Nitartha Digital Library
Tibetan
 
previousཡང་དག་རིག་བྱེད་ཅེས་བྱ་བ་ཕྱི་མའི་རྒྱུད་ཀྱི་རྣམ་པར་བཤད་པ། བཻདྱ་པཱ་ད།next

ཡང་དག་རིག་བྱེད་ཅེས་བྱ་བ་ཕྱི་མའི་རྒྱུད་ཀྱི་རྣམ་པར་བཤད་པ།
བཻདྱ་པཱ་ད།


DTG040_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སམྱ་གྭི་དྱ་ཀ་ར་ནཱ་མེ་ཏྟ་ར་ཏནྟྲ་བྱཱ་ཁྱཱ་ནཾ། བོད་སྐད་དུ། ཡང་དག་རིག་བྱེད་ཅེས་བྱ་བ་ཕྱི་མའི་རྒྱུད་ཀྱི་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། གང་གིས་ཉི་མས་མེ་ཏོག་རྣམ་ཕྱེ་བུད་པའི་ཚུལ་དུ་སྙིང་པོའི་རྩི་བླངས་ནས། །མི་ཤེས་ཀུན་སྤངས་དྲི་མ་མེད་ཅིང་ཡེ་ཤེས་རྒྱས་པར་རང་རྒྱུད་ཚིམ་མཛད་ཅིང༌། །སྣ་ཚོགས་རིགས་ཀྱི་སྤྲུལ་པའི་ཚོགས་ཀྱིས་འགྲོ་རྣམས་རབ་ཏུ་ཚིམ་པར་མཛད་པ་ཡི། །དཔལ་ལྡན་འཇམ་དབྱངས་རྡོ་རྗེ་དེ་ལ་རབ་བཏུད་རྒྱུད་དོན་འཛིན་བདག་བླ་མ་ལའང༌། །སངས་རྒྱས་ཡེ་ཤེས་ཞབས་སོགས་རིམ་པའི་མན་ངག་རང་དང་གཞན་གྱིས་དྲན་པའི་ཕྱིར། །དཔལ་ལྡན་འདུས་པའི་རྒྱུད་རྒྱལ་དེ་བཞིན་གཤེགས་པས་མཆོག་ཏུ་གསལ་བྱེད་ཕྱི་མའི་རྒྱུད། །དམ་པས་བདག་ལ་གནད་ཕྱིར་ཆོས་ཀུན་གཞི་ཡིས་བདག་ལ་རབ་ཏུ་བསྐུལ་བའི་ཕྱིར། །ཡང་དག་རིག་བྱེད་ཅེས་བྱ་རྣམ་བཤད་འདི་ནི་ནུས་པ་ཇི་བཞིན་བདག་གིས་བརྩམ། །བྱང་ཆུབ་རྡོ་རྗེ་ལ་སོགས་པ། །དམ་པའི་སྤྱོད་ཡུལ་ཕྱི་མའི་རྒྱུད། །འདྲེན་བྱེད་རྣམས་ཀྱི་ཐུགས་རྗེ་ཡིས། །བདག་གིས་ཀྱང་ནི་བཤད་པར་བྱ། །དེ་ལ་འདིའི་གླིང་གཞི་ཕུན་སུམ་ཚོགས་པའི་རྣམ་པར་བཤད་པ་དང༌། རྟོག་པ་མངོན་དུ་གཏོང་བའི་ཉན་པ་པོ་རྣམས་ཁས་ལེན་པའི་ཡན་ལག་རྣམས་ནི་བསྡུས་པའི་དོན་དུ་བཤད་པས་དེ་ལས་དཔགས་ཏེ་ཤེས་པར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱི་མའི་རྒྱུད་ཀྱི་དོན་ཕུན་སུམ་


DTG040_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་སྟོན་ཏེ། དེ་ཡང་དང་པོ་ཐབས་ཁྱད་པར་ཅན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དོན་གསལ་བར་སྟོན་ཏེ། དེ་རྣམས་ཀྱི་བྱེ་བྲག་གི་ཚིག་བྱམས་པ་ལ་སོགས་པ་ཞེས་པས་ནི་ཐུགས་སུ་ཆུད་པའི་གང་ཟག་སྟོན་ཏོ། །ཅི་འདྲ་བ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་སོ། །ཐབས་གང་གིས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པ་ལ་ཞེས་བྱ་བ་སྨོས་སོ། །དངོས་པོ་གང་གིས་ཤེ་ན། །དངོས་པོ་ཐམས་ཅད་ཀྱིས་ཞེས་སོ། །ཇི་ལྟར་ཆུད་ཅེ་ན། །ཇི་ལྟ་བ་དང་དམ་ཚིག་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཐོས་ཏེ་རྟོགས་ནས་ཞེས་སོ། །གང་ལ་གསོལ་ཞེ་ན། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཞེས་སོ། །ཅི་འདྲ་བའི་དེ་བཞིན་གཤེགས་པ་ཡིན་ཞེ་ན། ཆོས་གཟིགས་པ་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་གསོལ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་ཡན་ལག་གི་དོན་རྣམ་པར་བཤད་པར་བྱ་སྟེ། དེ་ལ་དེ་ནས་ཞེས་བྱ་བ་ནི་རྩ་བའི་རྒྱུད་དང་རྒྱུད་ཕྱི་མའི་མཚམས་འབྲེལ་ཞིང་མཇུག་བསྡུ་བ་དང༌། རྒྱན་ཡིན་པར་བལྟའོ། །བྱམས་པ་ལ་སོགས་པ་ཞེས་པ་ནི་རྡོ་རྗེ་འཛིན་པའི་མཐུས་ཡོངས་སུ་དག་པའི་ཞིང་གི་རྡུལ་དང་མཉམ་པ་རྣམས་སོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྙིང་རྗེ་དང་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་ཐོབ་པར་བྱ་བའི་ཕྱིར་འདུན་པ་ནི་སེམས་པའོ། །ཁ་ན་མ་ཐོ་བ་ལས་རིང་དུ་སོང་བ་འགའ་ཞིག་ལ་ཡོད་དོ་ཞེ་ན། དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཚད་མ་ཆད་པའི་རིགས་རྣམས་ཀྱི་དོན་ལ་དམིགས་པར་བྱེད་པས་ནས་དེ་སྐད་ཅེས་བརྗོད་དོ། །སོ་སོའི་སྐྱེ་བོ་འགའ་ཞིག་ལས་དགར་བའི་ཕྱིར་བྱང་ཆུབ་སེམས་དཔས་ཁྱད་པར་དུ་བྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ་པས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལས་བྱུང་བའི་དབང་ནི་བྱང་ཆུབ་ཀྱི་སེམས་སོ། །དེས་བསྐུར་བའི་ཉན་པའི་སྐལ་བ་དང་ལྡན་པར་བྱས་ནས་གནས་པ་ནི་དབང་ཐོབ་པ་སྟེ། འདོད་ཆགས་ལས་བྱུང་བའི་ཏིང་ངེ་འཛིན་


DTG040_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཡང་དག་པར་བསྡུས་པའི་ཆོས་ཇི་སྙེད་པ་ཐམས་ཅད་ལ་དེ་སྐད་ཅེས་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་ལ་ཞེས་པ་ནི་དེས་དག་པ་ལ་སྐུ་གསུང་ཐུགས་ཀྱི་གསང་བའི་རང་བཞིན་ཡི་གེ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་ལ་སོགས་པ་རྡོ་རྗེ་འཛིན་པ་ཆེན་པོས་བསྟན་པ། ལྷག་མས་བསྡུས་པའི་ཆོས་རྣམས་ལ་དེ་སྐད་ཅེས་བྱའོ། །དངོས་པོ་ཐམས་ཅད་ཀྱི་ཞེས་པ་ནི་རང་རང་གི་ལུས་ལ་སོགས་པ་རྩེ་གཅིག་པས་ཞེས་སོ། །ཇི་ལྟ་བ་དང་ཞེས་པ་ནི་དེས་རང་བཞིན་དུ་གནས་པའི་ལྷ་འམ་བདག་ཉིད་དུ་ལུས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྟེ། ཇི་ལྟར་ཞེ་ན། དམ་ཚིག་ཇི་ལྟ་བ་བཞིན་དུ་ཞེས་ཏེ། སྒྲོ་མ་བཏགས་སྐུར་པ་མ་བཏབ་པས་ཇི་ལྟ་བའི་དོན་ལས་མི་འདའ་བའི་གཞུང་ལེའུ་དང་པོ་ལ་སོགས་པའི་རིམ་པ་བཞིན་དུ་ཤེས་སོ། །མཐོང་བ་ནི་སྐུས་སོ། །ཐོས་པ་ནི་གསུང་གིས་སོ། །རྟོགས་པ་ནི་ཐུགས་ཀྱིས་སོ། །སོ་སོ་ཡང་དག་པར་རིག་པ་མར་དང་མར་འདྲེས་པ་ལྟར་དབྱེར་མེད་པ་ལ་དེ་སྐད་ཅེས་བྱ་སྟེ། འདི་སྐད་ཅེས་གསོལ་ཏོ་ཞེས་པ་དང་སྦྱོར་རོ། །གང་ལ་གསོལ་ཞེ་ན། ཆོས་གཟིགས་པ་དང་ལྡན་པ་ཞེས་པ་སྟེ། གང་གི་ཕྱིར་རྡོ་རྗེ་འཛིན་པའི་མཐུ་ལས་དེ་རྣམས་ཤིན་ཏུ་ཟབ་པར་གྱུར་པ་དེའི་ཕྱིར་དེ་དང་ལྷན་ཅིག་ཏུ་དུས་གང་གི་ཚེ་ན་དེས་གཟིགས་པ་དེའི་ཚེ་ཆོས་གཟིགས་པ་དང་ལྡན་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་རྟག་པ་ལ་སོགས་པ་སྟེ། དང་པོའི་མགོན་པོ་ལྟར་བཞུད་པར་བྱེད་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བ་སྟེ། གང་ལ་ཞེ་ན། ཀུན་དུ་བཟང་པོའི་ཞེས་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའི་ཀུན་དུ་བཟང་པོ་ནི་རྡོ་རྗེ་འཛིན་ནོ། །དེའི་སྐུ་གསུང་ཐུགས་ཀྱི་ངེས་པ་དེ་ངོ་མཚར་ཞེས་སོ། །ངེས་པ་དངོས་གང་ཞེ་ན། རྡོ་རྗེ་གསུམ་ལ་ཀུན་དུ་ནི། །རྡོ་རྗེ་གསུམ་ནི་རྣམ་བཞུགས་ཏེ། །ཞེས་པ་སྟེ། སེམས་ཅན་རྣམས་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ལ་ཀུན་དུ་བཟང་པོའི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་དོན་དམ་པ་འམ་ཀུན་རྫོབ་ཏུ་གཅིག་པའམ། གོ་རིམས་བཞིན་དུ་དབྱེར་མེད་པར་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་བཅོམ་ལྡན་འདས་རྣམ་པར་སྣང་


DTG040_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པའི་འདས་མ་ཐག་པའི་དོན་བསྟན་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་འཛིན་པ་དང་སེམས་ཅན་རྣམས་དབྱེར་མེད་པར་བསྟན་ནས། ད་ནི་དོན་དམ་པར་ན་དེ་དག་ཀྱང་སངས་རྒྱས་ཡིན་པར་བསྟན་པ། སེམས་ཅན་དུས་གསུམ་དུ་བྱུང་བ་ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད་ཅེས་ཏེ། འདས་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་འདས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་དང་ལྡན་པར་གྱུར་པས་དེ་རྣམས་ཀྱི་ངོ་བོ་ཉིད་ལས་བྱུང་བ་སྟེ། དེའི་ཕྱིར་དེ་རྣམས་ཀྱང༌། བྱང་ཆུབ་རྡོ་རྗེ་གནས་ཐོབ་པ། །སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །ཞེས་ཏེ། གདོད་མ་ནས་དེ་ལྟ་བུའི་རང་བཞིན་དུ་གནས་པ་ལ་དེ་སྐད་ཅེས་བརྗོད་དོ། །ད་ནི་དེ་ལྟ་བུའི་དོན་དེ་ལ་ངོ་མཚར་བར་གསུངས་པ། ཨེ་མ་ཧོ་ཞེས་པ་ལ་སོགས་པའོ། །འདི་རབ་ཏུ་ངོ་མཚར་ཆེ་ཞེས་པ་ནི་རབ་ཏུ་ཡང་ངོ་མཚར་ཆེ་ཞེས་སོ། །ཇི་ལྟ་བུ་ཞེ་ན། དབང་པོ་ལས་འདས་ཤིང་ཞེས་པ་ནི་དེ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ཞི་བ་སྟེ་སྤྲོས་པ་དང་བྲལ་བའོ། །དེ་བས་འཁོད་པ་དག་གི་རྒྱུན། །མཆོག་ཏུ་མྱ་ངན་འདས་ཤེས་ཏེ། །བདག་དང་བདག་གི་ལ་སོགས་པར་སྣང་བའི་འཁོར་བའི་རྒྱུན་ཁོ་ན་ལ། དེ་བཞིན་ཉིད་དུ་ཤེས་ན་མཆོག་ཏུ་མྱ་ངན་ལས་འདས་པ་སྟེ། །དེ་ཉིད་ཨེ་མ་ཧོ་ཞེས་སོ། །འདི་རང་བཞིན་དང༌། །དབྱེ་བ་དང༌། །མཚན་ཉིད་དང་མ་རྫོགས་པ་དང༌། མཆོག་ཏུ་མྱ་ངན་ལས་འདས་པ་ལྔ་ལས་འདིར་ཐ་མར་བཟུང་སྟེ། རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པའོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་མ་ནོར་བར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་སུ་ཆུད་པའི་དོན་གསོལ་ནས། ད་ནི་དོན་མ་རྟོགས་པའི་སེམས་ཅན་རྒྱུད་ཀྱི་དོན་ལ་ཐེ་ཚོམ་གཅོད་པའི་ཕྱིར། ཞུས་ལན་གྱི་བྱེ་བྲག་བསྟན་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསང་བ་མཆོག་གི་མཆོད་པ་ནི་སོ་སོའི་ས་བོན་ལས་བྱུང་བའི་མཆོད་པ་ལྷ་མོའི་གཟུགས་ལ་སྒེག་པའི་ཉམས་ཀྱིས་བརྒྱན་པས་བདེ་བ་མཆོག་གི་རྐྱེན་དུ་གྱུར་པ་རྣམས་ཀྱིས་ཏེ། དེ་ཡང་དག་པར་མཆོད་ནས་ཞེས་སོ། །མགྲིན་གཅིག་ཏུ་ཞེས་པ་ནི། མགོན་


DTG040_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ནས་འབྱུང་བ་བཞིན་དུ་སྟེ། དགོངས་པ་གཅིག་དང༌། དབྱངས་གཅིག་པ་སྟེ། རྣམ་པར་གྲོལ་བའི་མཐུ་ཐོབ་པའི་ཕྱིར་རོ། །གང་གསོལ་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས་པའོ། །ཤིན་ཏུ་ཐོབ་དཀའ་ཞེས་པ་ནི་ཨུ་དུམྺཱ་ར་ལྟར་སངས་རྒྱས་རྣམས་ཤིན་ཏུ་འབྱུང་དཀའ་བས་ན་ཐོབ་དཀའ་ཞེས་ཏེ། སངས་རྒྱས་འབྱུང་བ་རྣམས་ཀྱིས་ཀྱང་སྐལ་བ་མེད་པའི་སེམས་ཅན་གྱི་དབང་དུ་བྱས་ནས་དོན་འདི་ལྟ་བུ་མི་སྟོན་ཏེ། ཇི་སྐད་དུ་རྩ་བའི་རྒྱུད་ལས། མར་མེ་མཛད་དང་ཐུབ་པ་འོད་སྲུངས་ལ་སོགས་པའི་དུས་སུ་ངེས་མ་བཤད་དེ། དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་གང་ཞེ་ན། གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཅེས་སོ། །དེ་ཡང་བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་ཕྱི་མ་ནི་ཐབས་གཙོ་བོར་བྱེད་པའི་རྒྱུད་དེ། དེའི་ཕྱི་མར་གྱུར་པའི་རྒྱུད་དེ་འདུས་པའོ། །དེ་ཉིད་རྟོགས་པར་དཀའ་ཞེས་ཏེ། ཤེས་རབ་ཀྱིས་ང་རྒྱལ་བསལ་བར་བྱ་བ་དང༌། དངོས་གྲུབ་ནི་བླ་མ་ལ་རག་ལས་པར་བསྟན་པའི་ཕྱིར་རོ། །ཚིག་དང༌། ཡི་གེ་དང༌། དོན་སྦས་པ་གསུམ་དུ་བཤད་པའི་ཕྱིར་རོ། །དེ་ཉིད་འགྲོ་བ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་དུ་ཞེས་སོ། །དེས་བྱང་ཆུབ་སྒྲུབ་པའི་ཐབས་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པས་ལུས་རྒྱུད་ཅིག་ཅར་རྣམ་པར་དག་སྟེ། དེའི་ཕྱིར། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཞེས་སོ། །ཡང་དག་གསུངས་པས་ཞེས་པ་ནི་ཡང་དག་པར་གསུང་བ་སྟེ་སྟོན་པའོ། །ཇི་སྐད་དུ། ད་ནི་བརྫུན་སོགས་བག་ལ་ཉལ། །བཅས་པ་སྤངས་ཕྱིར་གསུངས་པ་ནི། །མ་ནོར་གསུངས་པས་དེ་བས་ང༌། །ཡང་དག་གསུང་བ་ཞེས་བཤད་དོ། །ཞེས་སོ། །དེས་གང་བཤད་པ་ཞེས་སོ། །ཀྱེ་མགོན་པོ་ཞེས་པོས་ནས་ཁྱེད་རྣམས་ལ་གསོལ་བ་འདེབས་སོ་ཞེས་སྤྱིར་ཞུས་པའོ། །དེའི་ལན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་བའི་སྐབས་ཕྱེ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཆེ་ཞེས་པ་ནི་བྱང་ཆུབ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཡོན་ཏན་འབྱུང་གནས་ཞེས་པ་ནི་སྟོབས་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་པའི་ཕྱིར་རོ། །ལེགས་ཞེས་གཉིས་སྨོས་པ་ནི་སྤྲོ་བ་བསྐྱེད་


DTG040_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ལྟར་སྤྱིར་ཞུས་ཤིང་སྤྱིར་ལན་བསྟན་ནས་ད་ནི་ཁྱད་པར་དུ་ཞུས་ཤིང་དེའི་ལན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་རེ་རེ་ནས་ཞུས་པ་སྟོན་ཏེ། རབ་ཏུ་དགའ་བས་མིག་གདངས་ནས། །ཞེས་པ་ནི་རྗེས་སུ་གནང་བའི་ཚིག་གིས་ཡང་སྤྲོ་བའི་རྟགས་སྔོན་ལེགས་པར་སྦྱངས་པའི་འབྲས་བུ་པདྨའི་འདབ་མ་རངས་པ་ལྟ་བུ་འཛུམ་དང་ལྡན་པར་ཞེས་སོ། །འདི་ཡི་སོམ་ཉི་ཞུས་པར་གྱུར། །ཞེས་པ་ནི་ཡང་དག་པའི་དོན་ལ་ཡིད་གཉིས་ཟ་བའི་སོམ་ཉི་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ལ་འཇུག་པའི་སོམ་ཉི་སྟེ། དེ་ཞུས་པའོ། །འདི་གསང་བ་ཞེས་ཇི་ལྟར་ལགས། །ཇི་ལྟར་ན་ནི་འདུས་ཞེས་བགྱི། །ཞེས་པ་ནི་མཚན་གྱི་དོན་ཞུས་པའོ། །དེ་ལ་སོགས་པ་ཞུས་ཚིག་ལྔ་བཅུ་རྩ་བཞི་ནི་ལན་གྱི་སྐབས་སུ་གསལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་ཆེན་པོ་ལ་དམིགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ་བའི་ས་ལ་བཞེངས་པར་རིག་ནས་ཡང་དང་ཡང་དུ་བསྐུལ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་མཉམ་པར་ཞོག་ལ་ཉོན་ཅིག་པར་གདམས་པ་བསྟན་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པ་ནི་རང་རང་གི་རྡོ་རྗེ་གསུམ་གྱིས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །ཞེས་པ་ནི་རྡོ་རྗེ་འཛིན་པའི་སྐུ་ལ་སོགས་པའི་རྡོ་རྗེ་ལ་བཞག་ནས་ཞེས་ཏེ། རང་གིས་ཡང་དག་པར་རིག་པ་དབྱེར་མེད་པར་རྩེ་གཅིག་ཏུ་བྱས་ནས་ཞུས་པ་རྒྱ་ཆེར་བཤད་པ་ཞེས་པའི་བསམ་པ་དང༌། ཚིག་དང༌། རྟོག་པ་དང༌། གནས་པ་རྒྱ་ཆེ་བ་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་དག་གི་གསུང་གི་རིམ་པ་བཞིན་དུ་དེ་དག་གི་སེམས་བསྒྲུབ་པར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ཆ་ལུགས་དང་གདན་ལ་སོགས་པ་འདྲ་བར་བྱེད་ཅིང་བྱང་ཆུབ་ཀྱི་བདག་ཉིད་ཅན་ཏེ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་རྡོ་རྗེ་གསུམ་ལ་རང་རང་གི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་སུ་དམིགས་ནས་སོ་ཞེས་ཏེ། ངོ་བོ་ཉིད་མེད་པར་རང་གིས་ཡང་དག་པར་མངོན་


