ལྔ་པ། བསྒོམ་པའི་རྣལ་འབྱོར་སྤྱོད་པའི་ཆོ་ག


DTG044_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ལས་ལངས་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་གྱི་ས་ལ་གནས་ནས་བརྟན་པ་དང་གཡོ་བའི་ཁམས་གསུམ་པ་ཐམས་ཅད་རང་གི་ལྷག་པའི་ལྷའི་གཟུགས་ཀྱིས་སམ་སྦྱར་བ་ཇི་ལྟ་བ་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པའི་གཟུགས་ཀྱིས་ལྷག་པར་མོས་པས་བྱ་བ་ཐམས་ཅད་བྱེད་པ་དང་ཟས་ལ་སོགས་པ་བདུད་རྩི་མྱང་བའི་ཆོ་གས་བྱ་བ་དང༌། སྤྲོས་པ་མེད་པའི་རང་རིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་གཉིས་སུ་མེད་པར་རབ་ཏུ་གསལ་བའི་མེས་སྐད་ཅིག་ཅིག་གཅིག་ལ་སྐྱེས་པའི་རྟོག་པ་ཐམས་ཅད་ཀྱི་བུད་ཤིང་བསྲེག་པ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་བྱ་བ་དང༌། སེམས་ཅན་གྱི་དོན་ཙམ་གྱི་ཕྱིར་ལུས་ལ་སོགས་པའི་བྱ་བ་བྱེད་པ་དང༌། དམ་ཚིག་ལ་གནས་པ་གྲོགས་དམ་ཚིག་ལ་གནས་པ་དང༌། ཤིན་ཏུ་གསང་སྟེ་བདེ་བ་དང་མི་འགལ་བར་དམ་ཚིག་བསྟེན་པ་དང༌། དམ་ཚིག་ཉམས་ན་དོན་ཡོད་གྲུབ་པའི་རྣལ་འབྱོར་གྱིས་ལངས་ཏེ། བླ་མ་ལ་ཆེན་པོར་མི་བྱེད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་གཟུང་བ་སྔོན་དུ་འགྲོ་བས་ཡོན་ཕུལ་ནས་བཟོད་པར་གསོལ། སོ་སོར་བཤགས་པ་དང༌། ཡང་སྡོམ་པ་གཟུང་བར་བྱའོ། །དབང་བསྐུར་བའི་ཆོ་གས་ཕྱིའི་ཁྲུས་བྱ་བ་དང༌། ཐུན་གྱི་མཚམས་སུ་ཡང་ལས་དང་པོ་པས་གོང་མ་བཞིན་དུ་བསམ་གཏན་བྱའོ། །གྲུབ་པའི་མཚན་མ་ཐོབ་ནས་རྒྱུད་དུ་བསྟན་པའི་རིམ་པས་དངོས་གྲུབ་པ་དང༌།


DTG044_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སོ་སོར་ཉེ་བར་བྱུང་ན་བདུད་རྩི་ཐབ་སྦྱོར་གྱི་རྣལ་འབྱོར་གྱི་ས་ཕྱེ་མར་བྱ་བ་དང༌། རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པ་དང༌། དྲི་མ་མེད་པ་ཞེས་བྱ་བའི་འབྲས་བུ་བཞིར་ངེས་པ་དང༌། བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་ཡན་ལག་བཞིར་ངེས་པ་དང༌། ལས་དང་པོ་པ་དང༌། ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་དང༌། ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་བའི་རྣལ་འབྱོར་པ་བཞིར་ངེས་པ་དང༌། སྨིག་རྒྱུ་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། མེ་ཁྱེར་ལྟ་བུ་དང༌། མར་མེ་ལྟ་བུ་དང༌། རྟག་ཏུ་ནམ་མཁའ་ལ་གསལ་བར་སྣང་བ་ཞེས་བྱ་བའི་མཚན་མ་ལྔར་ངེས་པ་དང༌། སྦྱོར་བ་དང་པོ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་དུ་ངེས་པ་དང༌། དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ངེས་པ་དང༌། ཐུགས་ཀར་ཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོས་ཁམས་གསལ་བར་བྱས་ཏེ་ཉལ་བར་བྱ་ཞེས་བྱ་བ་ནི་བསྒོམ་པའི་རྣལ་འབྱོར་སྤྱོད་པའི་ཆོ་གའོ། །