Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
དཔལ་ཧེ་རུ་ཀའི་སྒྲུབ་ཐབས།  སངས་རྒྱས་ཡེ་ཤེས་ཞབས།
   
   
   
   
   
   
   
   
   
   
   


 
previousདཔལ་ཧེ་རུ་ཀའི་སྒྲུབ་ཐབས། སངས་རྒྱས་ཡེ་ཤེས་ཞབས།next

དཔལ་ཧེ་རུ་ཀའི་སྒྲུབ་ཐབས།
སངས་རྒྱས་ཡེ་ཤེས་ཞབས།


DTG042_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཧེ་རུ་འགྲོ་བའི་མགོན། །བསྒྱུར་ནས་དོན་ཀུན་ཕུན་སུམ་ཚོགས། །འགྲོ་ལ་ཕན་པར་བྱ་བའི་ཕྱིར། །དང་པོ་འདི་ལྟར་བསྒོམ་པར་བྱ། །ཟུར་གསུམ་མཚོས་ཀྱི་དབྱིངས་གནས་པ། །གཞལ་ཡས་ཁང་གི་དཀྱིལ་འཁོར་ལ། །སྣ་ཚོགས་པདྨ་ཟླ་བ་ལ། །རྡོ་རྗེའི་ལྟེ་བར་ཟླ་བའི་འོད། །དབུས་ཞལ་སྐུ་ནི་ཤེལ་འདྲ་བ། །གཡས་གཡོན་གནག་དང་དམར་བའོ། །རང་འོད་ཤེས་རབ་ཉིད་ཀྱིས་འཁྱུད། །རྡོ་རྗེ་རལ་གྲི་རིན་ཆེན་པད། །རྡོ་རྗེ་སེམས་


DTG042_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བསྒོམས་ནས་ཀྱང༌། །རང་སམས་ཡི་གེ་གསུམ་དུ་བྱ། །རྡོ་རྗེ་དེ་ལས་པདྨར་བབས། །འདོད་ཆགས་མེ་ཡིས་ཐམས་ཅད་ཞུ། །སྤྱན་ལ་སོགས་པས་རང་དབྱངས་ཀྱིས། །བཞེངས་པའི་དོན་དུ་བསྐུལ་བར་བྱ། །འཇིག་པའི་མེ་དང་འབར་མཉམ་པ། །ཧྲཱིཿ་ལས་སྐྱེས་པའི་རྡོ་རྗེའོ། །དེ་བསྐྱེད་སྙིང་རྗེའི་ཁྲོ་བོ་ནི། །འཇིགས་བྱེད་ཆེན་པོ་ཐོད་ཕྲེང་ཐོགས། །ཁྲོ་གཉེར་སྐྲ་སྨིན་གྱེན་དུ་འང་འབར། །ནག་པོ་མཆེ་བ་གཙིགས་པའི་ཞལ། །གཡས་ནི་དཀར་པོ་གཡོན་དམར་ཏེ། །དུར་ཁྲོད་ཐལ་བས་བསྐུས་པའི་སྐུ། །དྲག་པོ་ལ་སོགས་དྲུག་དང་ལྡན། །རང་གི་རིག་མ་ཉིད་ཀྱིས་འཁྱུད། །རྡོ་རྗེ་ནག་པོ་རལ་གྲི་དང༌། །ཁ་ཊྭཱཾ་རིན་ཆེན་རྒྱལ་མཚན་འཛིན། །ཀེང་རུས་གསུམ་ཕྲེང་དབུལ་བཅིངས། །ཡང་དག་རྒྱན་དང་ན་བཟར་ལྡན། །གཡས་ཀྱི་འོག་ན་བཞིན་གནོན་པ། །གཡོན་གྱི་བརླ་ཡིས་ནུ་མར་གཟིར། །ཁྲོ་བོའི་སྐྱིལ་ཀྲུང་ལེགས་གནས་པ། །བདག་ཉིད་ཧེ་རུ་ཀར་བསྒོམས་ཏེ། །སངས་རྒྱས་ཀུན་གྱི་དབང་དྲུག་བསྒོམ། །སྐུ་གསུང་ཐུགས་ཀྱང་ཡི་གེ་གསུམ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། །མི་བསྐྱོད་དབུ་རྒྱན་འབྲས་བུ་མཆོག །དམ་པའི་དགའ་བ་བདེ་བ་མྱངས། །འཕྲོ་དང་འདུ་བའི་གཟུགས་བྱད་ཅན། །ཡེ་ཤེས་སེམས་དཔའ་བསྒོམས་ནས་ནི། །རྣལ་འབྱོར་སྦྱོར་བ་ཐོབ་པར་འགྱུར། །དཔའ་བོ་ལྔ་དང་བདུད་རྩི་ལྔ། །པདྨ་བྷནྡྷ་ལ་བཞག་སྟེ། །སྐྲ་བཤིག་ཐལ་བས་ལུས་བསྐུས་ནས། །རྟག་ཏུ་བསྒོམས་ནས་བཟའ་བར་བྱ། །དེ་བཞིན་གཤེགས་པ་མཆོད་པ་དང༌། །འགྲོ་བ་ཀུན་གྱི་དོན་བྱེད་དང༌། །ཤེས་རབ་སྙིང་རྗེ་བསྒོམ་པ་དང༌། །རྡོ་རྗེ་དབྱངས་བླང་ཐོད་རྒྱན་དང༌། །ཅང་ཏེའུ་ཁ་ཊྭཱཾ་གཟུང་བ་དང༌། །བསྒོམས་ནས་སྙིང་པོ་བཟླས་པ་དང༌། །གསང་ནས་རྣལ་འབྱོར་དུས་རྟག་ཏུ། །དེ་ལྟར་བརྟུལ་ཞུགས་ཧེ་རུ་ཀ །ཧེ་རུ་ཀ་ཡི་གནས་དགུ་ལ། །མཚན་མོ་བསྒྲུབ་པར་བསྙེན་པར་བྱ། །ཧེ་རུ་ཀའི་སྒྲུབ་པའི་ཐབས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།།


previousདཔལ་ཧེ་རུ་ཀའི་སྒྲུབ་ཐབས། སངས་རྒྱས་ཡེ་ཤེས་ཞབས།next