DTG040_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བྱས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའི་ལན་ཆེད་དུ་བརྗོད་པ་དང་བཅས་པ་བསྟན་པ་གསུངས་པ། དེ་ནས་དེ་བཞིན་ཞེས་པ་ལ་སོགས་པའོ། །རང་རང་གི་ཐུགས་ཞེས་པ་ནི་དེ་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་ཉིད་ཐུགས་ཏེ། དེ་ལས་ཐུགས་རྗེ་ཆེན་པོར་དམིགས་ནས་ཞེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སུ་དམིགས་པ་སྟེ། དེས་ཕྱི་རོལ་ཡུལ་དུ་བྱེད་པའི་ཕྱིར་རོ། །བྱིན་གྱིས་བརླབས་ཏེ་ཞེས་པ་ནི་ཉན་པ་པོའི་བྱང་ཆུབ་སེམས་དཔའ་རྣམས་སྣོད་དུ་རུང་བར་བྱས་པ་སྟེ། དེ་བས་ན་དམ་ཚིག་ལ་སོགས་པ་ནི་ཡང་དག་པར་བྱེད་པའི་རྒྱུ་ཡིན་པས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡང་དང་ཡང་དུ་བསྒྲུབ་པར་བསྟན་པའི་ཕྱིར་འདིས་ཡང་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ། སྣོད་རུང་བྱས་ནས་འཆད་པ་ནི། །སྟོན་པ་རྣམས་ཀྱི་ཆོས་ཉིད་དོ། །ཞེས་སོ། །འདི་ཡི་གསང་བ་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་བསྟན་པའི་ཕྱིར། གསང་བ་ཞེས་སུ་བསྟན་པ་ནི། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །ཞེས་ཏེ། དེ་རྣམས་རྒྱུ་བ་དང་གནས་པའི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཐུགས་རྗེ་དང་ལྡན་པའི་བདེ་བར་གཤེགས་པ་རྣམས་ཀྱིས་བསྟན་ཀྱང་ཐེག་པ་འོག་མ་རྣམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར་གསང་བ་ཞེས་བྱའོ། །ཇི་སྐད་དུ། ད་ཡི་དེ་ཉིད་དམ་པ་ནི། །རྒྱུད་འདི་ལ་ནི་གསུམ་དུ་གྲགས། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །རྒྱུ་དང་མི་རྒྱུའི་དངོས་པོ་ལ། །ཁྱབ་གནས་ཐུབ་དབང་ཐམས་ཅད་ཀྱིས། །ཐུགས་རྗེ་ཀུན་དུ་བསྟན་གྱུར་ཀྱང་། །བྱིས་པ་རྣམས་ཀྱིས་མ་རྟོགས་ཕྱིར། །རང་བཞིན་གྱིས་ནི་གསང་ཞེས་བྱ། །ཞེས་སོ། །ཇི་ལྟར་ན་ནི་འདུས་ཞེས་བགྱི། །ཞེས་པའི་ལན་བསྟན་པའི་ཕྱིར། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པར་འདུས་པར་གསུངས་པའོ། །ཞེས་ཏེ། རང་བཞིན་གྱི་སངས་རྒྱས་དང་ལས་ཀྱིས་བསྒྲུབས་པའི་སངས་རྒྱས་རྣམས་དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་དུ་ཚོགས་པའི་ཕྱིར་འདུས་པ་ཞེས་བཤད་དེ། བསྡུས་པའི་དོན་བལྟ་བར་བྱའོ། །རྒྱུད་ཀྱི་འབྲེལ་པ་ཇི་ལྟར་ལགས། །ཞེས་པའི་ལན་བསྟན་པའི་ཕྱིར། ལྔ་པ་ཞེས་པ་ལ་སོགས་པའོ། །དེ་ལ་ལེའུ་ལྔ་


DTG040_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སྒྲུབ་པ་པོའི་སྔོན་དང་ཕྱིས་སྤྱོད་པའི་ཁྱད་པར་བསྟན་ཏོ། །དགུ་པ་ལས་ནི་སྲོག་གཅོད་པ་ལ་སོགས་པའི་སྲུང་བའི་དམ་ཚིག་བཞི་བསྟན་ཏོ། །བཅུ་བདུན་པ་ལས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྲུང་བ་དང་བཟའ་བའི་དམ་ཚིག་རྒྱས་པར་བསྟན་ཏོ། །བཅུ་གསུམ་པ་ལས་ནི་གསང་སྔགས་བཟླས་བརྗོད་ཀྱི་སྦྱོར་བ་སྟོན་ཏོ། །ལེའུ་ལྔ་པ་ལ་སྒྲུབ་པ་པོ་དང༌། གཞན་གྱི་ཚིག་ལ་སོགས་པ་འབྲེལ་ཏོ། །དེ་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པ་ཆེན་པོར་བསྟན་པ་ཡིན་ཞེས་ཏེ། མཆོག་གི་དངོས་གྲུབ་ཀྱི་རྒྱུའོ་ཞེས་གསུངས་སོ། །བཞི་པ་ལས་ནི་རི་མོའི་དཀྱིལ་འཁོར་གསུངས་ཏེ། སློབ་དཔོན་གྱི་ལས་སོ། །བཅུ་དྲུག་པ་ལས་ནི་བརྟུལ་ཞུགས་དང་རི་མོའི་དཀྱིལ་འཁོར་གྱི་ལྷག་མ་སྟོན་ཏེ། གཉི་ག་དང་འབྲེལ་ཏོ། །བརྒྱད་པ་ལས་ནི་དེ་བཞིན་ཉིད་དང་རྗེས་སུ་འབྲེལ་བའི་མཆོད་པ་སྤྲོ་བ་སྟེ་སྡོམ་པའོ། །བཅུ་གཉིས་པ་ལས་ནི་ཐུན་མོང་གི་དངོས་གྲུབ་མི་སྣང་བ་ལ་སོགས་པ་སྟོན་ཏོ། །ལྔ་པའི་དོན་ཁོ་ན་དང་འབྲེལ་ཏོ། །བརྒྱང་བ་ཞེས་པ་ནི་གོང་དུ་བརྒྱང་པ་སྨོས་པས་འདི་གཞུང་ལྷག་པས་དྲུག་པར་འདོད་དེ། དྲུག་པ་དེ་ལས་རྗེས་སུ་ཆགས་པའི་སྔགས་དང༌། ཉེ་བར་སྒྲུབ་པ་རྡོ་རྗེ་གསུམ་བྱིན་གྱིས་བརླབས་པའི་ཆོ་ག་སྟོན་ཏོ། །ཇི་སྐད་དུ་གཉིས་པ་ལས། སེམས་དེ་ཡེ་ཤེས་གཟུགས་བསྒྱུར་བ། །བསྒོམ་པ་ཉེ་བར་སྒྲུབ་པའོ། །ཞེས་པས་སོ། །གཉིས་པ་ལས་སྤྱི་དང་རིགས་སོ་སོའི་བྱང་ཆུབ་སེམས་ཏེ་སྡོམ་པའོ། །བཅུ་པ་དང་བཅུ་བཞི་པ་ལས་ཐུགས་བསྐུལ་བ་དང༌། ཕུར་བུས་གདབ་པའི་དྲག་ཤུལ་གྱི་སྦྱོར་བ་སྟོན་ཏེ། བར་མའི་གཉིས་པ་ཁོ་ན་དང་འབྲེལ་ཏོ། །བདུན་པ་ལས་རྗེས་སུ་དྲན་པ་བཅུ་དྲུག་སྟེ་སྒྲུབ་པའི་སྡོམ་པའོ། །གཅིག་པ་ལས་ལྷ་རྣམས་ཕྱུང་བ་སྤྱི་དང་ཁྱད་པར་གྱི་ཕྲིན་ལས་མཛད་པ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་ལས་སོ། །གསུམ་པ་ལས་ལྷ་རྣམས་ཀྱི་སྐུ་མདོག་དང༌། མཚན་མ་དང༌། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པའི་སྔགས་ཏེ་བསྙེན་པའོ། །བཅུ་གཅིག་པ་ལས་རི་བོ་ལ་སོགས་པའི་གནས་ཏེ་དངོས་གྲུབ་ཀྱི་ཞིང་ངོ༌། །བཅོ་ལྔ་པ་ལས་རྨི་ལམ་གྱི་བྱེ་བྲག་གཉིས་ཏེ་མཚན་མའོ། །དེ་ནི་སྒྲུབ་པ་པོ་ཁོ་ན་དང་འབྲེལ་ཏོ། །དེ་རྣམས་ནི་མཚོན་པ་ཙམ་དུ་ཟད་དེ། གཞན་ཡང་


DTG040_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དེ་དང་དེ་ལས་དོན་འདི་ལྟ་བུ་གསུངས་སོ་ཞེས་བསྟན་པ། དུལ་དང་ཞེས་པ་ལ་སོགས་པའོ། །དུལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །གདུལ་དཀའ་ནི་གཅེར་བུ་པ་ལ་སོགས་པའོ། །ཞི་བ་ནི་འཕགས་པ་རང་རྒྱལ་བ་དང་ཉན་ཐོས་སོ། །སེམས་ཅན་རྣམས་ནི་ཞེས་པ་ནི་ཐ་མལ་པ་རྣམས་ཏེ། དེ་རྣམས་གཞུག་པ་ལ་ཐབས་གཉིས་ཏེ། གདུལ་བར་དཀའ་བ་ཚར་གཅད་པ་དང༌། གཞན་དག་ལ་ཕན་གདགས་པའོ། །དེ་ཡང་ཕན་གདགས་པ་ནི་སློབ་དཔོན་དང་འབྲེལ་ཏོ། །ཚར་གཅད་པ་དང༌། ཕན་གདགས་པའི་བྱ་བ་གཉིས་ཀ་དང་སྒྲུབ་པ་པོ་འབྲེལ་ཏོ། །དེ་ནི་བསྡུས་པའི་དོན་ལས་དཔགས་ཏེ་ཤེས་པར་བྱའོ། །དེ་ལྟར་ཆོས་དང་གང་ཟག་འབྲེལ་པ་བསྟན་ནས། ད་ནི་ཆོས་དང་གཞུང་འབྲེལ་བར་གསུངས་པ། བསྐྱེད་པའི་ཞེས་པ་ལ་སོགས་པའོ། །དེ་ལ་བསྐྱེད་པའི་རིམ་པ་ནི་བསྙེན་པ་དང༌། རྡོ་རྗེ་ཆོ་ག་བཞི་སྟེ། དང་པོའི་ཆོ་ག་དང༌། མཚན་མའི་ཆོ་ག་དང༌། སྐུའི་ཆོ་གའོ། །གཞན་ནི་འདི་ལས་འོག་ནས་སྟོན་ཏེ་དེར་ཤེས་པར་བྱའོ། །དེ་ལྟ་བུ་དང་གཞུང་ཞེས་སོ། །དེ་བཞིན་དུ་གཞུང་འདི་དངོས་གྲུབ་ཐུན་མོང་དང་འབྲེལ་ཏོ། །གཞན་ཡང་མཆོག་ཏུ་གྱུར་པ་ཞེས་པ་ནི་མཆོག་གི་དངོས་གྲུབ་དང་འབྲེལ་པའི་གཞུང་ངོ༌། །དེ་བཞིན་དུ་དཀྱིལ་འཁོར་དེ་གཞུང་བཞི་པ་དང་བཅུ་དྲུག་པར་འབྲེལ། བརྟུལ་ཞུགས་དང་བཅུ་དྲུག་པར་འབྲེལ་ཞེས་སོ། །བཅུ་བདུན་པ་དང་སློབ་དཔོན་གྱི་ཡོན་ཏན་འབྲེལ་ཏེ། བླ་མ་རྣམས་ཀྱི་སྔགས་ལམ་གྱིས་སློབ་མ་རྣམས་ལ་ཡོངས་སུ་སྨིན་པར་བྱེད་པ་དང་ཡང་གཞུང་འདི་འབྲེལ་ཏོ། །དེ་དངོས་གང་ཡིན་ཞེ་ན། ཤིན་ཏུ་དབང་བསྐུར་བའི་བརྟུལ་ཞུགས་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ། དེས་དེ་ཉིད་རྟོགས་པར་བྱེད་པས་དེ་ཐོབ་པ་ནི་སློབ་མ་བཟང་པོ་བདག་ཉིད་ཆེའོ། །དེ་ལྟ་བུའི་སློབ་མ་དེས་སངས་རྒྱས་ལ་སོགས་པ་དང་འབྲེལ་པའི་བསྟན་པ་འདིས་དེའི་འཁོར་བ་ལས་ཡོངས་སུ་གྲོལ་བ་ཡིན་ནོ་ཞེས་སོ། །དེ་ཐམས་ཅད་ཀྱང་དེ་དང༌། དེ་ལས་ཅི་རིགས་པར་སྟོན་པས་བསྡུས་པའི་དོན་ལ་དཔགས་ཏེ་ཤེས་པར་བྱའོ། །འདི་ཡི་སྦྱོར་བ་ཇི་ལྟར་ལགས། །ཞེས་པའི་ལན་བསྟན་པའི་ཕྱིར་ཐབས་དང༌། ཤེས་རབ་ཅེས་པ་ལ་སོགས་པའོ། །གང་ཞིག་


DTG040_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ཤེས་རབ་སྟེ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ངོ་བོ་ཉིད་མེད་པའོ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །ཞེས་པ་ནི་རང་རང་གི་མཚན་ཉིད་ཕྱིན་ཅི་ལོག་ལས་གྲོལ་བའི་ཀུན་རྫོབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལྟ་བུ་སྟེ། དེ་གཉིས་ཟུང་དུ་འབྲེལ་པར་འཇུག་པ་ནི་རྣལ་འབྱོར་ཞེས་བྱའོ། །གང་དུ་རྒྱུད་ཀྱི་འབྲེལ་བ་བཤད་ནས། ད་ནི་རྒྱུད་ཅེས་པའི་སྒྲ་དོན་བཤད་པའི་ཕྱིར། རྒྱུད་ནི་ཞེས་པ་ལ་སོགས་པའོ། །རྒྱུད་རྣམ་པ་གསུམ་ལས་གཞི་བཤད་པ་ནི། གཞི་ནི་ཐབས་ཞེས་བྱ་བ་ཡིན། །ཞེས་ཏེ། ཀུན་རྫོབ་ཏུ་སའི་ཆ་བསྐྱེད་པ་ལ་སོགས་པ་ཐམས་ཅད་ཀྱི་ངོ་བོ་ཇི་སྙེད་པ་ཐམས་ཅད་གཞིའོ། །རང་བཞིན་མེད་པའི་རྣམ་པ་སྟེ། ཤེས་རབ་ཀྱི་ངོ་བོ་འབྱུང་གནས་སམ་རྒྱུ་ཞེས་བྱའོ། །དེ་བཞིན་འབྲས་བུ་མི་འཕྲོགས་པ། །ཞེས་པ་ནི་གཉིས་དབྱེར་མེད་པར་རྟོགས་པ་ནི་འབྲས་བུ་སྟེ། རྒྱུ་རྐྱེན་གཞན་གྱིས་འཕྲོག་པར་མི་ནུས་ཞེས་སོ། །དེ་ལྟར་རྣམ་པ་གསུམ་རབ་ཏུ་འབྲེལ་ཅིང་བསྡུས་པའི་ཕྱིར་རྒྱུད་ཅེས་བྱ་སྟེ། རྒྱུད་ཀྱིས་སྟོན་པའི་ཕྱིར་རོ། །དེ་ལས་གཞན་ཡང་རྒྱུད་ཀྱི་ནང་དུ་གྲུབ་པར་བྱེད་པ་ཀུན་དེ་ཁོ་ནར་འདུས་པ་བསྟན་པ། རིགས་ནི་རྣམ་པ་ཞེས་པ་ལ་སོགས་པའོ། །དོན་དམ་པར་ནི་སེམས་ཀྱི་རང་བཞིན་གཅིག་སྟེ་རྡོ་རྗེ་འཛིན་ཏོ། །དེ་ཉིད་སྤྲོས་པ་གསུམ་སྟེ། སྐུ་གསུང་ཐུགས་སོ། །དེ་ལས་ཡང་ལྔ་སྟེ། རྟག་པ་ལ་སོགས་པའི་གཟུགས་སོ། །དེ་རེ་རེ་ལ་ལྔ་ལྔར་ཕྱེ་བའི་ཉི་ཤུ་རྩ་ལྔ་ལས་སྐུ་ལ་སོགས་པའི་རྣམ་པར་ཕྱེ་བའི་བརྒྱ་སྟེ། སྤྱིར་ན་རིགས་ནི་མཐའ་ཡས་པའོ་ཞེས་སོ། །རིགས་དེ་དག་གམ་གཞན་ཡང་དེ་དང་འདྲ་བ་ཇི་སྙེད་པ་ཀུན་ཀྱང་གཞི་དང་རང་བཞིན་དང༌། འབྲས་བུ་རྣམ་པ་གསུམ་ལ་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱའོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་དོན་དེ་རྣམས་ཀྱི་རྒྱུད་ཀྱི་དོན་གང་ཡིན་ཞེ་ན། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རྩ་བའི་རྒྱུད་ལ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡིས་གསུངས་པའི་ཚིག་དང་འདྲ་བར་གསུངས་པས་དེ་རྒྱུད་ཕྱི་མར་འདོད་ཅེས་ཏེ། དོན་ཐ་མི་དད་པར་གསུངས་པའི་ཕྱིར། དེ་ཡང་རྣམ་པ་གསུམ་དུ་འདོད། །ཅེས་སོ། །དེ་ཁོ་ན་ཉིད་ཇི་ལྟར་ལགས། །ཞེས་པ་ལ་སོགས་པ། ཞུས་ཚིག་བཞིའི་ལན་བསྟན་པའི་ཕྱིར། དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པའོ། །དེ་རྣམས་ནི་གོ་སླའོ། །བྱང་ཆུབ་


DTG040_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་རྡོ་རྗེ་ཞེས་པའི་སྒྲ་བསྟན་པའི་ཕྱིར། བྱང་ཆུབ་སེམས་ནི་ཇི་ལྟར་ལགས། །ཞེས་པའི་ལན་བསྟན་པའི་ཕྱིར། སྐྱེ་འགག་མེད་ལ་ཞེས་པ་ལ་སོགས་པའོ། །དངོས་པོ་དངོས་མེད་མི་ཟད་ཅེས་པ་ན་མཐའ་གཉིས་དང་བྲལ་བའི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་པའི་དོན་ཏོ། །གཙོ་ཞེས་པ་ནི་རྒྱུ་ལྟ་བུར་ཀུན་དུ་ཁྱབ་པའོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཞེས་སོ། །ལེའུ་དང་པོ་ལས་རིག་པའི་སྐྱེས་བུ་ཞེས་པའི་སྒྲའི་དོན་བསྟན་པའི་ཕྱིར། དེ་བཞིན་རིག་པའི་སྐྱེས་བུ་ཅི། །ཞེས་ལན་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །མི་ཕྱེད་པའི་ཞེས་པ་ནི་ཡབ་ཡུམ་གཉིས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་གཅིག་པ་ཞེས་སོ། །ཕྱེད་དངོས་ཏེ་ཞེས་པ་ནི་དེ་གཉིས་རྣམ་པའི་ཀུན་རྫོབ་ཀྱིས་ཕྱེ་བ་སྟེ། དེ་བས་ན་རིག་པ་དང་ལྡན་པའི་སྐྱེས་བུ་ལ་རིག་པའི་སྐྱེས་བུ་ཞེས་སོ། །ལེའུ་དང་པོའི་དབྱུང་བའི་སྔགས་ཀྱི་དོན་དྲི་བའི་ཕྱིར། བཛྲ་དྷྲྀཀ་ནི་ཇི་ལྟར་ལགས། །ཞེས་པ་ལ་སོགས་པའི་ཞུས་ཚིག་ལྔའི་ལན་གསུངས་པ་ནི། རྒྱུ་ཞེས་པ་ལ་སོགས་པའོ། །རྒྱུ་ལྔ་དང་ཞེས་པ་ནི་གཟུགས་ལ་སོགས་པ་ལྔའོ། །འབྲས་བུ་ལྔ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། །དེ་ཉིད་འོག་དང་གོང་གི་ཚུལ་གྱིས་འབྲས་བུ་རྣམ་པར་དག་པའི་ཚུལ་གྱིས་གཟུགས་ནི་བཛྲ་ཞེས་སུ་བསྟན་ཏོ། །དེ་འཛིན་པས་ན་དྷྲྀཀ་ཅེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་ཡིད་དུ་འདོད་དོ། །ཡོད་མེད་དབུས་ལས་འདས་པ་ལས། །ཞེས་པ་ནི་ཡོད་པ་དང་མེད་པ་དང་དབུས་རྣམ་པར་རྟོག་པ་དེ་གང་ཞེ་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྣམ་པར་དག་པ་དེ་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞིའི་རྣམ་པའི་གཟུགས་དེ་ལ་ཛི་ན་ཛི་ཀ་ཅེས་བྱའོ། །སྐྱེ་བ་ཞེས་པ་ནི་ཛི་ན་སྟེ། ཀུན་བརྟགས་ཀྱི་བདག་ཉིད་དོ། །དེ་ལས་རྒྱལ་བར་བྱེད་པས་ཛི་ཀ་ཅེས་བྱ་སྟེ། རྟག་པའི་རང་བཞིན་དུ་སྐྱེའོ་ཞེས་སོ། །ཚིག་གི་དོན་ཐམས་ཅད་མཉམ་པ་ཉིད་ལས་འབྱུང་བས་ན་དེས་དག་པའི་སེམས་ནི་རིན་པོ་ཆེ་ཡིན་པས་ན། ཐམས་ཅད་དོན་ཀུན་འབྱུང་བས་ན། །སེམས་ནི་རཏྣར་བསྟན་པ་ཡིན། །ཞེས་སོ། །དེ་ཡང་ཚོར་བ་རྣམ་པར་དག་པ་ཡིས་ངེས་པར་ཚོར་བས་ན་དེ་དག་པའི་ཡིད་ནི་རཏྣ་དྷྲྀཀ་ཅེས་པའོ། །


