇི་ལྟར་འདི་བསྟན་ཞེ་ན་གསུངས་པ། འདི་བྱས་ན་ཞེས་བྱ་བ་ལ་ནི་དེ་མ་ཐག་ཏུ་སྟོན་པར་འགྱུར་བས་སོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་གསུངས་པ། རྣམ་པ་ཀུན་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་མི་བསྐྱོད་པ་འམ། །རྡོ་རྗེ་འཛིན་པ་སྒོམ་པར་བལྟའོ། །སྙིང་གར་ཡེ་ཤེས་དམ་ཚིག་དང༌། །ཞེས་བྱ་བ་ནི་དེ་ཉིད་ཡེ་ཤེས་སེམས་དཔའི་ངོ་བོའོ། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག །ཅེས་བྱ་བ་ནི་བདག་པོའོ། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །ཞེས་བྱ་བ་


DTG039_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྙིང་གའི་དཀྱིལ་འཁོར་ལ་གནས་པའོ། །སངས་རྒྱས་ཐམས་ཅད་ཀྱང་ཚིམ་པར་བྱ་བ་འཆད་པར་འགྱུར་བའི་ཆོ་གའོ་ཞེས་བྱ་བའི་དོན་ནི། །ལྕེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་སྐད་གསུངས་པ་ཡིན་ཏེ། ལྕེའི་གནས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ་བསྒོམས་པས་སོ། །ཡི་གེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་མའི་བདུད་རྩི་ནི། །དེ་ཡི་དབུས་སུ་གཞག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འབར་ནས་རྣལ་འབྱོར་པས་སྤྲོ་བྱ། །ཤེལ་དང་མཚུངས་པར་སྣང་འགྱུར་ཞིང༌། །ཡེ་ཤེས་ཉི་བཞིན་གཞན་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱིས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །ཡེ་ཤེས་བདུད་རྩི་དེར་ཕབ་ནས། །དེ་བཟའ་བར་ནི་ངེས་པ་ཡིན། །ཞེས་བྱ་བ་སྟེ། བདུད་རྩི་རྣམ་པ་ལྔའི་སྦྱོར་བས་ཟོས་ན་རྡོ་རྗེ་གསུམ་ཉིད་ཐོབ་པར་འགྱུར་རོ། །འདི་ཐམས་ཅད་སྣང་བ་མཐའ་ཡས་ལ་སོགས་པའི་སྦྱོར་བས་ཀྱང་བྱའོ་ཞེས་ངེས་པར་བསྟན་པ་གསུངས་པ། །ཨཱཿ་དང་ཨོཾ་གྱི་དམ་ཚིག་ཀྱང༌། །ཞེས་བྱ་བ་ནི་ཡི་གེ་ཨཱཿའི་དམ་ཚིག་ནི་སྣང་བ་མཐའ་ཡས་སོ། །ཡི་གེ་ཨོཾ་གྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱང་བསྒོམས་ནས་སོ། །འདི་ནི་བདུད་རྩི་སྟེ་རྡོ་རྗེའི་ཚུལ་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་པའོ། །མཆོག་གི་གཙོ་བོ་སྟེ་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་འདྲ་བར་འགྱུར། །ཞེས་བྱ་བ་ནི་འདིའི་གཉིས་སུ་མེད་པའི་སྦྱོར་བ་སྔོན་དུ་སོང་བའི་གོམས་པ་ཆེ་བའི་བདག་ཉིད་ལས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཇི་སྐད་གསུངས་པ་ཡིན་ལ། དེ་ཉིད་རྡོ་རྗེ་བདུད་རྩི་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྒྱུན་མི་འཆད་པའི་རིམ་པ་བཤད་པའི་རིམ་པས་ཕྲེང་བ་སྟེ་དེ་གང་ལ་ཡོད་པའི་ཕྲེང་བ་དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་སྐད་ཅེས་བྱའོ། །བཤད་མ་ཐག་པའི་དངོས་གྲུབ་རྣམས་ཀྱི་འབྲས་བུའི་ཕན་ཡོན་གསུངས་པ། རྡོ་རྗེ་གསུམ་ཞེས་