DTG040_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་མཚན་ཉིད་ཅེས་པ་ནག་པོ་དང་སེར་པོ་ལ་སོགས་པ་མཚོན་པའི་ཕྱིར་རོ། །དེས་ངེས་པར་རྟོགས་པའི་ངོ་བོ་ཡོང་ན་མཚོན་པ་ཞེས་བྱའོ། །དེས་ཐམས་ཅད་ནས་ཐམས་ཅད་དུ་གང་རོལ་ཅིང་ཡུལ་དུ་བྱེད་པས་དེ་རྣམ་པར་དག་པའི་ཡིད་མཚན་མ་དང༌། མཚོན་པ་དེ་ཡང་ཨཱ་རོ་ལི་ཀ་ཅེས་བྱའོ། །རྣམ་ཤེས་རབ་ཏུ་གསལ་བྱེད་པ། །ཞེས་པ་ནི་ས་བོན་ལ་སོགས་པ་ནས་ནང་གི་བཟླས་པའི་ལས་ཅན་གྱི་བར་གྱིས་གོམས་པས་རྣམ་པར་ཤེས་པ་ལ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་གསལ་བའི་ངོ་བོ་དེ་ཤེས་རབ་ཅེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་འཛིན་པས་ན་དྷྲྀཀ་ཅེས་བྱའོ། །ད་ནི་ལེའུ་དང་པོ་ལས་ཞེ་སྡང་གི་རིགས་མཆོག་ལ་སོགས་པའི་དོན་ཞུ་བའི་ཕྱིར། དེ་བཞིན་རིགས་འདིར་གང་ལ་བགྱི། །ཞེས་པའི་ལན་བསྟན་པའི་ཕྱིར། རིགས་ནི་ཞེས་པ་ལ་སོགས་པའོ། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །ཞེས་པ་ནི་ཐོག་མ་ནས་སོ་སོར་ཡང་རིགས་སུ་རྒྱུན་མ་ཆད་ཅེས་པའི་དོན་ཏོ། །མི་འཇིག་ཅེས་པ་ནི་རིགས་ལྔའི་རང་བཞིན་གཉིས་སུ་མེད་པ་ལ་འཇིག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་གང་ཡིན་ཞེས་སྐུ་གསུང་ཐུགས་ཀྱི་ཆོས་ཐམས་ཅད་བརྟགས་པའི་བདག་ཉིད་ཀྱིས་མ་སྐྱེས་ཏེ། དེ་བཞིན་གཤེགས་པ་ལྔའི་རྣམ་པར་སྐྱེ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་མཐའ་ཡས་པའི་མགོན་པོ་ཡིན་པར་བརྗོད་དོ། །དེ་ལྟར་དེ་བཞིན་གཤེགས་པའི་རྣམ་པར་དག་པ་སྔགས་ཀྱི་སྒོ་ནས་བསྟན་ནས། ད་ནི་ཕུང་པོའི་སྒོ་ནས་རྣམ་པར་དག་པ་གསུངས་པ། རྒྱུ་འབྲས་ཞེས་པ་ལ་སོགས་པའོ། །དེ་ལ་རྒྱུ་ལ་རྒྱུ་ཉིད་དུ་ཞེན་པ་དང༌། འབྲས་བུ་ལ་འབྲས་བུ་ཉིད་དུ་མངོན་པར་ཞེན་པ་དང་གཉིས་ཀྱི་རིམ་པ་སྟེ་ཆེན་པོའི་ཞེ་སྡང་ཞེས་བྱའོ། །གཉིས་པོ་དེ་འཇིག་པར་བྱེད་པ་ནི། རྣམ་ཤེས་ཞེ་སྡང་ཡིན་པར་བཤད། །ཅེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཏེ། རྒྱུ་འབྲས་མེད་པར་ཆུད་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །གཟུགས་ཀྱི་ཕུང་པོ་ནི་སེམས་མེད་པས་བེམས་པོས་བཅིངས་པའི་རང་བཞིན་ཏེ། དེ་རྣམ་པར་དག་པ་གཏི་མུག་ཅེས་བྱ་སྟེ། ཐམས་ཅད་ལ་རང་རིག་ཅིང་འབྱང་པ་མེད་པ་ཞེས་བྱའོ། །ཚོར་བ་ནི་དྲེགས་པ་དང་ང་རྒྱལ་ལ་སོགས་པའི་ངོ་བོ་བས་ན་དེ་རྣམ་པར་དག་པའི་ངོ་བོ་ནི་བདག་ཏུ་རློམ་


DTG040_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་ཏེ། ཐམས་ཅད་བདག་ལ་མཉམ་མོ་སྙམ་པའི་མཚན་ཉིད་དུ་གནས་པའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་པས་ན་དངོས་པོ་ལ་ཆགས་པའི་མཚན་ཉིད་ཅན་ཞེས་བྱའོ། །དེ་རྣམ་པར་དག་པ་ནི་འདོད་ཆགས་ཏེ། ཐམས་ཅད་མི་གཏོང་བའི་བདག་ཉིད་དོ། །འདུ་བྱེད་ནི་འདུ་བྱེད་པའི་བདག་ཉིད་པས་རྐྱེན་གྱིས་དྲངས་པའི་བདག་ཉིད་ཅན་ཞེས་ཏེ། བདག་ཁོ་ནས་སེམས་ཅན་གྱི་དོན་བྱའི་གཞན་གྱིས་མ་ཡིན་ནོ་ཞེས་ནན་ཏན་དུ་བྱེད་པས་ན་ཕྲག་དོག་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ལེའུ་གཉིས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ལ་ཁྱབ་པར་བསྟན་པའི་ཕྱིར། བྱང་ཆུབ་ཅེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ནི་ཐམས་ཅད་མཉམ་པའི་རང་བཞིན་ཡིན་པས་སྲིད་པ་འབྱུང་བ་ཐམས་ཅད་དུ་ཞེས་ཏེ། སྲིད་པ་དང་ཞི་བ་མཉམ་པའི་རང་བཞིན་ཞེས་སོ། །ད་ནི་ལེའུ་དང་པོ་ལས། འདོད་དང་ཐར་པ་རབ་བསྒྲུབ་པའོ། །ཞེས་པ་ལས་འདོད་པའི་དོན་བསྟན་པའི་ཕྱིར། འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི་སེམས་ནི་འདོད་པའོ། །དམ་ཚིག་ནི་ཐམས་ཅད་ལས་མི་འདའ་བའི་རྡོ་རྗེ་འཛིན་ཏོ། །དེ་ཡང་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པས་ན་སྣ་ཚོགས་འདྲ་བའོ། །དེ་ཡང་རང་རིག་པ་ལ་མངོན་པར་ཕྱོགས་ཤིང་བྱམས་པ་ལ་སོགས་པ་གོམས་པ་ལས་སྐྱེས་པའི་འབྲས་བུ་བས་ན་དེ་དང་ལྡན་པའི་སེམས་ནི་འདོད་པའོ། །ད་ནི། མོ་ཧ་ཞེས་འདིར་གང་ལ་བགྱི། །ཞེས་པ་ལ་སོགས་པ་ཞུས་ཚིག་ལྔའི་ལན་གསུངས་པ། གཉིས་མེད་ཅེས་པ་ལ་སོགས་པའོ། །དེ་ཡང་ཆོས་ཉིད་ཀྱི་ཡུལ་ཅན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ང་རྒྱལ་གྱི་ངོ་བོ་ཉིད་དུ་རྨོངས་པ་དེ་ལ་མོ་ཧ་ཞེས་བྱའོ། །དེ་ཉིད་ཕྱོགས་ངེས་པ་མེད་པར་ཕན་ཚུན་ཐུག་ཅིང་འབྱེར་བའི་ངོ་བོས་ན་དྭེ་ཥའོ། །དེ་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ལ་ཞེན་ཅིང་མི་གཏོང་བས་ན་རཱ་གའོ། །དེ་ཉིད་མི་ཆོད་ཅིང་མི་ཤིགས་པའི་ངོ་བོའི་ཡེ་ཤེས་དེ་ནི་བཛྲ་ཞེས་བྱའོ། །བཞི་པོ་དེ་དག་གིས། ར་ཏཱི་རྫོགས་པའི་ལོངས་སྤྱོད་མཆོག །ཅེས་བྱ་སྟེ། གཉིས་སུ་མེད་པ་ལས་རྩ་བའི་ཡེ་ཤེས་ཀྱི་དགའ་བ་མཚན་མ་མེད་པ་སྐྱེ་བའི་ཕྱིར་རོ། །ལེའུ་དང་པོ་ལས་བཙུན་མོའི་མཆོག་ཕུན་


DTG040_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པའོ་ཞེས་པའི་དོན་བསྟན་པའི་ཕྱིར། ཕུན་སུམ་ཚོགས་པ་ཇི་ལྟར་ལགས། །ཞེས་པའི་ལན་བསྟན་པའི་ཕྱིར། བུད་མེད་བདེ་མཆོག་ཕུན་སུམ་ཚོགས། །ཞེས་ཏེ། ཡང་དག་པའི་བདེ་མཆོག་སྐྱེད་པའི་རྒྱུར་གྱུར་པའི་ཕྱིར་ན་ཕུན་སུམ་ཚོགས་པའོ། །གཏི་མུག་དགའ་མ་ལ་སོགས་པ་གསུམ་ལ་རྡོ་རྗེ་དགའ་མས་ཟིན་པར་བསྟན་པ། མོ་ཧ་ཞེས་པ་ལ་སོགས་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་རྡོ་རྗེ་སྟེ། དེ་ནས་གཏི་མུག་ལ་སོགས་པ་གསུམ་བསྒྱུར་བ་ནི། དེ་ནི་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐག་པ་ཞེས་སུ་བཤད། །ཅེས་པ་ནི་འདི་འགྲོ་བར་བྱེད་པའི་ཕྱིར་རོ། །ད་ནི་ཡ་མཱནྟ་ཀྲྀཏ་དོན་ནི་གང༌། །ཞེས་པ་ལ་སོགས་པ་ཞུས་ཚིག་བཞིའི་ལན་བསྟན་པའི་ཕྱིར། མི་འཇིག་ཅེས་པ་ལ་སོགས་པའོ། །ལུས་ལ་སོགས་པའི་ཆོས་རྣམས་ནི་གཅིག་དང་དུ་མ་ལ་སོགས་པའི་ངོ་བོས་མ་སྐྱེས་པའི་ངོ་བོ་ཉིད་པས་ན་མི་འཇིག་བདག་ཉིད་ཆོས་ཏེ། དེ་ཉིད་དངོས་པོ་ཐམས་ཅད་མི་འདའ་བས་ན་དམ་ཚིག་སྟེ། དེ་ལྟ་བུའི་རྣམ་པར་དག་པའི་ཡུལ་ལ་དང་པོའི་རྣམ་པར་དག་པའི་བདག་ཉིད་ཡ་མཱནྟ་ཀྲྀཏ་ཅེས་སོ། །ཤེས་བྱའི་སྒྲིབ་པ་དང༌། མ་དད་པ་དང༌། གཟུང་བའི་རྟོག་པ་ནི་ཡ་མའོ། །དེ་ཉིད་མེད་པས་ན་ཏ་ཀྲྀཏ་དོ། །དོན་དམ་པའི་འགྱུར་བའི་བདག་ཉིད་ཆོས་ཐམས་ཅད་དག་པར་བྱེད་པ་ཉིད་པས་ན་རྣམ་ཤེས་མིན་བདག་སྟེ། བྱང་ཆུབ་ཀྱི་བདག་ཉིད་འཛིན་པའི་རང་བཞིན་མ་ཡིན་ཞེས་པའི་དོན་ཏོ། །དེ་ལྟ་བུ་སེམས་ཀུན་གྱི་དམ་ཚིག་སྟེ། དེའི་ཚུལ་གྱིས་པྲ་ཛྙཱནྟ་ཀྲྀཏ་ཅེས་ཏེ། ཡང་དག་པའི་སྤོང་བ་བཞི་བྱེད་པའི་ཕྱིར་དད་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སྐྱོན་ཁོ་ན་མེད་པར་བྱེད་པས་ན་ཏ་ཀྲྀཏ་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མིང་དང་གཟུགས་ལ་སོགས་པའི་བློའི་ངོ་བོ་མེད་པས་ན། བརྗོད་མེད་བདག་ཉིད་ཆོས་རྣམས་ནི། །ཞེས་བྱའོ། །དེ་ལྟ་བུ་དེ་ཆོས་ཐམས་ཅད་ཀྱི་དམ་ཚིག་སྟེ། དེས་ན་པདྨནྟ་ཀྲྀཏ་ཅེས་སོ། །ཅིའི་ཕྱིར་ཞེ་ན། བརྗོད་དུ་མེད་པའི་ཡུལ་ལ་འདུན་པ་ལ་སོགས་པའི་རྣམ་པ་ལ་བརྩོན་འགྲུས་དང་ལྡན་པའི་རྣལ་འབྱོར་པས་སེམས་མ་འཁྲུགས་པའི་དྲན་པ་ཐོབ་པ་ནི་པདྨའོ། །དེ་ཉིད་སྐྱོན་རྣམས་མེད་པར་བྱེད་པས་ན་ཏ་ཀྲྀཏ་དོ། །ཕུང་པོ་ལ་སོགས་པའི་ཚོགས་རྣམས་ནི་འཛིན་པ་


DTG040_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་རང་བཞིན་གྱིས་ཞི་བ་ཉིད་ཡིན་པས། མི་རྟོག་བདག་ཉིད་རྣམས་ནི་ཞི། །ཞེས་བྱའོ། །དེ་ཉིད་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ། ཚུལ་དེས་ན་བིགྷྣཱནྟ་ཀྲྀཏ་ཅེས་སོ། །མི་རྟོག་པའི་ཆོས་ལ་དྲན་པ་དང་ལྡན་པའི་རྣལ་འབྱོར་པས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་པའི་ཤེས་རབ་ཀྱི་རྒྱུ་གང་ཡིན་པ་དེ་ལ་བིགྷྣཱནྟ་ཀྲྀཏ་ཅེས་མ་དད་པ་ལ་སོགས་པའི་བགེགས་མེད་པར་བྱེད་པའི་ཕྱིར་རོ། །ད་ནི་དོན་དེ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཡིན་པས་དེ་ཤེས་ན་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བཞི་ཆར་གྱི་མཇུག་བསྡུ་བའི་ཕྱིར། མི་འཇིག་ཅེས་པ་ལ་སོགས་པའོ། །ད་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཉོན་མོངས་པའི་རྣམ་པར་དག་པའི་སྒོ་ནས་རང་གི་བྱ་བ་བསྟན་པའི་ཕྱིར། །གཏི་མུག་ཅེས་པ་ལ་སོགས་པའོ། །དེ་ལ་གཏི་མུག་ནི་གོང་དུ་བསྟན་པའོ། །དེས་ལོངས་སྤྱོད་པར་གྱུར་པ་ནི་རྣམ་པར་སྣང་མཛད་དེ། དེ་གོམས་པ་ལས་སྐྱེས་ཏེ། དེ་དག་མི་ཕྱེད་པའི་རང་བཞིན་ལ་ལོངས་སྤྱོད་པ་ཞེས་བྱའོ། །གཏི་མུག་ཟད་ཕྱིར་ཞེས་པ་ནི། །དེའི་མི་མཐུན་པའི་ཕྱོགས་མི་ཤེས་པའི་གཏི་མུག་རབ་ཏུ་འཇུག་པ་ཟད་པར་བྱེད་པའི་སྒོའི་བདག་པོར་གྱུར་པའི་ཕྱིར་གཤིན་རྗེ་གཤེད་དོ། །དེ་ཉིད་ཀྱིས་ན་ལུས་མཐར་བྱེད་ཅེས་ཏེ། འཇིག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་ཞེས་སོ། །གཟུང་བ་སྤངས་པ་ཉིད་ཀྱིས་ན་ཤེས་བྱ་མཐར་བྱེད་འགྱུར་ཞེས་སོ། །གཞན་རྣམས་ལ་ཡང་ཚིག་ཐབས་དེ་བསྒྲེ་བར་བྱའོ། །སེམས་ནི་མཐར་བྱེད་དེ་ཞེས་པ་ནི་འཛིན་པའི་རྟོག་པའི་སེམས་ནི་སེམས་ཏེ་དེ་མེད་པར་བྱེད་དོ་ཞེས་སོ། །དེ་མེད་པས་ན་ཉོན་མོངས་མཐར་བྱེད་འགྱུར་ཞེས་ཏེ། །ཉོན་མོངས་པ་རྣམས་ནི་འཛིན་པའི་བདག་ཉིད་སྔོན་དུ་འགྲོ་བས་ན་དེ་སྐད་ཅེས་བྱའོ། །དག་མཐར་བྱེད་ཅེས་པ་ནི་ཚིག་གི་ངོ་བོ་འགོག་པར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། སྙོམས་འཇུག་ཅེས་ཏེ། ཚིག་དང་ཚིག་བྱ་གཉིག་མཉམ་པ་ནི་སྙོམས་འཇུག་སྟེ། ངག་གི་ངོ་བོ་འགོག་པས་དེ་མེད་པར་བྱེད་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཀུན་ཟད་པར་བྱེད་པའི་ཡེ་ཤེས་དེས་སྐྱོན་གསུམ་འཇོམས་པར་


DTG040_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་ཞེས་པ་ལ་སོགས་པའོ། །དེ་ཉོན་མོངས་པ་ཉིད་མི་ཤིགས་པས་རྡོ་རྗེ་སྟེ་དེ་ཉིད་སྒྲིབ་པ་ཡིན་ལ། དེ་རྣམ་པར་དག་པ་གཉིས་སུ་མེད་པར་ཤེས་ན། ལས་རྣམས་ཐམས་ཅད་རྣམ་པར་དག །ཅེས་སོ། །དེ་དག་པས་ན་ལས་ལས་སྐྱེས་པའི་འབྲས་བུ་ཡང་རྣམ་པར་དག་པར་འགྱུར་རོ་ཞེས་ཏེ། མཐོ་རིས་དང་ངན་སོང་ཡང་རྣམ་པར་དག་པ་སྟེ། བྱང་ཆུབ་ཀྱི་རྒྱུར་འགྱུར་རོ་ཞེས་སོ། །ཇི་སྐད་དུ། གང་ལ་སྡིག་དང་བསོད་ནམས་མེད། །དེ་ལ་བྱང་ཆུབ་ཡིན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །ཁྲོ་བོ་རྣམས་ཀྱི་སྐབས་བཤད་པ་ཡིན་པས་ན་ཞུས་པ་མེད་ན་ཡང་རང་བཞིན་དུ་གཏོགས་པའི་ཆོས་རྣམ་པར་དག་པ་ཁོ་ན་གསུངས་པ། གཟུང་དང་ཞེས་པ་ལ་སོགས་པའོ། །དེ་གཟུང་བ་དང་འཛིན་པ་དང༌། ཚིག་དང་ཚིག་བྱ་བ་དང༌། སྒྲིབ་པ་རྣམ་པར་དག་པའི་རང་བཞིན་དེའི་རྣམ་པ་སོ་སོར་ཤེས་པ་དེ་ལ་གཟུང་བ་ཞེས་བྱ་སྟེ། འདོད་པའི་རྒྱལ་པོའོ། །ཆགས་པ་ནི་དེ་ལ་དགའ་བ་སྟེ་དབྱུག་པ་སྔོན་པོའོ། །རྣམ་པ་ནི་འདྲ་བར་སྐྱེད་པ་སྟེ་སྟོབས་པོ་ཆེའོ། །མི་གཡོ་བ་ནི་དེ་ཁོ་ན་ཉིད་ལ་བརྟན་པའི་བདག་ཉིད་དུ་གནས་པ་སྟེ་མི་གཡོ་མགོན་པོའོ། །རྒྱུ་ཉིད་ནི་དེ་ཉིད་གོམས་པ་ལས་ནུས་པ་དང་ལྡན་པ་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འབྲས་བུ་ཉིད་ནི་དེ་ཉིད་ལ་གོམས་པ་ལ་གསལ་བར་འགྱུར་བ་སྟེ་གནོད་མཛེས་སོ། །དེ་བས་ན། འདོད་པའི་རྒྱལ་པོ་ལ་སོགས་དྲུག །ཁྲོ་བོའི་དབང་པོ་རྣམ་པར་གྲགས། །ཞེས་ཏེ། རྒྱུའི་སྡེ་མེད་པའི་ཕྱིར་རི་མོ་དང༌། འབྱིན་པ་དང༌། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་མ་ཡིན་ཞེས་སོ། །མ་ཞུས་ཀྱང་གླེང་གཞི་ལ་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ལ་སོགས་པ་ལ་སོམ་ཉི་དགག་པའི་ཕྱིར། །དམ་ཚིག་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་ནི་གཟུགས་དང་བ་རྣམས་རྣམ་པར་དག་པ་འབྱུང་བ་ལས་གྱུར་པར་གྲགས་སོ། །མིག་ལ་སོགས་པས་ཐམས་ཅད་མཁྱེན་པར་བསྒྲུབ་པའི་ཕྱིར་རྩ་བའི་རྒྱུད་ལས་རིག་པའི་རྒྱལ་པོ་ཞེས་ཀྱང་བཤད་དོ། །དེ་བཞིན་དུ་ས་རྡོ་རྗེ་ལ་སོགས་པ་ལྔ་ནི་འབྱུང་བ་རྣམ་པར་དག་པའི་རང་བཞིན་དུ་གྲགས་སོ་ཞེས་སོ། །དེ་རྣམས་ལ་རྩ་བའི་རྒྱུད་ལས། རྡོ་རྗེ་བདག་


DTG040_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་འབྱུང་སྟེ། དེ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་དེ་སྐད་དོ། །དེ་བས་ན་འདི་རྣམས་ཀྱི་རྟོག་པས་གླེང་གཞི་ལ་སྡུད་པ་པོས་རྣམ་པར་བཀོད་པའོ། །གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཡི་གེ་གསུམ་གྱིས་འབྱུང་བར་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །དེ་བས་ན་རྒྱུའི་སྡེ་མེད་པའི་ཕྱིར་དམ་ཚིག་རྡོ་རྗེ་ལ་སོགས་པ་ཡང་རི་མོ་དང༌། འབྱིན་པ་དང༌། ལུས་ཀྱི་ལྷ་མ་ཡིན་ནོ། །ད་ནི་ལེའུ་ལྔ་པ་ལས་ཐམས་ཅད་ལ་སྤྱོད་པ་ནི་ཀུན་དུ་སྤྱོད་པའོ་ཞེས་པའི་དོན་བསྟན་པའི་ཕྱིར། མགོན་པོ་ཀུན་དུ་སྤྱོད་པ་ཅི། །ཞེས་པའི་ལན་གསུངས་པ། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པའོ། །དེ་ཇི་སྐད་དུ་བཤད་པའི་ཐབས་དང་ཤེས་རབ་ལས་བྱུང་ཞིང་དཀྱིལ་འཁོར་བའི་རྣམ་པར་ཕུང་པོ་ལ་སོགས་པ་ཐམས་ཅད་དག་པར་མོས་པས་གཉིས་སུ་མེད་པའི་སྦྱོར་བ་སྔགས་པས་ངེས་པར་བྱས་ལ། འཇིགས་པ་ཐམས་ཅད་བྲལ་ཞིང་མི་འགྱུར་བར་དོགས་པ་མེད་པའི་སེམས་ཀྱིས་སེང་གེ་བཞིན་དུ་རྒྱུ་ཞིང་གནས་སོ་ཞེས་སོ། །དེ་ལྟར་གནས་པ་ལ་སྤྱོད་པ་ཐམས་ཅད་སྤྱད་པར་བསྟན་པ། འདི་ལ་མི་བྱ་ཅི་ཡང་མེད། །ཅེས་པ་ལ་སོགས་པའོ། །དེ་བས་ན། མཉམ་པར་མ་བཞག་སྦྱོར་བ་ཡིས། །ཞེས་ཏེ། སྨྱོན་པ་ལ་སོགས་པའི་ཚུལ་དུ་སྦྱོར་ཡང་སེམས་རྟག་པ་ཉིད་མཉམ་པར་འཇོག་པས་ན་སེམས་ལ་སྤྱོད་པ་སྟེ། དེ་ཀུན་ནས་སྤྱོད་པས་ན་དེ་སྐད་དོ། །ལེའུ་བདུན་པ་ལས་སྔགས་ཀྱི་སྤྱོད་པའི་དོན་བསྟན་པའི་ཕྱིར། དེ་བཞིན་སྔགས་ཀྱི་སྤྱོད་པ་ཅི། །ཞེས་པའི་ལན་གསུངས་པ། རྐྱེན་ལས་བྱུང་ཞེས་པ་ལ་སོགས་པའོ། །དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་གང་འབྱུང་བར་འགྱུར་བ་དེ་ནི་ཡིད་ཀྱི་སྒྲར་བཤད་ལ། དེ་ཉིད་རྣམ་པར་དག་པ་ལས་འཁོར་བ་ལས་སྐྱོབ་པས་ན་མནྟྲ་སྟེ་སྔགས་སོ། །དེས་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་བའི་དམ་ཚིག་དང་སྡོམ་པ་རྡོ་རྗེ་ཐམས་ཅད་ཀྱིས་བསྐྱངས་པའི་ངོ་བོ་སྲུང་བ་དེ་སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ལེའུ་གསུམ་པ་ལས་བཟླས་བརྗོད་བསྟན་པ་གསལ་བར་བྱ་བའི་ཕྱིར། རང་རང་ཞེས་པ་ལ་སོགས་པའོ། །དེ་ཡང་སྐུ་རྡོ་རྗེ་ལ་སོགས་པ་རང་རང་གི་ངོ་བོ་


DTG040_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིད་ཀྱིས་རྣམ་པར་བསམས་ཏེ་ཞེས་སོ། །དེས་ན། གསང་སྔགས་ཟློས་པའི་དབྱེ་བ་ཡིས། །ཞེས་ཏེ། རིམ་པའམ། ཅིག་ཅར་གྱི་དབྱེ་བས་སྔགས་ཟློས་པར་བྱེད་ཅིང་སྤྲོ་བ་དང་བསྡུ་བར་བྱའོ་ཞེས་སོ། །དེ་ལྟར་རྡོ་རྗེ་གསུམ་གྱི་བཟླས་པ་བསྟན་ནས། ད་ནི་ཡེ་ཤེས་སེམས་དཔའི་བཟླས་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་སྣ་ཚོགས་ཞེས་པ་ནི་རིགས་ལྔའི་དཀྱིལ་འཁོར་རྣམས་དུས་གཅིག་ཁོ་ནར་ཡེ་ཤེས་སེམས་དཔའི་ས་བོན་ལས་སྤྲོ་ཞིང་བསྡུ་ཞེས་སོ། །དེ་ནས་ཅི་ཞེ་ན། བྱང་ཆུབ་བདག་མེད་དེ། གཟུང་འཛིན་དང་བྲལ་བས་ན་དེ་སྐད་དོ། །བརྟུལ་ཞུགས་ཀྱི་དེ་བཞིན་ཉིད་ཡིན་པས་བདག་མེད་པའི་ས་བོན་ལ་གཟུང་ཞེས་ཏེ། གནས་བརྟན་པར་བྱའོ་ཞེས་སོ། །དེ་ནས་ཡང་ཅི་ཞེ་ན། སྣ་ཚོགས་བཞིན་དུ་ཞེས་ཏེ། རང་ཉིད་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མོས་ནས་ཞེས་སོ། །སྣ་ཚོགས་སྤྲོ་ཞེས་པ་ནི་རིགས་ལྔ་ལ་སོགས་པ་སྤྲོ་བ་སྟེ། དེ་ཡང་དུས་གསུམ་ནི་རྡོ་རྗེ་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་ས་བོན་དག་གིས་བཟླས་ཞེས་སོ། །དེ་བས་ན་བཟླས་པ་ནི་སྨྲ་བ་ཡིན་ལ། སྨྲ་བ་ནི་ངག་གི་བཟླས་པ་ཞེས་བྱ་ལ། དེ་ཉིད་འབོད་པ་ཡིན་ལ། འབོད་པ་ཉིད་དེ་ཁོ་ན་ལ་བསྐུལ་བར་སྨྲ་བས་ན་རྣལ་འབྱོར་པས་ཀྱང༌། །སྐུ་མཆོག་རྡོ་རྗེ་རྫོགས་བྱང་ཆུབ། །ཅེས་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བར་བྱའོ་ཞེས་སོ། །དམ་ཚིག་སེམས་དཔའ་དང་འདྲ་བར་ཡེ་ཤེས་སེམས་དཔའ་བསྐྱེད་དོ་ཞེས་བསྟན་པའི་ཕྱིར། །ཇི་ལྟར་སྙིང་གར་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །སྤྲོ་བའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱི་བདག་ཁོ་ན་བཞིན་དུ་བསྙེན་སྒྲུབ་བཞི་དང་ལྡན་པར་བསྟན་པ། དེ་རྣམས་ཞེས་པ་ལ་སོགས་པའོ། །སྤྲོ་བ་དེ་རྣམས་ཀྱང་སྤྱི་བོར་དབང་བསྐུར་ནས་གོང་མ་བཞིན་དུ་མཆོད་པར་བྱའོ། །དེ་ཡང་རྡོ་རྗེ་འཆང་བཞིན་དུ་རིག་པ་དང་ལྷན་ཅིག་ཏུ་ཡོད་པ་སྟེ། དེའི་ལོངས་སྤྱོད་བཞིར་ཤེས་པར་བྱའོ། །དེ་གསུངས་པ། བདག་བྱིན་བརླབས་ཞེས་ཏེ། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས། །ཞེས་ཏེ་སྨོས་པའོ། །སོགས་ཀྱི་སྒྲས་ནི་ལྷག་མ་གཉིས་བསྡུའོ། །དེ་བས་ན་ཐམས་ཅད་ཀྱི་སྤྲོས་པ་ཡང་


DTG040_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་བདག་པོ་བཞིན་དུ་ཤེས་པར་བྱའོ། །ད་ནི་ལེའུ་བཅོ་ལྔ་པའི་རྒྱས་འདེབས་པའི་དོན་བསྟན་པའི་ཕྱིར། རྒྱས་འདེབས་ཇི་ལྟར་འཚལ་བར་བགྱི། །ཞེས་པའི་ལན་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པའོ། །དཔའ་བོ་ཞེས་ནི་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་རྣམས་སོ་ཞེས་སོ། །རྡོ་རྗེ་རྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྤྱི་བོར་དབང་བསྐུར་རེ་རེ་སྟེ། ཞེས་པ་ནི་རང་རང་གི་རིགས་ཀྱི་བདག་པོ་རིག་མ་དང་ལྡན་པ་རེ་རེ་སྟེ། རིགས་ལྔ་ནི་མ་ཡིན་ནོ་ཞེས་སོ། །དེ་འབའ་ཞིག་གིས་རྒྱས་གདབ་ཅེ་ན། སྙིང་པོ་ཞེས་པ་ལ་སོགས་པའོ། །དེ་ལ་སྙིང་པོ་དང་ཕྱག་རྒྱ་དང་སྔགས་ནི་ཕྱག་རྒྱ་བཞི་སྟེ། དེ་ལྟར་ཐམས་ཅད་ཀྱི་རིགས་ཀྱི་རིམ་པས་རྒྱས་གདབ་ཅེས་སོ། །རྒྱུ་རྡོ་རྗེ་འཆང་བ་ལ་འབྲས་བུ་མི་བསྐྱོད་པས་རྒྱས་གདབ་ཅེས་ཏེ་བཟློག་གོ །ལེའུ་གསུམ་པ་ལ་སོགས་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པའི་དོན་བསྟན་པའི་ཕྱིར། ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ། །ཞེས་པའི་ལན་གསུངས་པ། ལོངས་སྤྱོད་བཞི་ཞེས་པ་ལ་སོགས་པའོ། །དེ་ཡང་གཙོ་བོའི་ངེས་པ་གནས་གྱུར་པ་ལ་བསྙེན་པ་ལ་སོགས་པའི་ལོངས་སྤྱོད་བཞི་དང་ལྡན་པའི་རིག་མའི་སྐྱེས་བུ་རྡོ་རྗེ་ཅན་དུ་གྱུར་ནས། དེ་གནས་གྱུར་པས་སྐུ་ལ་སོགས་པའི་ངོ་བོ་ཉིད་གྲུ་གསུམ་དུ་རྣམ་པར་བསྒོམ་ཞེས་སོ། །གཞི་གང་ལ་བསྒོམ་ཞེ་ན། ཀུན་ནས་སེར་པོའི་འཁོར་ལོ་ནི། །རྩིབས་བཅུ་སྟེ་བཅུ་རྟག་པར་བསྒོམ་ཞེས་ཏེ། ས་བཅུ་རྣམ་པར་དག་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་རྣམ་པར་བསྒོམས་ལ། དེའི་དབུས་སུ་སྒོ་ང་ལ་བརྟེན་པ་ཞེས་སོ། །རྩིབས་རྣམས་ལ་ཁྲོ་བོ་བཅུ་བསྒོམ་སྟེ། དེ་ཡང་དད་པ་ལ་སོགས་པའི་ཤེས་པ་རྣམ་པར་དག་པས། །བདག་ཉིད་ཡེ་ཤེས་བཅུ་ལས་འབྱུང༌། །ཞེས་སོ།། འགོག་པའི་རྡོ་རྗེ་ཞེས་པ་ནི་རྩེ་གཅིག་པ་མང་པོ་འཕྲོས་པས་ཞེས་སོ། །དེ་བས་ན་སེམས་མཆོག་ཏུ་མཛེས་པས་བསྒྲུབ་པར་བྱའོ། །འཁོར་ལོ་དེ་ཡང་གཞི་རྡོ་རྗེར་སྐད་ཅིག་གིས་གཡོན་དུ་འཁོར་བར་བྱེད་པས་མི་འགུལ་བ་འདྲ་བས་ན། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་སོ། །


DTG040_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་བའི་རང་བཞིན་དང་ཡོན་ཏན་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །ལེའུ་བཅུ་བདུན་པ་ལ་སོགས་པའི་སྡོམ་པ་བསྟན་པའི་ཕྱིར། དེ་བཞིན་སྡོམ་པ་ཇི་ལྟ་བུ། །ཞེས་པའི་ལན་གསུངས་པ། རྡོ་རྗེ་ཅན་ཞེས་པ་ལ་སོགས་པའོ། །སྒྲུབ་པ་ཞེས་པ་ནི་རིམ་པ་གཉིས་ཀྱི་སྒྲུབ་པ་ནི་རྒྱུའོ། །ནན་ཏན་ནི་རྗེས་སུ་བླངས་པའོ། །དམ་ཚིག་ནི་བསྲུང་བ་དང༌། བཟའ་བ་དང༌། སྤང་བའོ། །དེ་ཐམས་ཅད་རྩ་བའི་རྒྱུད་དུ་གསུངས་སོ། །སྡོམ་པ་ཡང་དེར་གསུངས་སོ། །དེ་ཉིད་ཡིན་ཡང༌། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་ཏེ། ཁྱད་པར་དུ་གསུངས་སོ་ཞེས་ཏེ། དེ་ཉིད་གསུངས་པ། གཟུགས་དང་ཞེས་པ་ལ་སོགས་པའོ། །དེ་ཡང་གཟུགས་ལ་སོགས་པ་རེ་རེ་ལ་ཡང་བདེ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སོགས་རྟག་ཏུ་སྙིང་ལ་སྐྱེ་བར་འགྱུར་ཞེས་སོ། །དེ་ཉིད་སྡོམ་པས། ཆགས་ལ་འདོད་ཆགས་རྡོ་རྗེ་ཅན། །ཞེས་ཏེ། འདོད་ཆགས་བྱུང་མ་ཐག་ཏུ་ཚེ་དཔག་མེད་དུ་བསམ་མོ། །རྡོ་རྗེ་དྲ་བ་རིན་ཆེན་འབྱུང༌། །ཞེས་པ་ནི་ཞེ་སྡང་བྱུང་མ་ཐག་རིན་ཆེན་འབྱུང་ལྡན་ནོ། །མཉམ་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཏི་མུག་ལ་དམ་ཚིག་ཅེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལས་མི་འདའ་བའི་ཕྱིར་རོ། །འདོད་པ་དེ་རྣམས་དམ་ཚིག་མཚུངས། །ཞེས་པ་ནི་དེ་ཐམས་ཅད་ཀྱང་རྡོ་རྗེ་འཆང་ཆེན་པོར་བལྟ་སྟེ། དེ་ལྟར་གཉིས་སུ་མེད་པས་གཟུགས་ལ་སོགས་པ་བསྟེན་པ་ནི་སྡོམ་པ་ཞེས་བྱའོ། །ད་ནི་ལེའུ་དགུ་པའི་ལུས་ཀྱི་ལས་རྣམ་པར་དག་པའི་དོན་བསྟན་པའི་ཕྱིར། ཞེ་སྡང་གཏི་མུག་ཅེས་པ་ལ་སོགས་པའི་ལན་གསུངས་པ། བརྐམ་པ་དང་ཞེས་པ་ལ་སོགས་པའོ། །རྣམ་བཅས་དང་ནི་ཞེས་པ་ནི་ཐབས་དང་ཤེས་རབ་ཏུ་སྣང་བའོ། །རྣམ་པ་མེད་ཅེས་པ་ནི་དོན་དམ་པར་གཉིས་སུ་མེད་པར་བསམས་ནས། ཀུན་འགྲོ་ཡི་གེ་གསུམ་བདག་ཅེས་པ་ནི་ཀུན་གྱི་རང་བཞིན་ཡི་གེ་གསུམ་གྱིས་རྒྱས་བཏབ་ནས། བྱ་བ་དང་ཞེས་པ་གནོད་བྱེད་གསོད་པ་དང༌། དབྲོག་པ་ཞེས་པ་སེར་སྣ་ཅན་གྱི་ནོར་དབྲོག་པ་ལ་སོགས་པ་ཡང་སྤྲོ་བ་དང༌། རང་གི་བཟླས་པས་བྱའོ་ཞེས་སོ། །དེ་ལྟར་ཞེ་སྡང་ལ་སོགས་པ་ལས་དང་རྗེས་སུ་མཐུན་པའི་གཟུགས་གསུམ་དུ་བསྐྱེད་པར་བྱ་


DTG040_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྐུ་གསུང་ཐུགས་ཀྱི་གསང་བ་དག་པས་རྒྱས་གདབ་པར་བྱ་ཞིང་དབྱེར་མེད་པ་ཅན་གྱིས་ཇི་ལྟར་འདོད་པའི་དོན་བྱེད་དོ་ཞེས་སོ། །དེ་ལྟར་སྤྱིར་བསྟན་ནས། ད་ནི་ཞེ་སྡང་ལ་སོགས་པའི་ལས་སོ་སོར་བསྟན་པ། ཞེ་སྡང་སྦྱོར་ཞེས་པ་ལ་སོགས་པའོ། །དེ་ཡང་བླ་མ་བརྙས་པ་ལ་སོགས་པའི་བསྒྲུབ་བྱ་དམྱལ་བར་འགྲོ་བ་མཐོང་ནས་དེ་ལས་འབྱིན་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པས་སྲུང་མ་དང་དབྲལ་བ་ལ་སོགས་པའི་ལས་བྱས་ནས་ཞེ་སྡང་གཙོ་བོར་གྱུར་པའི་འཁོར་ལོ་བསྐྱེད་པ་ཐམས་ཅད་ནག་པོར་བསམས་ཏེ། རྡོ་རྗེ་དྲག་པོའི་གཟུགས་སྤྲོས་པས་བསྒྲུབ་བྱ་བཅོམ་སྟེ་ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ་བ་ལ་སོགས་པ་བྱའོ། །འདིས་རང་རྒྱུད་དག་པར་བསྟན་པ། འདི་ལྟའི་སྦྱོར་བ་ཞེས་པ་ལ་སོགས་པའོ། །ཁམས་གསུམ་ཞེས་པ་ལ་སོགས་པས་ནི་ཕན་ཡོན་སྟོན་ཏོ། །གཏི་མུག་གི་རྣལ་འབྱོར་པས་ནོར་དབྲོག་པ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ། །དེ་ཡང་མི་མཁོ་བའི་ཡོ་བྱད་ཀྱང་སེམས་ཀྱིས་འཛིན་པ་ཡི་དགས་ཀྱི་གནས་སུ་འགྲོ་བར་མཐོང་ནས་དེ་དགག་པའི་ཕྱིར་རྣལ་འབྱོར་པས་གཏི་མུག་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་སྤྲོ་བར་བྱས་པས་གདུ་བུ་ལ་སོགས་པའི་རྒྱན་ཇི་སྙེད་པ་ཐམས་ཅད་རྐུ་བར་གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ་མོ། །དེ་ནས་བརྐུས་པའི་རིན་པོ་ཆེས་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་ཆར་འབེབས་པར་བསམས་པས་དེ་ལས་ཐལ་བར་འགྱུར་རོ། །གསང་སྔགས་ནི་བླ་མ་དང་སེམས་ཀྱི་འགྱུར་བས་བྱེད་པས་ན་སོམ་ཉི་མི་བྱའོ། །དེས་རྣལ་འབྱོར་པའི་ཕན་ཡོན་བསྟན་པ། རྫས་རྣམས་ཐམས་ཅད་ཅེས་པ་ལ་སོགས་པའོ། །འདོད་ཆགས་ཀྱི་རྣལ་འབྱོར་པས་གཞན་གྱི་ཆུང་མ་སྤྱད་པའི་ལས་གསུངས་པ། འདོད་ཆགས་སྦྱོར་བའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་བསམ་པའི་ཁྱད་པར་ལས་བྱུང་བའི་ཁྱད་པར་དང༌། དེ་ལ་སྤྲོས་ནས་རྗེས་སུ་ཆགས་པས་ངན་པར་འགྲོ་བའི་ལས་ཏེ། དེ་དགག་པའི་ཕྱིར་འདོད་ཆགས་གཙོ་བོར་གྱུར་པའི་འཁོར་ལོ་བསྐྱེད་ནས་སྤྲོ་བ་བྱས་པས་ལྷ་མོ་ལ་སོགས་པ་དགུག་ཅིང་འདོད་པ་སྤྱད་པར་བྱའོ། །དེ་ནས་ལྷ་མོ་བཞིས་དགའ་བ་ལ་སོགས་པ་མྱོང་བར་བྱའོ། །དེ་


DTG040_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཐམས་ཅད་ལ་ཡང་དབུལ་བར་བྱ་ཞིང་འདོད་པས་རྩེན་པར་བསམས་ན་གོང་མ་ལྟར་དེ་ཐམས་ཅད་ཀྱང་དེས་དག་པར་འགྱུར་རོ། །རང་ཉིད་ཀྱང་དག་པར་འགྱུར་བའི་ཕན་ཡོན་བསྟན་པ། ཁམས་གསུམ་ཞེས་པ་ལ་སོགས་པའོ། །ལས་འདི་དག་ལ་ནུས་པ་གཞན་ཡང་ཇི་ལྟ་བུ་ཡོད་ཅེ་ན། དཀྱིལ་འཁོར་པ་ཞེས་པ་ལ་སོགས་པའོ། །དམ་ཚིག་བསྲུངས་པ་ལ་བསྟན་པས་དཀྱིལ་འཁོར་ལ་སོགས་པ་འདོད་པ་ཙམ་གྱིས་བྱེད་ལ། དེ་ཉམས་སུ་ལེན་པ་ལ་བྱིན་གྱིས་རློབ་པར་བྱེད་པས་ན་སྒྲུབ་པ་པོ་རྣམས་ཀྱི་གྲུབ་པ་ནི་གཞན་ཡིན་ནོ་ཞེས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས་པའི་དོན་ཏོ། །འདི་ལས་དཀྱིལ་འཁོར་གསལ་བར་བྱ་བའི་ཕྱིར། དཀྱིལ་འཁོར་ཞེས་ནི་གང་ལ་བགྱི། །ཞེས་པའི་ལན་གསུངས་པ། བྷ་ག་ཞེས་པ་ལ་སོགས་པའོ། །དེ་ལ། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང༌། །ཞེས་པ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་རྟེན་ཅན་གྱི་དཀྱིལ་འཁོར་ལ་བྱའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །ཞེས་པ་ནི་ས་བོན་གྱིས་དགུག་པ་ལ་སོགས་པའི་རིམ་པས་ཆོ་ག་གསུམ་གྱིས་སྒྲུབ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ལུས་སུ་བཤད་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ། དེ་དཀྱིལ་འཁོར་གསུམ་མོ། །ལེའུ་བཞི་པ་ལས། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །ཞེས་པའི་དོན་བསྟན་པའི་ཕྱིར། ཕྱག་རྒྱ་དགོད་པ་ཇི་ལྟར་ལགས། །ཞེས་ལན་གསུངས་པས་ལུས་ཀྱི་དཀྱིལ་འཁོར་གྱི་དོན་ཡང་གསལ་བར་བྱ་བའི་ཕྱིར། ཕུང་པོ་སྐྱེ་མཆེད་ཅེས་བ་ལ་སོགས་པའོ། །དེ་ཕུང་པོ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱིས་རྒྱས་བཏབ་པ་སྟེ། དེ་ཡང་རྟག་པར་ཕྱག་རྒྱ་དགོད། །ཅེས་ཏེ། བརྟགས་པའི་དུས་ཉིད་ནི་ཡང་ཞེས་སོ། །དེ་ནི་ལུས་ཀྱི་དཀྱིལ་འཁོར་ཞེས་བསྟན་པ་ཡིན་ནོ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དགོད་པ་གསུངས་པ། ལྕགས་ཀྱུ་ཞེས་པ་ལ་སོགས་པའོ། །སྲུང་བའི་འཁོར་ལོའི་མེ་མཚམས་ལ་སོགས་པ་དང༌། སྟེང་འོག་གི་རྩིབས་ལ་འདོད་པའི་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་གཡས་པར་མར་ལྕགས་ཀྱུ་ལ་སོགས་པ་དགོད་པར་བྱའོ་ཞེས་སོ། །ཕྱོགས་ཀྱི་ཁྲོ་བོའི་མཚན་མ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་རིམ་