DTG039_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་གྱི་དངོས་གྲུབ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་བོ། །འཁོར་ལོའི་དམ་ཚིག་གྲུབ་མཆོག་ལ། །ཞེས་བྱ་བ་ནི། །འཁོར་ལོ་ལ་སོགས་པའི་དངོས་གྲུབ་གྲུབ་པས་སོ། །སངས་རྒྱས་ཀུན་ལ་འཕྲོག་པ་དང༌། །ཞེས་བྱ་བ་ནི་དེའི་ཡོན་ཏན་བསྐྱེད་པའི་དོན་དུ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བཞི་པའི་ལྷའི་སྦྱོར་བ་སྔོན་དུ་སོང་བས་དངོས་གྲུབ་ཐམས་ཅད་ཡིན་པས་དེ་མདོར་བསྟན་པ་ལ་སོགས་པ་གསུངས་པ། སྙན་པའི་ངམ་ཚིག་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། བཞི་པོ་འདི་ནི་མདོར་བསྟན་པའི་ཚིག་ཡིན་ནོ། །རྡོ་རྗེ་བྱེ་བྲག་ཅེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔའི་བྱེ་བྲག་གིས་རང་གི་ཡེ་ཤེས་ཀྱི་ལྷ་རྫོགས་པ་ལས་སོ། །ཡང་ན་བསྐྱེད་པའི་རིམ་པས་བྱེ་བྲག་གིས་སོ། །ཆུང་དུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཞེས་ལ་ལ་དག་འདོད་དོ། །དེ་ནས་ཞེས་བྱ་བ་ནི་རྫོགས་པའི་དེ་མ་ཐག་ཏུའོ། །ལས་རྣམས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པར་གསུངས་པ་འམ། གཞན་གྱི་རྒྱུད་དུ་རྙེད་པ་སྟེ། རང་དང་གཞན་གྱི་དོན་བྱེད་པའི་མཚན་ཉིད་རྣམས་སོ། །ད་ནི་མདོར་བསྟན་པའི་ཚིག་དགྲོལ་བའི་ཕྱིར་གསུངས་པ། བསྙེན་པ་ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པར་གྱུར་པ་སྟེ། འདིར་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་སྦྱོར་བ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རང་གི་ལྷའི་གཟུགས་སོ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཉེ་བར་བསྒྲུབ་པའི་ཡན་ལག་གསུངས་པ། ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་སྐྱེ་བའི་སྒོར་གྱུར་པའི་ཕྱིར་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་དཔྱད་པ་ནི་སའི་སྙིང་པོ་ལ་སོགས་པའི་གཟུགས་ཀྱིས་མིག་ལ་སོགས་པ་དྲུག་དང༌། གཟུགས་རྡོ་རྗེ་ལ་སོགས་པས་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་དང༌། སྤྱན་ལ་སོགས་པའི་རང་བཞིན་གྱིས་ས་བོན་ལ་སོགས་པ་རྣམས་དང༌། རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཀྱིས་གཟུགས་ལ་


DTG039_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཕུང་པོ་ལྔ་རྣམས་ལ་ངེས་པར་བྱེད་པའོ། །བསྒྲུབ་པའི་ཡན་ལག་གསུངས་པ། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་འོད་ཟེར་རྣམས་དང༌། ཚིགས་བཅད་ཀྱིས་ཐུགས་རྡོ་རྗེ་ལ་སོགས་པ་བསྐུལ་བའོ། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པའི་དམ་ཚིག་སེམས་དཔའི་གཟུགས་རྣམས་རྫོགས་པའོ། །སྒྲུབ་པ་ཆེན་པོའི་ཡན་ལག་གསུངས་པ། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་