DTG040_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱའོ། །རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་དྲུག་སྟེ། དེའི་ཕྱག་རྒྱ་དང་མདོག་ལ་སོགས་པ་ནི་རྡོ་རྗེ་འཆང་ལ་སོགས་པ་དང་འདྲ་བར་བསྟན་པའི་ཕྱིར། འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་སོ། །ས་ལ་སོགས་པའི་སེམས་དཔའ་ནི་སྤྱན་མ་ལ་སོགས་པའོ། །རྡོ་རྗེའི་བདག་པོ་རྡོ་རྗེ་ཅན། །ཞེས་པ་ནི་དེ་རྣམས་ཀྱི་མདོག་མཚན་མའི་ལྷག་མ་རྣམས་འཁོར་ལོས་སྒྱུར་བ་དྲུག་དང་འདྲའོ་ཞེས་སོ། །སངས་རྒྱས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གོ །བྱང་ཆུབ་སེམས་དཔའ་ནི་སྤྱན་ལ་སོགས་པའོ། །ཁྲོ་རྒྱལ་ཞེས་པ་ནི་ཁྲོ་བོ་བཅུ་སྟེ། དེ་རྣམས་རྒྱས་བཏབ་པའི་ཕྱག་རྒྱ་ནི་བཤད་ཟིན་ཏོ་ཞེས་སོ། །དེ་ལས་གཞན་ཡང་དཔའ་བོ་གཅིག །ཅེས་པ་ནི་རྡོ་རྗེ་དཔའ་བོ་དང༌། ཛཾ་བྷ་ལ་དང༌། ཙུནད་མ་ལ་སོགས་པ་སྟེ། མི་བསྐྱོད་པས་ཞེས་སོ། །རིགས་ནི་ཁ་དོག་གིས་བརྟག་ཅེས་པ་ནི་གནོད་སྦྱིན་མོ་དང༌། ཕྱག་བརྙན་དང༌། ཚངས་པ་དང༌། སོགས་པ་ནི་རིགས་བཞིན་དུ་ཤེས་པར་བྱའོ་ཞེས་སོ། །ད་ནི་ལེའུ་བརྒྱད་པ་ལས། མཁས་པས་ཨུཏྤལ་དག་དང༌། །ཞེས་པའི་མེ་ཏོག་གི་དོན་ནི། མེ་ཏོག་ཅེས་ནི་གང་ལ་བགྱི། །ཞེས་པའི་ལན་གསུངས་པ། བུད་མེད་ཅེས་པ་ལ་སོགས་པའོ། །ལྷ་མོ་རྣམ་པ་བཅུ་པོ་ལ་འདིར་མེ་ཏོག་གི་སྒྲར་བརྗོད་དེ། དེ་ཡང་ཨུཏྤལ་དང༌། པདྨའི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཡོངས་སུ་རྫོགས་པའོ། །ཛཱ་ཏི་གསུམ་ནི་དམན་པ་དང༌། འབྲིང་དང༌། མཆོག་གི་སྐྱེ་གནས་ཀྱིས་ཕྱེ་བའི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །ཀ་ནི་ཀ་ལ་སོགས་པ་བཞི་ནི། སྤྱན་མ་ལ་སོགས་པ་བཞིའོ། །ལྷ་མོ་རྣམ་པ་དྲུག་ཡི་གེ་རྣམ་པ་གསུམ་གྱིས་དབྱུང་བར་ཡང་བསྟན་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །རིགས་ཀྱི་རིམ་གྱིས་ཞེས་པ་ནི་རིགས་ཀྱི་བདག་པོས་རྒྱས་བཏབ་པའི་ངོ་བོ་རྣམས་ཞེས་པའི་དོན་ཏོ། །ལེའུ་བརྒྱད་པ་ལས། མཆོད་རྟེན་རིན་ཆེན་སྣ་བཞི་པ། །ཞེས་པའི་དོན་བསྟན་པའི་ཕྱིར། མཆོད་རྟེན་ཞེས་ནི་གང་ལ་བགྱི། །ཞེས་པའི་ལན་གསུངས་པ། མཆོད་རྟེན་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་ལས་གྱུར་པའི་གཞལ་ཡས་ཁང་


DTG040_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་མཆོད་རྟེན་ཞེས་པའི་དོན་ཏོ། །ལེའུ་བཅུ་བདུན་པ་ལས། ཡེ་ཤེས་འཁོར་ལོའི་བསམ་གཏན་གྱིས། །ཞེས་པའི་དོན་བསྟན་པའི་ཕྱིར། ཡེ་ཤེས་འཁོར་ལོ་ཇི་ལྟ་བུ། །ཞེས་པའི་ལན་གསུངས་པ། ཡེ་ཤེས་སེམས་དཔའ་ཞེས་པ་ལ་སོགས་པའོ། །ཡེ་ཤེས་སེམས་དཔའ་གང་རེག་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཀྱིས་དངོས་སུའམ་བརྒྱུད་པས་ཡང་དག་པར་བསྐུལ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་གང་ཡིན་པ་དེ་ལ། ཡེ་ཤེས་འཁོར་ལོ་ཞེས་སུ་བཤད། །ཅེས་སོ། །ལེའུ་དྲུག་པ་ལས། སྔགས་ཀྱི་ཐབས་སུ་རྣམ་པར་བསྒོམ། །ཞེས་པའི་དོན་བསྟན་པའི་ཕྱིར། སྔགས་ཀྱི་ཐབས་ནི་ཇི་ལྟར་ལགས། །ཞེས་པའི་ལན་གསུངས་པ། མི་འགྱུར་ཞེས་པ་ལ་སོགས་པའོ། །ཧཱུཾ་ལ་སོགས་པའི་ས་བོན་གྱི་ཡི་གེ་ཡིད་ལ་རྣམ་པར་གསལ་བས་རྡོ་རྗེ་གསུམ་འགྲུབ་པར་བྱེད་པས་ན་ཐབས་ཞེས་བྱའོ། །ལེའུ་བཅུ་དྲུག་པ་ལས་དམ་ཚིག་བསྐུལ་བ་ལ་སོགས་པ་བཞིའི་དོན་བསྟན་པའི་ཕྱིར། མགོན་པོ་ཇི་ལྟར་བསྐུལ་བར་བགྱི། །ཞེས་པ་ལ་སོགས་པ་དྲིས་ཚིག་བཞིའི་ལན་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །དེ་ལ་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ལ་ཇི་ལྟར་མོས་པ་བཞིན་དུ་བྱིན་གྱིས་བརླབས་པའི་ཕྱིར་གསོལ་བ་གདབ་པས་སད་པར་བྱ་བ་ནི་བསྐུལ་བར་བཤད་ཅེས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཐུགས་རྗེ་ལ་སོགས་པ་བོད་པའི་དོན་དུ་ལྷ་མོ་ལ་སོགས་པའི་འོད་ཟེར་སྤྲོ་བ་ནི་གཏོང་བ་ཞེས་བྱའོ། །རྡོ་རྗེ་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་གང་སྤྲོས་པས་བཀུག་པ་སྔོན་དུ་བྱེད་པ་དེ་ནི་སྤྱན་དྲང་བ་ཞེས་བྱའོ། །བསྐུལ་བ་ནི་སྐབས་འདིར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཅན་གྱི་གནས་ས་བོན་རྣམས་ལ་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་གསུམ་རྣམས་བསྡུས་ནས་གོང་བུའི་ཚུལ་གྱིས་བཅུ་གནས་བྱིན་གྱིས་བརླབ་པ་ནི་བཅིང་བ་ཞེས་བྱའོ། །ལེའུ་བཅུ་དྲུག་པའི་དབང་བསྐུར་བའི་དོན་བསྟན་པའི་ཕྱིར། དབང་བསྐུར་བ་ནི་ཇི་ལྟར་ལགས། །ཞེས་པའི་ལན་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་མི་བསྐྱོད་པ་ལ་སོགས་པས་སོ། །དེས་


DTG040_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཞེས་སོ། །སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་སྟེ། །ཞེས་པ་ནི་མཚན་མའི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་སྟེ་ཞེས་སོ། །རི་མོའི་དཀྱིལ་འཁོར་གཉིས་ཀྱིས་ཏེ། དེ་བས་ན་གསུམ་པས་བསམ་གཏན་གྱི་དཀྱིལ་འཁོར་བརྟགས་ལ་དབང་བསྐུར་བར་བྱའོ་ཞེས་ཏེ། སློབ་དཔོན་གྱི་ལས་ནི་ཐམས་ཅད་ལས་མ་བཀག་པའོ། །དེ་ལྟ་བུའི་དཀྱིལ་འཁོར་དུ་དབང་ཇི་ལྟར་བསྐུར་ཞེ་ན། དབང་བསྐུར་ཞེས་པ་ལ་སོགས་པའོ། །བུམ་པའི་དབང་གི་ཆོ་ག་རྩ་བའི་རྒྱུད་དུ་བཤད་ནས། གསང་བའི་དབང་བསྐུར་བའི་ཆོ་ག་གསུངས་པ། མིག་ཡངས་ཞེས་པ་ལ་སོགས་པའོ། །དེ་ཡང་ཇི་སྐད་དུ་གསུངས་པའི་མིག་ཡངས་ཚོགས་ཀྱི་མཆོད་པ་དང་བཅས་ཏེ་བླ་མ་ལ་ཕུལ་ནས་དེས་ཇི་སྐད་དུ་གསུངས་པའི་དབང་བསྐྲུ་བ་སློབ་མ་ལ་སྦྱིན་པར་བྱའོ། །ཆོ་ག་དེ་ཡང་གང་ཞེ་ན། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། །ཆོ་ག་ནི་མ་ཕྱེའོ། །སྔགས་པས་སླར་ཡང་དེ་འདི་ཞེས་པ་ལ་སོགས་པས་བསྟན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། མཆོག་ཏུ་དད་ཅིང་ཞེས་པ་ལ་སོགས་པའོ། །དེ་ཡང་ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་བཙལ་ནས། ཡོན་རྣམས་རབ་ཏུ་ཕུལ་ནས་སུ། །ཞེས་པ་ནི་རྗེས་སུ་མཐུན་པའི་ཡོན་དང་བཅས་པར་ཕུལ་ནས་སོ། །དེ་ནས་བླ་མས་དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་གསུངས་པ། བླ་མས་དེ་ནི་ཞེས་པ་ལ་སོགས་པའོ། །རྨོངས་པ་གཏི་མུག་ཅེས་པ་ལ་སོགས་པ་ནི་ཡེ་ཤེས་ལ་རྟོགས་པའི་སློབ་མའི་རྒྱུད་དག་པར་བྱ་བའི་ཕྱིར་བླ་མའི་ཏིང་ངེ་འཛིན་གསུངས་སོ། །རིག་པའི་ལྷ་མོ་དེ་ཉིད་ནི། །ཞེས་པ་ལ་སོགས་པ་ནི་རིག་པའི་བརྟུལ་ཞུགས་ཀྱི་དབང་སྟོན་ཏོ། །ད་ནི་ལེའུ་བཅུ་དྲུག་པ་ལས་གསུངས་པའི་རིག་མའི་བརྟུལ་ཞུགས་ཀྱི་དོན་བསྟན་པའི་ཕྱིར། དེ་བཞིན་རིག་མའི་བརྟུལ་ཞུགས་གང༌། །ཞེས་པའི་ལན་གསུངས་པ། ཆོས་ཀུན་ཞེས་པ་ལ་སོགས་པའོ། །དངོས་པོ་གཉིས་སུ་བརྟགས་པའི་ཡིད། །ཅེས་ཡང་དག་པའི་ཀུན་རྫོབ་ཏུ་ཐབས་དང༌། ཤེས་རབ་གཉིས་སུ་སྣང་བ་སྟེ། །དེ་བས་འཁོར་བ་རྣམ་བྲལ་བར། །ཞེས་པ་ནི་འཁོར་


DTG040_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུན་ཟློག་པར་བྱེད་པའི་ལམ་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཡིན་པས་ན་དེ་དང་བྲལ་བར་མ་བྱེད་ཅིག་ཅེས་པའི་དོན་ཏོ། །བརྟུལ་ཞུགས་ལེན་པའི་ཕྱིར་ན་བརྟུལ་ཞུགས་ཏེ་རིག་པའི་བརྟུལ་ཞུགས་སོ། །ལེའུ་དྲུག་པ་ལས་གསུངས་པའི་བདུད་རྩིའི་དོན་བསྟན་པའི་ཕྱིར། བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ། །ཞེས་པའི་ལན་གསུངས་པ། ཐ་མལ་ལུས་ཀྱི་ཞེས་པ་ལ་སོགས་པའོ། །ཐ་མལ་པའི་ལུས་ལ་དྲི་མ་ལྟར་སྣང་བ་ནི་ཡེ་ཤེས་ལྔའི་ཆོ་གས་བྱིན་གྱིས་བརླབས་པས་ན་བདུད་རྩི་ལྔ་ཞེས་བྱ་བ་ཡིན་ནོ། །ཆོ་ག་དེ་གང་ཞེ་ན། སྦར་དང་ཞེས་པ་ལ་སོགས་པའོ། །དེ་ལ་སྦར་དང་ཞེས་པ་ནི་རླུང་གི་དཀྱིལ་འཁོར་རོ། །སྲེག་པ་ཞེས་པ་ནི་མེའི་དཀྱིལ་འཁོར་རོ། །དེའི་དོན་ནི་འདི་ལྟ་སྟེ། ཡཾ་ལས་བྱུང་བའི་རླུང་གི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཨ་ལས་བྱུང་བའི་པདྨ་བནྡྷ་བསྒོམ་པར་བྱའོ། །དེའི་ནང་དུ་བདུད་རྩི་ནི་དེའི་དབུས་སུ་གཞུག་པར་བྱའོ། །དེའི་སྟེང་དུ། སྣང་བར་བྱ་དང་གཟུགས་སྣང་བ། །ཞེས་པས་ཉི་མ་དང་ཟླ་བའི་གཟུགས་བསྐྱེད་ལ། དེའི་སྟེང་དུ་སྔགས་ཀྱི་ལུས་སུ་ཞེས་ཏེ། བྲུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་བསམ་མོ། །དེ་ནས། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་ལ་ཕུང་ནས་ཀྱང༌། །ཞེས་པས་ས་བོན་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ས་བོན་དེས་གཞུག་པར་བྱའོ། །དེ་ནས་མེ་སྦར་བ་ལ་སོགས་པས་རླངས་པ་ལས་བྱུང་བའི་ཧཱུཾ་ལས་རྡོ་རྗེ་དཀར་པོ་བར་སྣང་ལ་བསམ་པར་བྱས་ནས་ཕྲེང་བ་ལྟ་བུའི་རྒྱུན་དུ་ཞུ་ཞིང་དབབ་པར་བྱའོ་ཞེས་བྱའོ། །དེ་ནས་ཨོཾ་གྱིས་བསིལ་དབབ་པར་བྱའོ། །དེ་ཙམ་ན་ཤེལ་དང་མཚུངས་པར་སྣང་ཞིང་ཉི་མ་ལྟར་དག་པར་བསམས་ནས། བཟའ་བའི་ཆོ་ག་ཞེས་པ་ནི་ལྕེ་དག་པར་བྱ་བ་དང༌། པདྨ་སྤྲོ་བ་ལ་སོགས་པས་བཟའ་བར་བྱའོ། །ད་ནི་ལེའུ་བཅུ་གཉིས་པ་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །ཞེས་པ་ལ་སོགས་པའི་དོན་བསྟན་པའི་ཕྱིར། དེ་བཞིན་དཔའ་བོ་ལྔ་གང་ལགས། །ཞེས་པའི་ལན་གསུངས་པར། བསྒྲུབ་བྱའི་ཞེས་པ་ལ་སོགས་པའོ། །དེ་ལ་བསྒྲུབ་བྱའི་དངོས་གྲུབ་ཅེས་པ་ནི་མི་སྣང་བ་ལ་སོགས་པ་སྟེ། དེ་


DTG040_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱ་བའི་དོན་ཆེད་དུ་ཞེས་སོ། །ཆོ་ག་ཡིས་དེ་བཞིན་དཔའ་བོ་ལྔ་རྣམས་ཞེས་པ་ནི་གོང་མའི་ཆོ་ག་ཁོ་ནས་ཤ་རྣམ་པ་ལྔ་ཟོས་ན་འགྲུབ་པར་འགྱུར་རོ། །ཡི་གེ་གསུམ་བཟླ་བ་ནི་གོང་དུ་ཡང་ཤེས་པར་བྱའོ། །ད་ནི། དངོས་གྲུབ་ཐུན་མོང་ཇི་ལྟར་ལགས། །ཞེས་པ་ལ་སོགས་པ་ཞུས་ཚིག་གཉིས་ཀྱི་ལན་གསུངས་པ། མི་སྣང་ལ་སོགས་ཞེས་པའོ། །དེ་ལ་མི་སྣང་བ་དང༌། རིག་འཛིན་དང༌། མངོན་པར་ཤེས་པ་ལྔ་དང༌། རྒྱ་མཚོ་རྐང་པས་དགག་པ་དང༌། མངག་གཞུག་དང༌། མིག་སྨན་དང༌། སྔགས་ཀྱི་ཁྱད་པར་གྱི་གྲུབ་པ་དང༌། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་ནི་ཐུན་མོང་གི་དངོས་གྲུབ་སྟེ། སའི་དབང་ཕྱུག་དང༌། འཕགས་པ་དང༌། ལྷ་ཆེན་པོ་དང༌། བྱ་བའི་རྒྱུད་ལ་སོགས་པ་དང༌། ཐུན་མོང་དུ་གྱུར་པའི་ཕྱིར་རོ། །ལམ་གང་གིས་སངས་རྒྱས་ཀྱི་དངོས་གྲུབ་མཆོག་ཅེས་གསུངས་ཏེ། བླ་ན་མེད་པའི་ཕྱིར་རོ། །དངོས་གྲུབ་དེ་ཡང་ཐབས་ཀྱིས་གྲུབ་པས་ན། དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་པའི་ལན་བསྟན་པའི་ཕྱིར། ཐབས་ནི་རྣམ་པ་བཞི་པོ་དག །ཅེས་པ་ལ་སོགས་པའོ། །ཐབས་བཞི་དངོས་གང་ཞེ་ན། བསྙེན་པའི་ཆོ་ག་ཞེས་པ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པའི་ཡན་ལག་དང༌། ཐམས་ཅད་མཁྱེན་པའི་ཡན་ལག་དང༌། སྐུ་གསུམ་ཐོབ་པའི་ཡན་ལག་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་ཐོབ་པའི་ཡན་ལག་བཞིའོ། །བསྙེན་པ་ལ་སོགས་པའི་དབྱེ་བ་ཡང་བསྟན་པར་བྱ་བའི་ཕྱིར། ཐུན་མོང་ཞེས་པ་ལ་སོགས་པའོ། །ཐུན་མོང་གི་བསྙེན་པ་གཉིས་དང་མཆོག་གི་བསྙེན་པ་གཉིས་དང་རྣམ་པ་བཞིའོ། །ཉེ་བར་སྒྲུབ་ལ་སོགས་པ་ཡང་རྣམ་པ་བཞིའོ་ཞེས་ཚིག་ལྷག་མའོ། །དེ་ལ་དང་པོ་ཐུན་མོང་གི་བསྙེན་པ་གཅིག་ནི་རྣམ་པ་བཞིའོ། །མཆོག་གི་བསྙེན་པ་གཅིག་ཀྱང་ཡེ་ཤེས་བདུད་རྩི་སྟེ། བར་གྱི་སྲིད་པའི་སེམས་ལས་འོད་དུ་ཞུ་ཞིང་བསྐུལ་བ་ལས་བདག་པོའི་ལྷ་འབྱུང་བས་ཏེ། འདི་གཙོ་བོ་འབའ་ཞིག་ལ་གཏོགས་པའི་ཡན་ལག་ཏུ་འགྱུར་བས་ན་མཆོག་གི་བསྙེན་པ་ཞེས་བྱའོ། །དེ་བས་ན་ཡན་ལག་གཞན་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྣམ་པ་བཞི་པོ་དེ་ཉིད་གསུངས་པ། དང་པོ་སྟོང་པ་ཉིད་ཅེས་པ་ལ་སོགས་པའོ། །དེ་ཡང་ས་བོན་


DTG040_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་ཀྱིས་བསྐུལ་བའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས་པ་ཞུ་བར་གྱུར་པ་པདྨའི་ནང་དུ་གནས་པ་ནི་དང་པོ་སྟོང་པ་ཉིད་བྱང་ཆུབ་སྟེ། ས་བོན་ལ་སོགས་པས་སྟོང་པའི་ཕྱིར་རོ། །དེ་ལས་གཙོ་བོ་འབའ་ཞིག་གི་ས་བོན་བཅུ་དགུར་གྱུར་པ་ནི། གཉིས་པ་ས་བོན་བསྡུས་པ་མི་ཞེས་སོ། །དེ་ལས་རང་ཉིད་དམ་བདག་པོས་གཙོ་བོ་བྱས་པའི་དཀྱིལ་འཁོར་བསྐྱེད་པ་ནི། གསུམ་པ་གཟུགས་ནི་རྫོགས་པ་སྟེ། །ཞེས་བྱའོ། །དེ་ཉིད་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཀྱིས་རང་རང་གདན་ལ་བཀོད་པ་ནི། ཞི་བ་ཡི་གེ་དགོད་པའོ། །ཞེས་སོ། །དེ་བས་ན། རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐུན་མོང་བསྙེན་པ་བསྒྲུབ་པར་བྱ། །ཞེས་ཏེ། ལྷ་ཐམས་ཅད་ལ་གཏོགས་པའི་ཕྱིར་ཐུན་མོང་གི་བསྙེན་པ་ཞེས་བྱ་ལ། ཡན་ལག་གཞན་རྣམས་ཀྱང་ཐམས་ཅད་ལ་གཏོགས་པའི་ཕྱིར་ཐུན་མོང་གི་ཉེ་བར་སྒྲུབ་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །མཆོག་གི་ཡེ་ཤེས་བདུད་རྩི་ཞེས་ཏེ། དེ་ནི་ཡེ་ཤེས་བདུད་རྩི་གོང་མ་ལྟ་བུས་མཆོག་གི་བསྙེན་པ་ལ་སོགས་པ་བྱས་ལ་ཐུན་མོང་གི་བསྙེན་པ་འདི་བྱའོ་ཞེས་སོ། །མཆོག་གི་བསྙེན་པ་གཉིས་པ་ཕྱིས་འཆད་པར་འགྱུར་རོ། །ཐུན་མོང་གི་བསྙེན་པ་གཉིས་བསྟན་པའི་ཕྱིར། སྦྱོར་བ་དྲུག་ཅེས་པ་ལ་སོགས་པའོ། །ཡན་ལག་དྲུག་གང་ཞེ་ན། སོ་སོར་སྤྱོད་པ་ལ་སོགས་པའོ། །དེ་ལ་དང་པོར་སོ་སོར་སྤྱོད་པ་བསྟན་པ། དབང་པོ་བཅུ་ཞེས་པ་ལ་སོགས་པ་མིག་ལ་སོགས་པ་ལྔ་དང༌། གཟུགས་ལ་སོགས་པ་ལྔ་ནི་ཚོགས་དང་བཅས་པ་ལ་དབང་བྱེད་པས་ན་དབང་པོ་རྣམས་ཏེ། དེ་རང་རང་གི་ངོ་བོ་ཉིད་ཙམ་ལ་གནས་པ་ལས་འདོད་པ་ལྔའི་ངོ་བོར་སོ་སོར་སྤྱོད་པ་ཞེས་བྱའོ། །གཉིས་པ་བསམ་གཏན་གྱི་ཡན་ལག་བསྟན་པ། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ལྔ་ལ་སངས་རྒྱས་ལྔའི་རང་བཞིན་ཡན་ལག་ལྔ་བརྟག་པ་ནི་བསམ་གཏན་ཞེས་བྱའོ། །ཡན་ལག་ལྔ་གང་ཞེ་ན། བསམ་གཏན་དེ་རྣམས་ཞེས་པ་ལ་སོགས་པ་སྟེ། གཞན་དང་མཐུན་པར་བསྟན་པའི་ཕྱིར་རོ། །རྟོག་པ་ལ་སོགས་པའི་རང་གི་ངོ་བོ་ཡང་སོ་སོར་བསྟན་པ། གསང་བ་ཞེས་པ་ལ་སོགས་པའོ། །དེ་ལ་ཐབས་དང་ཤེས་རབ་དེའི་བདེ་བ་ནི་གསང་བ་གསུམ་སྟེ་རྟོགས་པའོ། །ཤེས་རབ་དེ་ཉིད་ལ་


DTG040_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གཉིས་ཀྱི་ངོ་བོར་ལོངས་སྤྱོད་པའོ། །དེ་འདྲ་བའི་གཟུགས་ལ་རངས་པའི་མཚན་ཉིད་ནི་དགའ་བའོ། །དེའི་འོག་ཏུ་བདེ་བ་བསྡུས་པའི་ཁྱད་པར་ནི་བདེ་བ་ཞེས་བྱའོ། །དེ་ནས་རང་གི་སེམས་ཡེ་ཤེས་དང་ཤེས་བྱའི་ཆ་རྣམ་པར་ཟད་པའི་ངོ་བོ་རྟོག་པ་ཐམས་ཅད་དང་བྲལ་པ་ལྷན་ཅིག་སྐྱེས་པའི་དགའ་བ་ནི་རྩེ་གཅིག་པ་ཞེས་བྱའོ། །གོ་རིམས་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་ངོ་བོའོ། །གསུམ་པ་དབུགས་དགག་གཏོང་གི་ཡན་ལག་བསྟན་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །ཕྲ་མོའི་རྣལ་འབྱོར་ལ་གནས་པས་སེམས་བྱིང་བར་སོང་ན་སངས་རྒྱས་ཀུན་གྱི་དངོས་པོ་ཞི་བ་གཟུགས་ལ་སོགས་པ་འདོད་པ་ཀུན་ལ་རབ་ཏུ་གནས་པ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་དབུགས་འབྱུང་བ་ལྔའི་ངོ་བོ་ཉིད་དུ་གནས་པ། གོང་བུའི་གཟུགས་ཞེས་ཏེ། རང་གི་ལྷའི་མཚན་མ་ཕྲ་མོ་ལ་དཀྱིལ་འཁོར་གནས་པ་རང་གི་རྡོ་རྗེའི་དབུས་ལྕགས་ཀྱུ་ལྟ་བུས་ཟེའུ་འབྲུའི་རྣམ་པ་ལས་ཕྱུང་ནས་རིག་མའི་སྣ་རྩེར་རབ་བརྟགས་ལ་ཏིང་ངེ་འཛིན་གསུམ་པ་ལ་སྤྲོ་བསྡུ་བྱའོ་ཞེས་པའི་ཚིག་ལྷག་མའོ། །དེ་མཚོན་པ་ཙམ་དུ་ཕྱག་མཚན་ཅིག་གསུངས་པ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་ཏེ། ཡུངས་ཀར་གྱི་འབྲུ་ཚོད་ཙམ་མོ། །དེས་ན་འཁོར་ལོ་དང་པདྨ་ནི་ཙ་ན་ཀའི་འབྲུ་ཙམ་མོ། །རྡོ་རྗེ་དང་རལ་གྲི་ནི་ནས་ཙམ་མོ་ཞེས་ཤེས་པར་བྱའོ། །དེ་ནི་དབུགས་དགག་གཏོང་བ་ཞེས་སུ་བཤད་ཅེས་ཏེ། དགག་པ་དང་གཏོང་བ་གསུམ་གྱིས་རྣམ་པར་བསྒྲུབ་པ་ཞེས་བྱའོ། །བཞི་པ་གཟུང་བའི་ཡན་ལག་བསྟན་པ། རང་སྔགས་ཞེས་པ་ལ་སོགས་པའོ། །ཕྲ་མོའི་རྣལ་འབྱོར་ལ་གནས་པས་རང་གི་ས་བོན་ཐིག་ལེའི་གཟུགས་སུ་གནས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀར་བསམས་ལ་རང་གི་དབུགས་ཐིག་ལེ་ལ་གཞག་པར་བྱའོ། །རང་དབང་ཞེས་པ་ནི་རང་གི་སྲོག་གི་དབང་པོ་དབུགས་དེ་ཉིད་དོ། །མཆོག་ཏུ་གྱུར་བས་ན་རིན་པོ་ཆེ་སྟེ། བཀག་ནས་དམིགས་པ་ལ་གཟུང་བ་ཞེས་བྱའོ། །དེ་གཟུང་བ་ནི་སེམས་འགོག་པའི་རྡོ་རྗེ་གྱུར་ནས་བརྟན་པར་གྱུར་པའི་མཚན་མ་ཉེ་བར་འཛིན་པར་འགྱུར་རོ། །མཚན་མ་དེ་ཡང་སྨིག་རྒྱུ་འདྲ་བ་ལ་སོགས་པ་ལྔར་འགྱུར་རོ། །དེ་ཡང་ས་རྣམ་པར་ལོག་པས་དེའི་འོད་


DTG040_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྨིག་རྒྱུ་འདྲ་བ་འབྱུང་བ་ནི་དང་པོ་སྟེ། ཆུ་རྣམ་པར་ལོག་པ་ལས་དུ་བ་ལྟ་བུ་འབྱུང་བ་ནི་གཉིས་པའོ། །མེ་རྣམ་པར་ལོག་པས་མཁའ་སྣང་ཞེས་པ་ནི་སྲིན་བུ་མེ་ཁྱེར་ལྟ་བུ་ནི་གསུམ་པའོ། །རླུང་རྣམ་པར་ལོག་པས་མར་མེ་ལྟར་འབར་བ་ནི་བཞི་པའོ། །རྣམ་པར་ཤེས་པ་རྣམ་པར་གྱུར་པས་དེའི་འོད་ཟེར་ཟབ་གསལ་གྱི་ཡེ་ཤེས་ལ་རག་ལ། ཉེ་བའི་རྟགས་མཚན་མ་ལ་སོགས་པའི་གཟུགས། སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་སོ། །དེ་རྣམས་རྣལ་འབྱོར་པ་བཞིར་འགྱུར་བའི་མཚན་མའོ། །ལྔ་པ་རྗེས་སུ་དྲན་པའི་ཡན་ལག་གསུངས་པ། བརྟན་འགྱུར་ཞེས་པ་ལ་སོགས་པའོ། །ཕྲ་མོ་ལ་གནས་པས་བརྟན་པར་གྱུར་པའི་མཚན་མ་ལྔ་མཐོང་ནས་རྡོ་རྗེའི་ལམ་ནས་ནམ་མཁའི་ཁམས་ཀུན་དུ་ཇི་སྐད་གསུངས་པའི་ཆོ་གས་བཅུ་གཅིག་སྤྲོ་བར་བྱ་ཞེས་པས་སོ། །དེས་སྤྲོ་བ་ནི་རྗེས་སུ་དྲན་པ་གང་བསྒོམས་པ་དེ་དང་འདྲ་བར་སྤྲོ་བར་བྱ་བ་ནི་རྗེས་སུ་དྲན་པ་ཞེས་བྱའོ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་པ་ནི་སྤྲོ་བ་དང་བསྡུ་བ་ལས་སྔོན་མཐོང་བའི་དོན་སོ་སོར་སྣང་བ་དེ་ལས་སྐྱེའོ་ཞེས་སོ། །དེ་ནས་ནི་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པའོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྙོམས་པར་འཇུག་པས་དངོས་པོ་ཐམས་ཅད་ས་བོན་གྱིས་དྲངས་ནས་རང་གི་ས་བོན་ལ་གོང་བུའི་ཚུལ་གྱིས་བསྡུས་ནས་རང་གི་སྙིང་གི་དབུས་སུ་ཐིག་ལེའི་གཟུགས་རྣམ་པར་བསྒོམས་ནས་ཡང་དེ་ལ་ལྷའི་འཁོར་ལོའི་ཡེ་ཤེས་ཡུད་ཙམ་གྱིས་རྫོགས་པར་བསྒོམས་ནས་དེ་ལ་ཡང་དེ་བཞིན་དུ་བསྒོམ་པ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ཞེས་སོ། །ད་ནི་ཡན་ལག་དྲུག་སོ་སོའི་ཕན་ཡོན་གསུངས་པ། །སོ་སོར་སྤྱོད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། བསམ་གཏན་གྱི་མཐུན་དཔག་ཏུ་མེད་པས་ན་རིགས་པས་མི་དཔག་གོ །དེ་བས་ན་འདི་རྣམས་ལ་ཡང་སྐུ་དང༌། བྱེད་པ་དང༌། དབང་དང༌། མཁྱེན་པ་རྣམས་ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་ཕྱིར་ཐུན་མོང་གི་བསྙེན་པ་ལ་སོགས་པར་བཤད་དོ། །ད་ནི་ཉེ་བར་སྒྲུབ་པ་ལ་སོགས་པའི་རྣམ་པ་གཞན་ཡང་ཅི་རིགས་པར་གསུངས་པ། སྙིང་པོ་དེ་ནི་ཞེས་པ་ལ་སོགས་པའོ། །


DTG040_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀའི་ཕྱག་མཚན་གྱི་དབུས་སུ་སྙིང་པོ་དང་ཞེས་པ་ཧཱུཾ་ལ་སོགས་པ་བསམ་ཞེས་སོ། །གང་ལ་ཞེ་ན། ཟླ་བ་རྡོ་རྗེའི་སྦྱོར་བས་ལྟ། །ཞེས་པ་ནི་དབྱེར་མེད་པའི་ཟླ་བའི་གདན་ལ་བསམ་མོ། །མཚོན་ཆ་མཆོག་གིས་ཞེས་པ་ནི་ཧཱུཾ་ལ་སོགས་པའི་འོད་ཟེར་ལྷ་མོ་དང་བཅས་པས་ཞེས་པས་སོ། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི། །ཞེས་པ་ནི་དེས་ཤེས་རབ་དང་ལྡན་པའི་རང་གི་དཀྱིལ་འཁོར་ལ་གནས་པའི་ཚོགས་སྤྱན་དྲངས་ནས། བྱང་ཆུབ་ཚིགས་བཅད་ཅེས་པ་ནི། །དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །ཞེས་པ་ལ་སོགས་པས་ཡང་དག་པར་སྦྱོར་བའི་དཀྱིལ་འཁོར་རྣམས། སེམས་ནི་སྔགས་ཀྱི་དངོས་བྱ་སྟེ། །རང་གི་སྔགས་ཀྱི་ངོ་བོ་ལ་ཐིམ་ནས་རང་གི་ཐུགས་ཀྱི་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུགས་བསྒྱུར་བ་དེ་དང་གཉིས་སུ་མེད་པར་བསྒོམ་པ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འདིས་སངས་རྒྱས་ཀྱི་ཚོགས་རྣམས་དང་དོན་ཉེ་བར་སྒྲུབ་པས་ན་དེ་སྐད་དེ། འདི་ན་ཆུང་ངུའི་སྒྲུབ་པར་ཤེས་པར་བྱའོ། །ད་ནི་མཆོག་གི་བསྙེན་སྒྲུབ་བཞི་ལ་གནས་པས་རང་གི་རིགས་ཀྱི་བུ་མོ་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་སྟོན་ཏེ། ཇི་སྲིད་ཅེས་པ་ལ་སོགས་པའོ། །དེ་གཉིས་ཞེས་པ་ནི་ཞི་བའི་སྦྱོར་བ་དང༌། དྲག་ཤུལ་གྱི་སྦྱོར་བའོ། །མཐོང་བ་དེ་སྲིད་དུ་ཞེས་པ་ནི་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པའོ། །དེ་ཡང་དང་པོར་བྱ་བར་འོས་པ་ཚོགས་པའི་རྣལ་འབྱོར་པས་ཞི་བའི་སྦྱོར་བ་ཉིད་ཀྱིས་ལྷ་མོའི་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་ཅིང་ཟླ་བ་དྲུག་གི་བར་དུ་བསྒྲུབ་པར་བྱའོ་ཞེས་སོ། །དེ་ལྟར་གནས་པས་གང་གསུངས་པའི་དངོས་གྲུབ་མཐོང་བར་མ་གྱུར་ན་དེའི་ཚེ་ཇི་སྐད་དུ་གསུངས་པའི་ཆོ་ག་དང་ལྡན་པར་ལན་གསུམ་དུ་བརྩམ་པར་བྱའོ་ཞེས་སོ། །གལ་ཏེ་དེ་ཙམ་ཡང་ཐིག་ལེར་གནས་པར་མ་གྱུར་ན་དེའི་ཚེ་ལེའུ་བཅུ་པ་དང་བཅུ་བཞི་པ་ལས་གསུངས་པའི་དྲག་ཤུལ་གྱིས་བསྒྲུབ་པར་བྱའོ་ཞེས་སོ། །ལེའུ་བཅུ་བཞི་པའི་ཕུར་བུས་གདབ་པའི་ཆོ་ག་ལ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་གསུམ་ལ་ཤེས་རབ་མཐར་བྱེད་ལ་སོགས་པའི་ཕུར་བུས་གདབ་པོ་ཞེས་ཤེས་པར་བྱ་བའི་ཕྱིར། རིགས་ཀྱི་དབྱེ་བའི་ཞེས་པ་ལ་སོགས་པའོ། །དེ་ཡང་བཅུ་པ་


DTG040_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པའི་དེ་མ་ཐག་ཏུ་པདྨའི་ནང་དུ་མེའི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱ་དམ་ཚིག་ལས་ཉམས་པར་བསམས་ནས་རིགས་ཀྱི་ཁྲོ་བོ་ཕུར་བུའི་གཟུགས་སུ་གནས་པ་རང་གི་རྡོ་རྗེ་ལས་བྱུང་སྟེ་གནས་རྣམས་སུ་བཏབ་པས་སྔགས་ཀྱིས་ལུས་ཐལ་བ་ལྟར་གཏོར་ནས་ཤེས་རབ་མར་མེའི་ཚུལ་དུ་གནས་པ་རང་གི་མི་ཤིགས་པའི་ཐིག་ལེ་ལ་བཅུག་པར་བྱས་པས་འགྲུབ་པར་འགྱུར་རོ་ཞེས་སོ། །ད་ནི་ལེའུ་དང་པོ་ལས་དེ་བཞིན་གཤེགས་པའི་འཁོར་ལོ་ཉིད་ཀྱི་སྐུ་ཞུགས་པར་མཛད་དེ་ཞེས་པ་ནས། དེ་བུད་མེད་ཀྱི་གཟུགས་སུ་བྱུང་བར་གྱུར་ཏོ་ཞེས་གསུངས་པ་དེ་རྣམས་རིག་མ་ལ་ཞུགས་པར་གསལ་བར་བྱ་བའི་ཕྱིར། འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྟེ། སངས་རྒྱས་བསྡུས་ནས་དེ་སྤྱན་མ་ལ་སོགས་པའི་བུད་མེད་དགུར་སྤྲོས་ནས་བསྒྲུབ་བྱ་ཞེས་པ་ནི་རང་གི་རིག་མ་ལ་ཆུད་པར་བྱའོ་ཞེས་སོ། །ད་ནི་ཡེ་ཤེས་བདུད་རྩིར་གྱུར་པ་ལ་སྤྱན་ལ་སོགས་པའི་གླུས་བསླང་བའི་སྐུ་ནི་མཆོག་གི་བསྙེན་པར་བྱ་བའི་ཕྱིར། སྤྲོས་ནས་ཞེས་པ་ལ་སོགས་པའོ། །དེ་ལ་སྤྲོས་ནས་ཞེས་པ་ནི་འོད་ཀྱི་གོང་བུ་ལས་སྤྲོས་ནས་ཞེས་སོ། །ཕྱག་རྒྱ་བཞི་ནི་ལྷ་མོ་བཞིའོ། །བསྐོར་ནས་བརྟག་པ་ནི་གོ་རིམས་བཞིན་དུ་བསྐོར་བས་བརྟག་པ་ཞེས་སོ། །བདག་ཉིད་ཟླ་བ་ཞུ་བའི་ངོ་བོ་དབུས་སུ་གནས་པར་བྱས་ལ་དེ་རྣམས་ཀྱིས་བསྐུལ་བ་དང་ས་བོན་ལས་གྱུར་པའི་ཕྱག་མཚན་གྱི་དབུས་ཀྱི་འོད་ཀྱིས་འཁོར་ལོ་ཐམས་ཅད་ཅེས་པ་དང༌། སངས་རྒྱས་རྣམས་རང་གི་ལྷའི་གཟུགས་སུ་བྱས་ནས་བསྡུ་བར་བྱའོ་ཞེས་ཏེ། བཀུག་ནས་ས་བོན་ལ་གཞུག་གོ་ཞེས་སོ། །དེ་ནས་དེ་གྱུར་པའི་ལུས་རྡོ་རྗེ་ཀུན་གྱི་ངོ་བོར་བྱ་ཞིང་བྱང་ཆུབ་ཀྱི་བདག་ཉིད་ཀྱི་སྐུ་ལྷ་མོས་སྙིང་པོ་ལ་བསྐུལ་བའི་སྟོབས་ཀྱིས་འདས་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་ལྟ་བུའི་ལུས་སུ་བསྒོམ་པ་ནི་མཆོག་གི་བསྙེན་པ་ཞེས་བྱའོ་ཞེས་སོ། །ལས་ཀྱི་དབྱེ་བས་ཁ་དོག་བྱེ་བྲག་ཏུ་གྱུར་པར་བསྟན་པའི་ཕྱིར། འདོད་པ་ཡིས་ཞེས་པ་ལ་སོགས་པའོ། །དེ་བཞིན་ཉིད་ཀྱིས་ཐུགས་ཕྱེ་སྟེ། །ཞེས་པ་ནི་ཁྲོ་བོ་རྣམས་ཀྱི་ཉམས་དང་ཐུགས་བྱེ་བྲག་ཏུ་གྱུར་


DTG040_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཐུགས་ནི་རྣམ་པར་ཞི་བ་སྟོན་ཟླའི་རྒྱ་མཚོའི་དབུས་དང་འདྲ། །ཞེས་སོ། །དབང་བསྐུར་བས་ནི་རང་གི་རྒྱུ། །བཞི་ཡིས་འབྲས་བུ་ཕྱེ་བ་ཡིན། །སྤྱི་བོར་དབང་བསྐུར་བས་རྒྱུ་མ་ཡིན་པ་ལས་ཕྱེ་བ་ཡིན་ལ། བཞིའི་ཚུལ་གྱིས་རྣམ་པར་གནས་པས་འབྲས་བུ་མ་ཡིན་པ་ལས་བྱེ་བྲག་ཕྱེ་བ་ཡིན་ཞེས་སོ། །རང་སྔགས་ཀྱིས་ནི་ཆོས་མར་འགྱུར། །ཞེས་པ་ནི་རང་གི་ཤེས་རབ་མ་རང་གི་སྔགས་ཀྱིས་ཆོ་ག་བཞིན་དུ་བསྐྱེད་པར་བྱའོ་ཞེས་སོ། །རིག་མ་ལ་ཆོས་ཀྱི་རྒྱ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་རིག་མ་བྱེ་བྲག་ཏུ་ཕྱེད་དེ། ཤེས་རབ་ཀྱིས་ཐབས་དང་འདྲའོ། །ཡེ་ཤེས་དཔའ་མོའི་གནས་པ་བཀག་པ་རྣམ་པར་གཞག་སྟེ། དེས་ཐབས་ཀྱི་ཆས་ཤེས་རབ་བྱེ་བྲག་ཏུ་བྱས་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཞན་ལས་ཡང་ཐབས་ཀྱི་སྙིང་གར་ཤེས་རབ་ཀྱི་གཞག་པ་ཡང་དེའི་རིམ་པར་ཤེས་པར་བྱའོ། །ད་ནི་ལེའུ་བཅོ་ལྔ་པ་ལས། རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །གཙུག་ཏོར་མཉེས་པར་བྱེད་པ་ཡིན། །ཞེས་པའི་གཙུག་ཏོར་གྱི་སྒྲ་ལ་སོགས་པ་བསྟན་པའི་ཕྱིར། འཁོར་ལོས་སྒྱུར་བ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་དྲུག་གི་དབུ་ལ་གནས་པས་གཙུག་ཏོར་ཞེས་པའི་སྒྲ་བརྗོད་ལ། མཛེས་པར་བྱེད་པའི་དོན་གྱིས་ན་རྒྱལ་པོ་ཞེས་སོ། །ལོངས་སྤྱོད་བཞི་ནི་ལྷ་མོ་བཞི་སྟེ། གཉིས་སུ་མེད་པར་ལོངས་སྤྱོད་པས་རིག་པ་ཆེན་པོའི་རྒྱུད་ཡིན་པས་ན་རིག་པའི་རྒྱལ་མོ་ཞེས་བྱ་བར་བཤད་དོ། །གཞན་ནི་བཤད་ཟིན་ཏོ། །ད་ནི་དབང་བསྐུར་བ་བསམ་གཏན་གྱི་མཆོག་ཡིན་ཏེ། ཕྱི་རོལ་གྱི་མཆོག་མ་ཡིན་པར་བསྟན་པའི་ཕྱིར། ཐམས་ཅད་བསམ་གཏན་འཁོར་ལོ་ཡིས། །དབང་བསྐུར་བ་ནི་བསྔགས་པ་སྟེ། །ཞེས་རང་གི་དབུ་ལ་རིགས་ཀྱི་དབང་ཕྱུག་གཞག་པ་ནི་མཆོག་གམ་གཙོ་བོ་ཞེས་སོ། །དེ་ཡན་ཆད་ཀྱིས་རང་གི་གཟུགས་རྫོགས་པར་བྱས་ནས་རིག་མ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་བྱའོ་ཞེས་བསྟན་པའི་ཕྱིར། མཆོག་གི་སྦྱོར་བ་འདི་ཡིས་ནི། །ཞེས་པ་གསུངས་སོ། །དེ་ལྟར་གོང་དུ་སྨོས་པའི་རིམ་པས་རིག་མ་དང་ལྷན་ཅིག་ཏུ་བསྐྱེད་ནས་དཀྱིལ་འཁོར་དབྱུང་བར་བྱའོ་ཞེས་གསུངས་པ། རང་སྔགས་བཤད་པའི་ཞེས་པ་ལ་སོགས་པའོ། །རིག་མ་དང་ལྷན་