ཆེན་པོའི་དུས་སུ་ནི། རང་སྔགས་རྡོ་རྗེ་ཅན་ནི་རང་གི་ལྷ་རྣམས་སོ། །བདག་པོ་ནི་གཟུགས་ཏེ། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་ཅོད་པན་དུ་བསྒོམས་ནས་སོ། །ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཅེས་བྱ་བ་ནི་སྐད་ཅིག་ལ་རབ་ཏུ་སྒྲུབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལྷའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ལས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་ཀྱི་ངེས་པ་མེད་པའོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རྫོགས་པའི་རིམ་པའི་སྦྱོར་བས་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་རྫོགས་པ་གཡོ་བ་དང་མི་གཡོ་བའི་བདག་ཉིད་དུ་བདག་ཉིད་ངེས་པས་རྒྱུན་མི་འཆད་པའི་རིམ་པས་སྦྱོར་བས་སྒོམ་པ་ཡོངས་སུ་རྫོགས་པའི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་བྱའོ། །བསྐྱེད་པའི་རིམ་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་ཡན་ལག་ཟླ་བ་ཞུ་བའི་གཟུགས་ཉིད་ཀྱིས་སྟོང་པ་ཉིད་ཀྱི་བྱང་ཆུབ་པོ། །གཉིས་པ་ལྷ་མོའི་གླུས་བསྐུལ་བ་སྔོན་དུ་སོང་བ་རང་གི་ལྷའི་ས་བོན་དང་ཕྱག་མཚན་གྱི་གཟུགས་སུ་ཞུ་བ་བསྡུས་པའི་ཚོགས་ཀྱི་རང་བཞིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཟུགས་རྫོགས་པའོ། །བཞི་པ་ཆོས་ཀྱི་དབྱིངས་སུ་མོས་པའོ། །འདིས་ནི་རྡོ་རྗེ་བཞིའི་ལྷ་རྫོགས་པའོ། །ཡང་ན་སྔོན་དུ་བསྙེན་པ་བྱས་ཏེ། བརྟུལ་ཞུགས་བརྟན་པ་ཞེས་བྱ་བ་ནི་མི་ཕྱེད་པའི་རིག་པའི་བརྟུལ་ཞུགས་ལ་གནས་པས་སོ། །སྐུ་གསུམ་དམ་ཚིག་དེ་ཉིད་ཀྱིས། །ཞེས་བྱ་བ་ནི་སྐུ་གསུམ་གྱི་དམ་ཚིག་རྣམས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པའོ། །


DTG039_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཞི་དག་ཏུ་རབ་སྦྱོར་བས། །ཞེས་བྱ་བ་ནི་ཐུན་བཞིའི་རིམ་གྱིས་སོ། །གནས་ལྔར་ཞེས་བྱ་བ་ནི་རིགས་ལྔ་ཚོགས་པ་ཉིད་ཤེས་རབ་ཏུ་བརྗོད་དོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ཆ་ཨོཾ་གྱི་ཡི་གེས་བསྐྱེད་ནས་ཤེས་རབ་ཀྱི་གནས་སྐབས་སུ་བསྒོམ་པའི་དོན་དུ་དྲན་པར་བྱའོ་ཞེས་སོ། །ལ་ལ་དག །དེ་ནས་རྡོ་རྗེ་བཞི་དག་གིས། །ཞེས་བྱ་བའི་གཞུང་ནི་དཀྱིལ་འཁོར་གྱི་དོན་རྫོགས་པ་ལ་སྦྱར་རོ། །ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་བསྙེན་པ་བྱས་པ་ལ་སོགས་པ་གང་གི་ཚེ་སྒྲུབ་པ་ལ་འཇུག་སྟེ། ཞུགས་པས་མ་གྲུབ་ན་ཡང་སྒྲུབ་པ་དོན་དུ་གཉེར་བར་འགྱུར་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབ་པའི་དོན་དུ་ཇི་ལྟ་བར་བསྐུལ་བར་སྟོན་ཏོ། །དེ་ཉིད་ཀྱི་དགོངས་པ་གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ནི། །སྐུ་རྡོ་རྗེ་ཉིད་འདིས་བསྒྲུབས་པས་སྐུ་རྡོ་རྗེ་ལ་སོགས་པ་འདི་ཉིད་བྱིན་གྱིས་བརླབས་པས་དེ་ཉིད་མངོན་པར་བྱང་ཆུབ་པའི་རྒྱུ་ཉིད་ཀྱིས་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་ཉེ་བར་སྒྲུབ་པའོ། །སྐུའི་ཉེས་པ་ཐམས་ཅད་སྡོམ་པ་ཉིད་ཀྱི་ཕྱིར་ན་སྡོམ་པའོ། །དེའི་ཡུལ་ནི་གསོལ་བ་བཏབ་པས་སྐུ་རྡོ་རྗེ་ལ་སོགས་པ་རྣམས་མངོན་སུམ་དུ་བྱས་པའོ། །དེ་ཉིད་གསུངས་པ་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པ་ལ་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེའི་སྐུ་དེའི་བདག་ཉིད་དུ་འཛིན་པར་བྱེད་པས་ན་སྐུ་རྡོ་རྗེ་འཛིན་པ་སྟེ་དེ་སྐུ་རྡོ་རྗེའོ། །ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པའི་སྦྱོར་བ་ལས་དཔལ་ལྡན་ནོ། །རྡོ་རྗེ་གསུམ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །མི་ཕྱེད་པ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ། །དེའི་ངོ་བོ་ཉིད་ཀྱིས་འབྱུང་བའི་ཚུལ་གྱིས་བདག་ཉིད་ནི་བདག་གི་རྣལ་འབྱོར་པའིའོ། །སྒོམ་པས་ཞེས་བྱ་བའི་ཚིག་ལ་ནི་རྫོགས་པའི་སྐུའི་རྡོ་རྗེ་འཛིན་པའོ་ཞེས་སྦྱར་རོ། །བྱིན་གྱིས་བརླབས་པ་ནི་སྐུ་རྡོ་རྗེ་ཉིད་ལ་སོགས་རྫོགས་པའོ། །དེང་ཞེས་བྱ་བ་ནི་ད་ལྟ་སྟེ། རྡོ་རྗེ་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེས་ཏེ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་འདེབས་པའོ། །དེ་ལྟར་བྱེ་བྲག་ཏུ་གསོལ་བ་བཏབ་ནས། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་གསོལ་


DTG039_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ་པའི་དོན་དུ་གསུངས་པ། ཕྱོགས་བཅུ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་བསྐུལ་བ་ལས་ངེས་པར་བྱིན་གྱིས་རློབ་པར་གོ་བར་བྱེད་པ་གསུངས་པ། ཕྱོགས་བཅུ་ན་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེས་བྱ་བ་ནི་སྔགས་པའིའོ། །སྐུ་ཡིས་མཚན་པས་ཞེས་བྱ་བ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཉིད་ཀྱི་ཕྱིར་མཛེས་པར་སྣང་བའོ། །ངག་རྡོ་རྗེ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་ཡང་དེའི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་སྟེ་བསྟན་པ་མ་ཡིན་ནོ། །དེ་བཞིན་བྱས་ནས་ངེས་པར་བྱིན་གྱིས་བརླབ་པ་གསུངས་པ། སངས་རྒྱས་སམ་ཞེས་བྱ་བ་ལ་སོགས་པ་ལ་ཚལ་བར་འགས་པ་ཞེས་བྱ་བ་ནི་གཉིས་སུ་བསྒྲུབ་པ་ལས་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་གཟུགས་རྫོགས་པའོ། །དེ་ཡང་མི་འདའ་བའི་རྒྱུ་ཉིད་ཀྱིས་བསྒྲུབ་པའི་མཆོག་གོ །ཡི་གེ་ཨོཾ་ལ་སོགས་པའི་ས་བོན་རྣམས་དེ་རྣམས་ཀྱི་ངེས་པར་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལེའུ་འདིའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །།


previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།next