DTG040_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པའི་སྐྱེས་བུ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་ནས་རྗེས་སུ་ཆགས་པའི་མཐའ་ལ་ཐུག་པས་གཙོ་བོ་བསྒྲུབས་ནས་བདག་དང་འདྲ་བ་དཀྱིལ་འཁོར་འབྱིན་པ་ཆེན་པོའི་མཐར་ཐུག་པའི་བར་དུ་བསྐྱེད་དོ་ཞེས་སོ། །དེ་ཁོ་ན་བསྟན་པ། བསྙེན་པའི་དུས་ཞེས་པ་ལ་སོགས་པའོ། །མཆོག་གི་བསྙེན་པའི་དུས་ན་གཙུག་ཏོར་ཆེན་པོ་ཞེས་པ་སངས་རྒྱས་གང་ཡང་རུང་བའི་གཟུགས་སུ་དམིགས་སོ། །སྦྱོར་བ་ཞེས་པའི་དོན་ནི་ཆུང་དུ་དང་འབྲིང་པོའི་འབྲས་བུ་བཞིས་དག་པར་བྱས་པ་ལ་སོགས་པ་རྗེས་སུ་ཆགས་པའི་མཐའ་ལ་ཐུག་པས་དང་པོའི་སྦྱོར་བ་བྱས་ཏེ་ཐུན་མོང་གི་བསྙེན་པ་རྡོ་རྗེ་ཆོ་ག་བཞིས་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་སྐྱེད་དོ། །དེ་བཞིན་དུ་ཐུན་མོང་གི་ཉེ་བར་སྒྲུབ་པ་ལ་སོགས་པའི་རྣམ་པ་གཞན་ཡང་གསུངས་པ། ཉེ་བར་སྒྲུབ་པའི་ཞེས་པ་ལ་སོགས་པའོ། །ཉེ་བར་སྒྲུབ་པ་ནི་བདུད་རྩི་ཐབ་སྦྱོར་གྱི་བར་ལྷ་ཐམས་ཅད་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི་ཆེན་པོའི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་བཞིན་དུ་སྒྲུབ་པའི་ཚེ་ན་ཆོ་ག་ཤེས་པའི་སྔགས་པས་རང་གི་ལྷའི་སྦྱོར་བ་བྱས་ཏེ། ཐུགས་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་པ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྒྲུབ་པ་ཆེན་པོའི་དུས་སུ་ཐམས་ཅད་ལ། །སངས་རྒྱས་བདག་པོ་མངའ་བདག་གཟུགས། །ཞེས་ཏེ། རང་རང་གི་བདག་པོ་མགོ་ལ་གཞག་པ་ནི་ཆེན་པོའི་བྲལ་བའི་འབྲས་བུའོ། །དེ་ལྟར་ཐུན་མོང་དང་མཆོག་གི་བསྙེན་པ་ལ་སོགས་པའི་བྱེ་བྲག་བརྗོད་ནས་དེའི་ཕན་ཡོན་གསུངས་པ། དེ་ལྟའི་ཞེས་པ་ལ་སོགས་པའོ། །བྱེ་བྲག་ཤེས་པར་བྱས་ནས་དངོས་གྲུབ་མཆོག་བསྒྲུབ་པར་བྱའོ་ཞེས་སོ། །དེ་རྣམས་དང་བྲལ་བས་ནི་ཞི་བ་མཆོག་གི་དངོས་གྲུབ་མི་འགྲུབ་ཅེས་སོ། །གང་གིས་ཤེ་ན། བསྐལ་པ་བྱེ་བ་སྟོང་དུ་ཡང༌། །སྐྱོབ་པ་སངས་རྒྱས་རྣམས་ཀྱིས་སོ། །ཞེས་སོ། །ས་འོག་མའི་སངས་རྒྱས་རྣམས་ཀྱིས་ཏེ། ཐབས་ཁྱད་པར་ཅན་དང་འབྲལ་བའི་ཕྱིར་རོ། །ད་ནི་མཆོག་གི་བསྙེན་པ་གཉིས་པ་གསུངས་པ། བསྒྲུབ་བྱ་ཞེས་པ་ལ་སོགས་པའོ། །དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་པོའི་པདྨ་དང་རྡོ་རྗེ་རེག་པ་གང་ཡིན་པ་དེ་མཆོག་གི་བསྙེན་པ་


DTG040_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ། མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གི་ཉེ་བར་སྒྲུབ་པ་ལ་སོགས་པ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པའོ། །དེ་ལ་རྡོ་རྗེ་དང་པདྨ་ཡང་དག་པར་ཞུགས་པའི་འོག་ཏུ་རེག་པ་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། སྒྲུབ་པ་དང་ཉེ་བའི་ཕྱིར་རོ། །ཡང་རྡོ་རྗེ་དང་པདྨ་གཉིས་ཧཱུཾ་གིས་རྫོགས་པའི་ལམ་ཕཊ་སེར་པོས་བཀག་པས་བསྐྱོད་པ་ནི་སྒྲུབ་པས་ཞེས་བྱ་སྟེ། བདེ་བ་ཆེན་པོ་འདིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་རང་བཞིན་ཉིད་ཀྱིས་བདེ་ཞིང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱའོ་ཞེས་ཏེ། དངོས་གྲུབ་མཆོག་གི་ངོ་བོའི་ཕྱིར་རོ་ཞེས་སོ། །དེ་ལྟར་དེས་ཐམས་ཅད་གཞིའི་བྱེ་བྲག་བསྙེན་སྒྲུབ་བཅུ་དྲུག་ཏུ་ཕྱེ་བ་གསུངས་སོ། །ད་ནི། ཐབས་བྱུང་དངོས་པོ་ཇི་ལྟ་བུ། །ཞེས་པའི་ལན་བསྟན་པའི་ཕྱིར། དཔལ་ལྡན་ཞེས་པ་ལ་སོགས་པའོ། །ཡང་དག་པའི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི་སངས་རྒྱས་ཀུན་གྱི་ཐབས་ཀྱིས་ཐོབ་པར་བྱ་བ་ཡིན་ནོ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཞེས་ཏེ། ཆོས་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཏུ་རོ་གཅིག་པའི་ཕྱིར་ཆོས་ཉིད་དེ་ཁོ་ན་བསྒྲུབ་བྱ་ཡིན་ནོ་ཞེས་སོ། །ད་ནི་ལེའུ་བཅུ་གསུམ་པ་ལ་སོགས་པའི་ལས་བཞིའི་བྱེ་བྲག་བསྟན་པའི་ཕྱིར། དཀྱིལ་འཁོར་ཀུན་ལ་རྣལ་འབྱོར་པས། །བཀའ་ནི་ཇི་ལྟར་སྩལ་བར་བགྱི། །ཞེས་པའི་ལན་གསུངས་པ། གང་གང་ལས་དང་ཞེས་པ་ལ་སོགས་པའོ། །དེ་ཡང་རྣལ་འབྱོར་པས་ལས་དང་རྗེས་སུ་མཐུན་པར་སྦྱོར་བ་དམིགས་སོ་ཞེས་སྟོན་ཏེ། ཁ་དོག་དང་ལྡན་ལ་སོགས་པ་དང་ལྡན་པར་རོ། །དེ་ཡང་ཆུང་ངུ་འམ་ཞེ་ན། དཀྱིལ་འཁོར་ཐམས་ཅད་དམིགས་ནས་སུ། །ཞེས་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པར་བྱས་ནས་ཞེས་སོ། །དམ་ཚིག་མི་ཟད་བསྒོམ་པར་བྱ། །ཞེས་པ་ནི་རིག་པའི་སྔགས་ཀྱིས་བསྒོམ་པ་ལས་བྱེད་པར་འགྱུར་རོ་ཞེས་སོ། །སྔོན་དུ་སོང་བའི་རྒྱུ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །འདི་ཡང་རྩ་བའི་རྒྱུད་ལས་རྒྱས་པར་ཤེས་པར་བྱའོ། །ད་ནི་ལེའུ་བཅོ་ལྔ་པའི་ཁ་འབྱེད་ཀྱི་དོན་བསྟན་པའི་ཕྱིར། ཐམས་ཅད་རྡོ་རྗེ་


DTG040_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་ལ། །ལས་རྣམས་སྣ་ཚོགས་ཇི་ལྟར་བཅོལ། །ཞེས་པའི་ལན་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དེ་ཡང་བསྒྲུབ་བྱ་ལ་ཉེས་པ་བསྒོ་བའི་ཕྱིར་ཏིང་ངེ་འཛིན་ཁྱད་པར་རྣམས་བྱས་པའི་དེ་མ་ཐག་ཏུ་བསྒྲུབ་བྱའི་ལུས་ལ་ཐུན་མོང་དུ་གྱུར་པའི་སྲུང་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམས་ནས་ཞེས་སོ། །དེ་ནས་སྒྲུབ་པ་པོས་བསྒྲུབ་བྱ་དེའི་ལུས་ལ་གནས་པའི་འཁོར་ལོ་ལ་བསྒྲུབ་བྱ་དེའི་ཉེས་པ་བླ་མ་བརྙས་པ་ལ་སོགས་པ་བསྒོ་བར་བྱའོ་ཞེས་སོ། །དེ་ནས་དེ་རྣམས་ཀྱིས་གནས་དེ་བཅོམ་ནས་དེ་ནས་འབྱུང་བར་རབ་ཏུ་བསྒོམས་ནས་དེ་ཐམས་ཅད་དྲངས་ནས་རང་གི་ལུས་ཀྱི་འཁོར་ལོ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ནས་ཁང་སྟོང་ལྟ་བུར་བསམས་ལ་རྒྱུད་ལས་གསུངས་པའི་རྫས་སྐེ་ཚེ་དང༌། ཆུ་འགྲམ་གྱི་ས་ལ་སོགས་པ་ལ་བསྒྲུབ་བྱའི་གཟུགས་བྱས་ལ་རང་ཉིད་ཁྲོ་བོ་གང་ཡང་རུང་བའི་གཟུགས་སུ་བསྐྱེད་ནས་གཅེར་བུའམ། གོས་དང་ལྡན་པར་མཚན་མ་རྐང་པས་མནན་ལ་བསྒྱིངས་ནས་སྔགས་བཟླ་བར་བྱའོ། །དེ་ནས་ཁྲོ་བོ་བཀའ་ནོད་པའི་ཚོགས་རྣམས་ལ་བཀའ་བསྒོ་བ་དེ་རྣམས་གཏང་བར་བྱའོ། །དེ་རྣམས་ཀྱིས་བསྒྲུབ་བྱ་བཅིང་བ་ལ་སོགས་པ་བྱས་ནས་དགུག་པར་བྱའོ། །དེ་ནས་གཟུགས་བརྙན་ལ་ཕབ་ནས་གྷ་གྷ་ཞེས་པའི་སྔགས་ཀྱིས་སྤྱི་བོ་ལ་སོགས་པར་ཕུར་བུས་གདབ་པར་བྱའོ། །དེ་བཞིན་དུ་ཡམས་ཀྱི་ནད་ལ་སོགས་པ་ལ་ཡང་ཆོ་ག་དེས་བསལ་བར་བསྟན་པ། ཡམས་ནད་ཅེས་པ་ལ་སོགས་པའོ། །དེ་བཞིན་དུ་ལས་ཀྱི་དབྱེ་བ་གཞན་ཡང་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་གསུངས་པའོ། །དེ་ནས་སྦྱོར་བ་ཞེས་པ་ལ་སོགས་པའོ། །མཚན་མ་མནན་ནས་བཟླས་པའམ། །ཞེས་པ་ནི་བཟླས་མ་ཐག་པའམ། ལེའུ་བཅུ་བཞི་པའམ། བཅོ་ལྔ་པ་ལས་གསུངས་པའོ། །སྦྱིན་སྲེག་ཁྲོ་བོ་རྣལ་འབྱོར་པ། །ཞེས་པ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའོ། །གདུག་པའི་སེམས་ཅན་བསམ་གཏན་གྱིས། །བཟའ་བ་རུ་ནི་རབ་ཏུ་བརྟག །ཅེས་པ་ནི་བཅུ་གསུམ་པའམ། བཅོ་ལྔ་པར་གསུངས་པའོ། །དེ་བས་ན་མངོན་སྤྱོད་ཀྱི་ཆོ་ག་ནི་ལས་ཀྱིས་འགྲུབ་པ་ཞེས་བྱའོ། །ད་ནི་ལས་བཞིའི་ཏིང་ངེ་འཛིན་བསྟན་པའི་ཕྱིར།


DTG040_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ལ་ནི་ཞི་བའི་སེམས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞུགས་པ་རྣམས་ཀྱི་སོམ་ཉི་བསལ་ནས། ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་སོགས་པ་དང་གཅིག་གི་རང་བཞིན་དུ་གནས་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་ལ་སོགས་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་གསུངས་པ་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་རྡོ་རྗེ་འཛིན་པའི་མཐུས་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་པས་དེ་ཁོ་ན་ལ་དམིགས་པ་ཞེས་བྱའོ། །ད་ནི་བྱང་ཆུབ་སེམས་དཔའ་དེ་དག་ཤིན་ཏུ་མགུ་ནས་སྐུ་ལ་སོགས་པའི་ངོ་བོའི་སྒོ་ནས་སྟོང་པ་དེ་རྣམས་ལ་བསྟོད་ནས་ཁྱད་པར་དུ་ཞེ་སྡང་གི་ལས་འབའ་ཞིག་གི་སྒོ་ནས་ཞུས་པ་དང་ལན་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ། །དེ་ལ། ཐམས་ཅད་མཛད་ལ་ཕྱག་འཚལ་འདུད། །ཅེས་པ་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་ཞེས་སོ། །དེ་ལ་དྲིས་པར་སྐུ་གསུང་ཐུགས་ནི་ཞེས་པ་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་རྣམ་པར་དག་པ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་སྐུ་ལ་སོགས་པ་ཐོབ་པས་སེམས་ཅན་ཉིད་མཉམ་མེད་དང་མཉམ་པ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་ཞེས་སོ། །འོ་ན་དེ་ཅི་འགོག་ཅེ་ན། བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང༌། །ཞེས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཡིན་པས་བསྒྲུབ་བྱ་དང་སྒྲུབ་པ་པོ་མེད་དོ་ཞེས་སོ། །དེས་ན་སྒྲུབ་པའི་དབང་པོ་བདག་ཉིད་ཆེན་པོ་དེས་མངོན་སྤྱོད་ཀྱི་ལས་ཀྱིས་སངས་རྒྱས་ཐམས་ཅད་གསོད་པས་བདག་ཉིད་ཆེན་པོ་ཇི་ལྟར་སྡིག་པས་མི་གོས་ཏེ། གལ་ཏེ་གོས་པར་གྱུར་ན་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་འགྱུར་ཞེས་ཞུས་པའོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་བའི་ཚིག་སྔོན་དུ་གསོལ་ནས་དེའི་ལན་གསུངས་ལ། དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པའོ། །སེམས་ཅན་གྱི་དོན་ལ་སེམས་པ་དང༌། ཡེ་ཤེས་ཀྱི་སྐུའི་ངོ་བོ་དང༌། ཤེས་པའི་ཤེས་རབ་ལས་བྱུང་བ་དང༌། བདེ་བར་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཕྱིར་གོ་རིམས་བཞིན་དུ་སེམས་དཔའ་ཆེན་པོ་དང༌།


DTG040_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་དང༌། གསུང་དབྱངས་ཆེན་པོ་དང༌། མཆོད་བ་ཆེན་པོ་ཞེས་པོས་ནས་ལེགས་སོ་ཞེས་ཚིག་སྔོན་དུ་གསོལ་ལོ། །སྒྲུབ་པ་པོ་སློབ་དཔོན་ཏེ། སངས་རྒྱས་ཀུན་གྱི་འཁོར་ལོ་དེར་གཏོགས་པ་སྟེ་དེའི་བདག་པོའོ། །དེ་བས་ན་དཔལ་ལྡན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་རྡོ་རྗེ་ཅན་གྱི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱིན་པ་དང༌། སྡུད་པར་བྱེད་ཀྱི་ཐ་དད་པའི་བློས་མ་ཡིན་ནོ། །དེ་བས་ན་རྨི་ལམ་དང་འདྲ་བའི་ཚུལ་གྱིས་ལས་ཐམས་ཅད་བྱེད་པས་ན་སློབ་དཔོན་དེའི་སྡིག་པར་མི་འགྱུར་ཏེ། ཞེ་སྡང་གིས་བླང་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱུགས་གསད་པའི་མཆོད་སྦྱིན་ལྟ་བུ་མ་ཡིན་པས་བསོད་ནམས་སུ་ཡང་མི་འགྱུར་རོ། །དེ་བས་ན་བསོད་ནམས་དང་སྡིག་པར་མི་འགྱུར་བ་དེ་ལྟར་ན་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་རྒྱུར་གྱུར་པར་བསྟན་པའི་ཕྱིར། གང་ལ་ཞེས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ལྟ་བ་དང་བྲལ་བས་ན་སྡིག་དང་བསོད་ནམས་སུ་མི་འགྱུར་ཏེ། སྙིང་རྗེ་ཆེན་པོས་འདྲེན་པར་བྱེད་པས་བྱང་ཆུབ་ཁོ་ནའི་རྒྱུ་ཡིན་པར་གསུངས་སོ། །ཅིའི་ཕྱིར་ཞེ་ན། མགོན་པོ་དེའི་ཞེས་པ་ལ་སོགས་པའོ། །མགོན་པོ་དེ་ཡིས་ཞེས་པ་ནི་སྒྲུབ་པ་པོ་དེས་འཇིག་པར་བྱེད་པའི་ཞེས་ཡང་དག་པར་འཇིག་པར་བྱེད་པའི་ལས་ཀྱིས་ལུས་ཐམས་ཅད་འཇིག་པར་མཛད་ཀྱང་ལས་དེས་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་དེ་ཉིད་ལ་གོམས་པར་བསླབས་པས་བྱང་ཆུབ་ཀྱང་རྙེད་སླ་བར་འགྱུར་ཞེས་སོ། །རྨོངས་པའི་ལུས་ཅན་དེ་དག་ཀྱང༌། །ཆོ་ག་ཇི་ལྟ་བས་བསད་པས་འབྲས་བུ་མཆོག་ཐོབ་པར་བསྟན་པའི་ཕྱིར། སྔོན་ནི་ཞེས་པ་ལ་སོགས་པའོ། །སྔོན་ཤིན་ཏུ་མི་བཟད་པའི་ལས་བྱས་པས་གལ་ཏེ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའི་སྐྱེ་བོ་དེ་རྣམས་ཆོ་ག་ཇི་ལྟ་བ་བཞིན་བྱས་པའི་མཐུས་སྡིག་པ་དང་བྲལ་བར་བྱས་པས་དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ་ཞེས་ཏེ། དེའི་ཐད་ཀར་འབྲས་བུ་ཆེན་པོ་སྐྱེད་དེ། ཇི་སྐད་དུ། རྡོ་རྗེ་གསང་བ་འདི་ལྟ་བུས། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་རྒྱལ་བའི་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་སོ། །ཆོ་ག་གང་གིས་


DTG040_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་རྨོངས་པ་དེ་རྣམས་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི། །ཞེས་ཏེ། སྒྲུབ་པ་པོས་བསྒྲུབ་བྱ་དེ་སྔགས་དང༌། ཐབས་དང༌། སྦྱོར་བ་ལ་སོགས་པ་དང་ལྡན་པ་གཉིས་སུ་མེད་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་ཅིང་སྦྱོར་བ་དེས་མཆོག་ཏུ་ཕན་བཏགས་པར་ཤེས་པར་བྱའོ། །དེ་ལྟར་བསྒྲུབ་བྱར་གཏོགས་པའི་ཆོ་ག་བསྟན་ནས། ད་ནི་སྒྲུབ་པ་པོའི་ཡན་ལག་ཀྱང་བསྟན་པའི་ཕྱིར། ཚར་གཅོད་པ་ཞེས་པ་ལ་སོགས་པའོ། །དེ་བས་ན་ལུས་ཅན་ཐམས་ཅད་ལ་ཕན་བཏགས་པར་ཤེས་ནས། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ལས་བྱའོ་ཞེས་ཏེ། ཇི་སྐད་དུ། གང་གིས་སྙིང་རྗེ་མ་ཉམས་པ། །དེ་ཡིས་ལས་འདི་བྱ་བར་འོས། །ཞེས་སོ། །སྦྱོར་བ་གང་གི་དུས་སུ་ལས་འདི་བྱ་ཞེ་ན། སྒྲུབ་པ་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་སྙིང་རྗེའི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་སྦྱོར་བ་དང་པོའི་མཐར་ཐུག་པར་བྱས་ནས་དཀྱིལ་འཁོར་དབྱུང་བ་ནས། སྒྲུབ་པ་ཆེན་པོའི་མཐར་ཐུག་པར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པས་ལས་ཀྱི་རྒྱལ་བ་མཆོག་གིས་ལས་རྣམས་བསྒྲུབ་པར་བྱའོ་ཞེས་སོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཆོས་ཐོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་སོ་བའི་ཚིག་སྔོན་དུ་གསོལ་ནས་ཇི་སྐད་གསུངས་པའི་དོན་རྗེས་སུ་ཟློས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་རྣམས་གཡང་ས་ལས་སྒྲོལ་བ་དང༌། ཉོན་མོངས་པས་ནོན་པའི་ལུས་ངག་གི་ལས་མི་བྱེད་པ་དང༌། ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་དང༌། ཡུལ་ཚད་མེད་པ་བསྒྲལ་བར་དམ་བཅས་པའི་ཕྱིར་གོ་རིམས་བཞིན་དུ་མགོན་པོ་དང༌། ཐུབ་པ་ཆེན་པོ་དང༌། ཆོས་རྣམས་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་ཞེས་གསོལ་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས་དོན་དེ་རྗེས་སུ་བཟླས་པ་གསུངས་པ། ཨེ་མའོ་ཞེས་པ་ལ་སོགས་པའོ། །


DTG040_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བཟང་པོའི་ཐུགས་རྗེ་ཇི་ལྟ་བར་དྲི་མ་མེད་ཅེ་ན། གདུག་པའི་མི་བཟང་ལས་ཀྱིས་ཀྱང༌། །ཞེས་པ་ནི་བླ་མ་ལ་སྨོད་པ་ལ་སོགས་པ་བླ་མ་འབའ་ཞིག་གིས་གྲོལ་བའི་སེམས་ཅན་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ཤིང་ཕྱིར་ཕྱོགས་པའི་ལས་ཅན་རྣམས་སངས་རྒྱས་ཀྱི་འབྲས་བུ་ཚོལ་ཞེས་ཏེ། ཇི་སྐད་དུ། བཤད་པའི་ཆོ་ག་ཕུན་སུམ་ཚོགས་པའི་ནུས་པས་གསོལ་ཞེས་སོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་བཞིན་པའི་དོན་ཐུགས་སུ་ཆུད་པར་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཁོ་ན་ལ་བློ་བརྟན་པོར་བྱ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསང་བ་འདུས་པར་དབང་བསྐུར་བའི་སྔགས་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ལས་ཐམས་ཅད་ཁྱད་པར་དུ་གྱུར་པ་སྟེ། དེའི་ཕྱིར་དེའི་ལུང་ཇི་ལྟ་བ་བཞིན་དུ་ཐོབ་པའི་སྔགས་པས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་ཞེས་ཏེ། ཞེ་སྡང་གི་ལས་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་ཞུས་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །ཞེས་ཏེ། དོན་དམ་པར་ན་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ལས་བྱུང་ཞིང་རྣམ་པར་སྤྲོས་པ་ནི་ཞེ་སྡང་རྡོ་རྗེ་ལ་སོགས་པའོ། །དེ་བས་ན། སྔགས་ཀྱི་རྒྱུད་ནི་བསྡུས་པ་དང༌། །ཡོངས་སུ་སྤང་བར་མི་བྱའོ། །ཞེས་ཏེ། ཞེ་སྡང་གི་ལས་ལ་སོགས་པ་ཐམས་ཅད་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པས་ན་དོར་བར་བྱ་བ་ཇི་ལྟ་བུ་ཞིག་ཡོད་དེ། བསྒྲུབ་པར་བྱ་བའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་སོ། །ད་ནི་རྒྱུད་ཀྱི་དོན་གྱི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་བྱ་བ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ། །དེ་ལ་དུས་གསུམ་རྡོ་རྗེའི་ཐུགས་ཡིན་ནི། འདས་པ་དང་མ་འོངས་པའི་སངས་རྒྱས་དག་པ་དང་མ་དག་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཕྱིར་རོ། །སྲིད་དང་ཐར་གྱུར་ཞེས་པ་ནི་ཤེས་པ་དང་ཐུགས་རྗེས་སྲིད་པ་དང་ཐར་གྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་


DTG040_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་པའི་དོན་ཏོ། །ཞི་ཞིང་སྒྲིབ་མེད་ཅེས་པ་ནི་རོ་མྱང་བའི་རྒྱུན་གྱིས་ཞི་ཞིང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་རྣམ་པར་བསལ་བ་སྟེ། དེའི་ཕྱིར། ནམ་མཁའ་དག་པའི་ངོ་བོ་ཉིད། །ཅེས་ཏེ། དམིགས་སུ་མེད་པས་ནམ་མཁའ་དང་འདྲའོ་ཞེས་སོ། །དེ་ཉིད་ཀྱང་གང་ཞེ་ན། སངས་རྒྱས་ལ་སོགས་ཞེས་ཏེ། རྟག་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡང་སངས་རྒྱས་སུ་འགྱུར་བས་བྱང་ཆུབ་སྟེ་དེ་ཉིད་བདག་པོ་བས་ན་དབང་ཕྱུག་རྡོ་རྗེ་ཅན་ནོ། །དེ་ལ་ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་སྟེ་བློ་དང་མི་འབྱེད་པས་ཕྱག་འཚལ་ལོ་ཞེས་སོ། །རྣལ་འབྱོར་པས་ཀྱང་ཐ་མི་དད་པའི་བློས་ཕྱག་བྱའོ་ཞེས་སོ། །དེས་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲོས་པ་མེད་པའི་བདག་ཉིད་རང་གི་དོན་ཕུན་སུམ་ཚོགས་པ་ལ་བསྟོད་པའོ། །ད་ནི་སྤྲོས་པའི་བདག་ཉིད་གཞན་གྱི་དོན་ཕུན་སུམ་ཚོགས་པས་ལྷ་ཐམས་ཅད་ཀྱི་སྒོ་ནས་བསྟོད་པ་གསུངས་པ། གང་ཞིག་གཟུགས་དང་ཞེས་པ་ལ་སོགས་པའོ། །རྣམ་པར་ཤེས་པའི་བར་གྱིས་ནི་ཕུང་པོ་ལྔ་བསྟན་ལ། དེ་རྣམ་པར་དག་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དོ་ཞེས་སོ། །སྐྱེ་མཆེད་དྲུག་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་ཉིད་དོ་ཞེས་སོ། །དབང་པོ་དྲུག་ཅེས་པ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། སའི་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་དོ་ཞེས་སོ། །ས་ཆུ་མེ་རླུང་དང་ནམ་མཁའ། །ཞེས་པ་ནི་འབྱུང་བ་ལྔ་བསྟན་ཏེ། སྤྱན་མ་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བ་ཉིད་དུ་རྒྱ་ཆེ་ཞིང་སྤྲོས་པ་སྟེ། དེ་བས་ན་དེ་ལ་ཡང་གོང་མའི་ཚུལ་གྱིས་བྱ་བ་རྣམ་པ་གསུམ་གྱིས་ཕྱག་འཚལ་ལོ་ཞེས་སོ། །དེ་ལྟར་ཆོས་ཅན་ཉི་ཤུ་རྩ་གཅིག་དག་པའི་སྒོ་ནས་བསྟོད་ནས། ད་ནི་ཉོན་མོངས་པ་གསུམ་དག་པའི་སྒོ་ནས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་ཁྱད་པར་དུ་བསྟོད་པ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ། །དེ་ལ་གཏི་མུག་རྣམ་པར་དག་པ་ནི་སྐུ་རྡོ་རྗེའོ། །ཉེས་པ་ནི་ཞེ་སྡང་སྟེ། དེ་རྣམ་པར་དག་པ་ནི་ཐུགས་རྡོ་རྗེའོ། །འདོད་ཆགས་རྣམ་པར་དག་པ་ནི་རྡོ་རྗེ་ཆོས་བཅས་གང་ཞེས་ཏེ་གསུང་རྡོ་རྗེའོ། །དེའི་སྔོན་དུ་སོང་བའི་


DTG040_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། རིག་མའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །ཞེས་ཏེ། དུས་གང་གི་ཚེ་དེ་དང་ལྷན་ཅིག་ཏུ་འདྲེས་པ་དེས་དེའི་ཚེ་རྣམ་པར་དག་པ་སྟེ། དེ་ནས་བཟུང་སྟེ་རྣམ་པ་སྣ་ཚོགས་པའི་དགའ་བས་མྱོས་པའི་དངོས་པོར་གྱུར་པ་སྟེ། སྲིད་པ་ཇི་སྲིད་ཀྱི་བར་དུ་རོ་མྱང་བའི་བདེ་བ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་རྒྱ་ཆེན་པོར་སྤྲོས་པ་དེ་ལ་ཕྱག་འཚལ་ལོ་ཞེས་སོ། །ད་ནི་རང་བཞིན་དང་སེམས་སུ་གཏོགས་པའི་ཆོས་དག་པའི་སྒོ་ནས་ཁྲོ་བོ་རྣམས་ལ་བསྟོད་པ་གསུངས་པ། དམ་པར་གཟུང་དང་ཞེས་པ་ལ་སོགས་པའོ། །གཟུང་པ་ནི་སྤྲོས་པའོ། །དགའ་བ་ནི་སྡུད་པའོ། །རྣམ་པ་ནི་རང་གི་ལྷའི་རྣམ་པར་གྱུར་པའོ། །མི་གཡོ་བ་ནི་དེ་ཉིད་ལ་བརྟན་པར་གྱུར་པའོ། །རྒྱུ་ནི་དེ་ཉིད་ལ་སློབ་པའོ། །འབྲས་བུ་ནི་དེ་ཉིད་གསལ་བར་གྱུར་པའོ། །དེ་རྣམས་གོང་དུ་སྨོས་པའི་རང་བཞིན་ལས་བྱུང་བས་ན་རང་བཞིན་དུ་རྗེས་སུ་གཏོགས་པ་ནི་ཆོས་ཏེ། དོན་དང་མཚན་མར་བཅས་པ་རྣམ་པར་དག་པ་ཁྲོ་བོ་དྲུག་གོ །དེ་བཞིན་དུ་སེམས་སུ་གཏོགས་པའི་ཆོས་ནི་གཏི་མུག་དང་ཉེས་པ་དང་འདོད་ཆགས་དང༌། སྒྲིབ་པ་རྣམས་རྣམ་པར་དག་པས་ཁྲོ་བོ་བཞི་སྟེ། དེ་ཐམས་ཅད་ཀྱང་རྡོ་རྗེ་སྟེ། དེ་བས་ན་བྱང་ཆུབ་སེམས་རྡོ་རྗེ་འདྲ་བར་རྒྱ་ཆེན་པོར་སྤྲོས་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དེ་ལྟར་ལྷའི་ངོ་བོའི་སྒོ་ནས་བསྟོད་ནས། ད་ནི་སྒྲུབ་པ་ལ་སོགས་པའི་སྒོ་ནས་བསྟོད་པ་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པས་དང་པོར་གོང་གི་དོན་གསང་བའི་དབང་བསྐུར་བ་དང་ལྡན་པར་བསྒོམ་པ་དེ་ཕྱག་འཚལ་བའི་གནས་ཡིན་པར་བསྟན་ཏེ། གང་ཞིག་ཅེས་པ་ནི་སྒྲུབ་པའོ། །ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ། །ཞེས་པ་ནི་དངོས་པོའི་ཚོགས་ཐམས་ཅད་ཐོག་མ་མེད་པའི་དུས་ནས་དཀྱིལ་འཁོར་གྱི་འཁོར་ལོ་གོང་དུ་གསུངས་པ་ལྟར་དག་པ་སྟེ། དེ་ཡང་ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་ལས་བྱུང་ཞིང་མཚན་མའི་སྤྲོས་པ་དང་བྲལ་བ་སྒོམ་པར་བྱེད་པའོ། །གང་དང་ལྡན་པར་སྒོམ་པར་བྱེད་ཅེ་ན། གསང་བའི་དབང་ཐོབ་ནས་ཁྱད་པར་གྱི་བརྟུལ་ཞུགས་དང་དམ་ཚིག་དང་སྦྱོར་བ་ལ་གནས་ནས་


DTG040_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ནི་ལམ་ཁྱད་པར་ཅན་དང་ལྡན་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །ཐབས་ཀྱི་དངོས་པོ་བཞིས་སྒོམ་པར་བྱེད་པ་ཡང་ཕྱག་འཚལ་བའི་གནས་ཡིན་པར་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དངོས་གྲུབ་མཆོག་ནི་རྡོ་རྗེ་འཆང་བའོ། །དེའི་ཐབས་ནི་ཀ་ལ་སྟེ་མདའི་ཐབས་དང་འདྲ་བའི་ཕྱིར་རོ། །དེ་དངོས་གང་ཞེ་ན། བསྙེན་པའི་ཆོ་ག་ཞེས་བྱ་བ་ནི་ས་ལྷའི་སྐུའོ། །ཉེ་བར་སྒྲུབ་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབས་པའོ། །སྒྲུབ་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པོའོ། །དངོས་གྲུབ་ཆེན་པོ་ནི་རིགས་ཀྱི་བདག་པོས་དབུ་བརྒྱན་པའོ། །དེ་ཡང་སྔར་བཤད་པའི་རིམ་པ་བཞིན་དུ་ཕྱེ་བ་རྣམས་ཏེ། དེ་ལ་བློ་མི་འགྱུར་བའི་སྒྲུབ་པའི་དབང་པོ་དེ་ལ་ཡང་བྱང་ཆུབ་རྡོ་རྗེ་དང་འདྲ་བར་ཕྱག་འཚལ་ལོ་ཞེས་སོ། །ཐུན་བཞིར་སྒོམ་པར་བྱེད་པའི་སྒྲུབ་པ་པོ་བསམ་གཏན་གྱི་སྐལ་བས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །ཐུན་བཞི་ཞེས་པ་ནི་ཐོ་རངས་དང༌། སྔ་དྲོ་དང༌། ཕྱི་འབྲེད་དང༌། སྲོད་དང་ཕྱག་རྒྱ་བཞིའི་དུས་པས་རྡོ་རྗེ་སྟེ། དེར་སྒྲུབ་པར་བྱེད་པ་ཞེས་སོ། །དེས་མི་སྣང་བ་ལ་སོགས་པའི་དངོས་གྲུབ་ནས་མཆོག་སྟེ། དེ་དག་ཁོ་ན་སྨིན་པའི་དབང་ལས་སངས་རྒྱས་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ་ཞེས་སོ། །དེ་ལྟ་བུའི་བླ་མའི་དྲིན་གྱིས་མ་ནོར་བའི་ལམ་རྟོགས་པ་དེ་ལ་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་ཕྱག་འཚལ་ལོ་ཞེས་སོ། །གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་ས་བོན་ཐོབ་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །བླ་མ་ལ་ཉན་པ་དང༌། ཁ་དོན་དུ་འདོན་པར་བྱེད་པ་དང༌། །ཀློག་པ་དང༌། རྟག་ཏུ་ཡིད་ལ་སེམས་པ་དང༌། མེ་ཏོག་ལ་སོགས་པས་མཆོད་པ་དང༌། ཡི་གེ་འདྲི་བ་དང༌། གཞན་འདྲིར་འཇུག་པ་ཡང་དག་པའི་ལམ་གྱི་གཞི་ཡིད་ལ་གནས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །སྔགས་དང་ཐབས་ལ་སོགས་པས་སྒྲུབ་པར་བྱེད་པའི་སྐྱེ་བོ་རྣམས་སྒྲུབ་པ་པོ་ཡེ་ཤེས་ཀྱིས་རྒྱས་བཏབ་པས་སྡིག་


DTG040_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་དང་བྲལ་བས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དེ་ཡང་ལེའུ་བཅུ་བཞི་པ་ལ་སོགས་པ་ལས་གསུངས་པའི་ཐབས་དང༌། སྔགས་དང༌། ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་དེ་བཞིན་དུ་རྒྱས་བཏབ་པའི་སྒྲུབ་པའི་དབང་པོས་ཡང་དག་པར་ཟིན་པའི་བསྒྲུབ་པར་བྱ་བ་འདི་དང་ལྡན་པ་དེ་ཡང་ལས་ཀྱི་སྒྲིབ་པ་དང་རྣམ་པར་བྲལ་བས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །གང་ཡང་སྒྲུབ་པའི་དབང་པོ་དེ་ལྟ་བུ་མཐོང་བ་ལ་སོགས་པས་དགའ་བ་ཡང་དད་པའི་སྟོབས་ཀྱིས་མི་དགེ་བའི་ལས་རྣམ་པར་འཇིག་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །གང་ཞིག་ཅེས་པ་ནི་སྐྱེ་བོ་གང་ཞིག་ཅེས་པའོ། །གཙོ་བོ་སྒྲུབ་པོ་ཞེས་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པ་བླ་མ་སྟེ། དེ་གང་ཟག་གང་གིས་མཐོང་བའམ། རེག་པའམ། ཡིད་ལ་སེམས་ཤིང་ལེགས་པར་དྲན་པར་བྱེད་པའམ། མིང་ཙམ་ཐོས་ནས་དད་པར་བྱེད་ཅིང་ཡོན་ཏན་གྱི་ཕྱོགས་གཅིག་ཙམ་ཡང་འཛིན་པར་བྱེད་པ་དེ་ཡང་བླ་མའི་སྟོབས་ཀྱིས་དག་པས་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་བལྟས་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། །གང་ཞིག་མཐོང་བར་གྱུར་པ་དང༌། །ཐམས་ཅད་དུ་ནི་མཆོད་གྱུར་ན། །སངས་རྒྱས་ཐམས་ཅད་མཐོང་བ་དང༌། །མཆོད་པ་ཉིད་དུ་འགྱུར་བ་ཡིན། །ཞེས་སོ། །དེ་ལྟར་ཚིགས་སུ་བཅད་པ་བཅུས་བསྟོད་པའི་སྒོ་ནས་རྒྱུད་ཀྱི་དོན་རྗེས་སུ་བསྟན་ནས་ད་ནི་དོན་ཆེན་པོས་བསྟོད་པའི་ཕན་ཡོན་བསྟན་པའི་ཕྱིར་བསྟོད་པའི་ཚིག་ནི་ཞེས་པ་ལ་སོགས་པའོ། །བསྟོད་པའི་ཚིག་ནི་ཞི་བ་འདིས། །ཞེས་པ་ནི་དོན་ཞི་བར་རབ་ཏུ་སྟོན་པའི་ཕྱིར་དེ་སྐད་དོ། །འདྲེན་པ་ཀུན་ཞེས་པ་ནི་བདེ་བར་གཤེགས་པ་རྣམས་ཏེ། ཐུགས་རྗེའི་ཕྱག་དང་ལྡན་པའི་ཕྱིར་རོ། །དེ་རྣམས་བསྟོད་པ་དང༌། བྱང་ཆུབ་སེམས་དཔའ་གྲགས་ཆེན་ལ། །མགོན་པོ་དེ་དག་ཅེས་ཏེ། བདེ་བར་གཤེགས་པ་རྣམས་ཡི་རང་ཞིང་མངོན་པར་དགའོ་ཞེས་སོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟོད་པ་འདི་བྱས་ན་དེ་དག་དགའ་ཞིང་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་པའི་


DTG040_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །ད་ནི་གསང་བ་འདུས་པའི་རྒྱུད་འདི་ནི་རྒྱུད་གཞན་ལས་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར་འདུས་པ་གསང་བ་ཞེས་པ་ལ་སོགས་པའོ། །རྒྱུད་ཐམས་ཅད་ཀྱི་དོན་འདིར་འདུས་པས་ན་ཀུན་གྱི་བདག་པོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་རྒྱུད་འདི་ལེགས་པར་གསུངས་པ་ཡིན་ཞེས་ཏེ་སྒྲོ་འདོགས་པ་དང་སྐུར་པ་གཉིས་དང་བྲལ་བར་གསུངས་སོ་ཞེས་པའི་དོན་ཏོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་སྦྱར་ནས་ཅང་མི་གསུང་བར་སྦྱར་བ་བསྟན་པའི་ཕྱིར་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཛིན་པའི་སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཞེས་ཏེ། ས་བོན་གྱིས་བསྡུས་ནས་རྣམ་པར་བཅུག་སྟེ་སྐུ་ལ་སོགས་པ་ཡང་དེ་བཞིན་ཉིད་ནམ་མཁའ་དང་འདྲ་བར་བརྗོད་དུ་མེད་པས་ན་དེ་ལ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏོ་ཞེས་པའི་དོན་ཏོ། །དེ་བས་ན་འདི་ནི་དཀྱིལ་འཁོར་བསྡུ་བའི་དོན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་སྐུ་དང་གསུང་དང་ཐུགས་ཏེ་དེའི་ངོ་བོ་ཉིད་ནི་གསང་བའོ། །དེ་བས་ན་གསང་བ་ཡང་དེ་འདུས་པ་ཡང་དེ་བས་ན་གསང་བ་འདུས་པའི་རྒྱུད་ལས་གསང་བ་ཐམས་ཅད་དེ་སྦས་པའི་ངོ་བོ་རྣམས་སྟོན་པས་ན་དེས་བྱིན་གྱིས་བརླབ་ཅིང་ཤེས་པར་བྱེད་པ་དང༌། མཛེས་པའི་དོན་གྱི་རྒྱལ་པོ་སྟེ་དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་བཅོ་བརྒྱད་པའོ་ཞེས་སོ། །གང་ཞིག་གསང་རྒྱུད་ཡང་དག་སྦས་པ་རྣམས་སྦྱིན་པ། །བདེ་གཤེགས་བློ་མཆོག་ཉི་མའི་འོད་འདྲ་ཕྱི་མའི་རྒྱུད། །ཐ་ཤལ་བདག་འདྲས་ག་ལ་སྟོབས་ཏེ་གཞག་པར་འོས། །འོན་ཀྱང་འགའ་ལ་ཕན་པ་དམ་པའི་བཀའ་ཡིས་དེ་ནི་ཕྱེ། །དེ་ལས་བྱུང་བའི་དགེ་བ་ཁ་བ་ཟླ་བ་ལྟར་སྣང་བས། །སྐྱེ་བོ་གསང་བ་འདུས་རྒྱུད་ཡང་དག་དོན་ནི་རབ་ཆུད་དེ། །འདི་ལམ་རིམ་པ་གང་གིས་འགྲོ་བའི་ལམ་དེ་ཡིས། །རྡོ་རྗེ་འཛིན་པའི་ས་ལ་ཡང་དག་རོལ་བར་ཤོག། ཡང་དག་རིག་བྱེད་ཅེས་བྱ་བ་རྒྱུད་ཕྱི་མའི་རྣམ་པར་བཤད་པ་སློབ་དཔོན་བཻ་དྱ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང༌། བོད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་པའོ།། །།


previousཡང་དག་རིག་བྱེད་ཅེས་བྱ་བ་ཕྱི་མའི་རྒྱུད་ཀྱི་རྣམ་པར་བཤད་པ། བཻདྱ་པཱ་ད།next