Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  expand section
  expand section
  expand section
   
  expand section
  expand section
  collapse section
དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས།  བསོད་སྙོམས་པ།
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousདཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། བསོད་སྙོམས་པ།next

དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས།
བསོད་སྙོམས་པ།

དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན།


DTG044_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཤྲཱི་ས་མཱ་ཛ་ཨ་བྷི་ས་མ་ཡ་ནའ་མ་སའ་དྷ་ནཾ། བོད་སྐད་དུ། །དཔལ་གསང་བ་འདུས་བའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། །དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །ནང་བར་དང་


DTG044_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསམ་གཏན་གྱི་ཁང་བ་ཡིད་དང་རྗེས་སུ་མཐུན་པ་ཤིན་ཏུ་སྤེན་པར་སྟན་འཇམ་པོ་ལ་འདུག་སྟེ། །འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ལ་བློས་བ་ལྟས་ལ་བྱམས་པའི་སེམས་བསྐྱེད་དེ་བདག་གནར་བྱས་ནས། །དེ་རྣམས་ཕོལ་མིག་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་དང༌། །དེའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་པར་བྱས་ཏེ། །དེ་ནས་སྙིང་རྗེའི་སེམས་བསྐྱེད་པས་གསུངས་པའི་བློས་གནོད་པ་དེ་བསལ་བའི་ཕྱིར། །བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས་སེམས་ཅན་རྣམས་ཀྱང་དེ་དང་འདྲ་བར་བསྐྱེད་པར་བྱའོ་ཞེས་སྨོན་ལམ་བྱའོ་དེ་ནས་བསྒོམ་པའི་སྦྱོར་བ་བརྩམ་པར་བྱ་སྟེ། རང་གི་སྙིང་གར་ཡི་གེ་ཨ་ཡོངས་སུ་གྱུར་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཾ་མདོག་སེར་པོ་བསམས་ནས། དེ་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ལྔ་རྣམས་དང༌། རང་གི་འདོད་པའི་ལྷ་རྣམས་དང༌། སློབ་དཔོན་མདུན་དུ་ནམ་མཁའ་ལ་བསམས་ཏེ། །སྙིང་པོ་འོད་ཟེར་གྱི་སྒོ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། །སྡིག་པ་བཤགས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟོང་བ་ཉིད་རྣམ་པར་བསྒོམས་ལ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སེམས་གཅིག་པུ་ཉིད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པར་གཉིས་སུ་འགྱུར་ཏེ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་འཇུག་བའོ། །སོ་སོར་སྣང་བའི་བདག་ཉིད་ཅན་ནི་སྨོན་བའོ། །དེ་ལ་ཡང་བགེགས་འབྱུང་བར་འགྱུར་ནམ་དུན་དུ་ཡི་གེ་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་དང་བཅས་པའི་རྡོ་རྗེ་དྲག་པོ་ནག་པོ་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་བགེགས་བསལ་བར་བསམས་ལ། །དེ་ཉིད་ཀྱིས་རྡོ་རྗེ་དྲ་བར་བྱས་བའི་ཆོས་འབྱུང་དཀར་པོ་གྲུ་གསུམ་ནང་སྟོང་བ་གྱེན་ཀར་འདུག་བའོ། །དེའི་འོག་ལོགས་སུ་ཡི་གེ་ཨ་


DTG044_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། །ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའི་སྟིང་དུ་ཟླ་བ་ལ་ཁཾ་ལྗང་གུ་ཡོངས་སུ་གྱུར་བ་ལས་སྣ་ཚོགས་རྡོ་རྗེ། །དེར་ཟླ་བ་ལ་བྲཱུ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཡི་གེ་བྲཱུཾ་དང་བཅས་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཡས་གནག་པ། །གཡོན་དམར་པ། །ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། །གཡས་ན་འཁོར་ལོ་རལ་གྲི་དང༌། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། །ཟླ་བའི་གདན་དང་ཟླ་བའི་འདོད་མངའ་བ། །རིན་པོ་ཆེའི་ཅོད་པན་ཅན་བསམས་ལ། དེའི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་བཅུག་ལ། །དེ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་ཟུར་བཞི་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་བསམས་ལ། །དེའི་དབུས་མའི་ཟླ་བའི་དཀྱིལ་འཁོར་ལ་སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཨ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟལ་བ་དེ་རྣམས་ཀྱིས་མཚན་པ་ནི་མི་བསྐྱོད་པའི་རྣམ་པའོ། །དེའི་སྟེང་སུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཛིན་པའི་ངོ་བོ་ཀ་ལ་སོགས་པ་ཡོངས་སུ་གྱུར་བ་ལས་དེ་རྣམས་ཀྱིས་མཚན་པའི་ཟླ་བའི་དཀྱིལ་འཁོར་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་དང་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དམར་པོ་གྱུར་པ་ལས་ཡི་གེ་ཧཱུཾ་གིས་མཚན་པ་ནི་སྣང་བ་མཐའ་ཡས་ཀི་རྣམས་པའོ། །དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་ནས་བཅུག་སྟེ། །དེའི་ང་རྒྱལ་དུ་བྱས་པ་དང་ལྡན་པའི་རྣལ་འབྱོར་བ་ནི་དོན་ཡོང་གྲུབ་པའི་རྣམ་པ་སྟེ། དེ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་པ་ནི། སྐུ་མདོག་དཀར་པོ། །ཞལ་གཡས་གནག །གཡོན་དམར་པ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། །གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་པོ་ཆེ་དང་པདྨ་བསྣམས་པ། རིན་པོ་ཆེའི་རྩོད་པ་ན་དང༌། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་


DTG044_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུར་བདག་ཉིད་བསམས་ལ། སེམས་ཅན་རྣམས་འདོད་ཆགས་ཆེན་པོས་འདུལ་བར་ཤེས་ནས་དགའ་བའི་སྒྱུ་མའི་སྒྲས་སངས་རྒྱས་རྣམས་བདག་ཉིད་ལ་བཅུག་ལ། དེ་ལ་སྤྱན་མ་ལ་སོགས་པ་དགུའི་གཟུགས་ཀྱིས་རང་གི་ལྷ་མོའི་ནང་དུ་ཆུད་པར་བྱས་ནས། དེ་ནས་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ལ། པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་བལྟ་སྟེ། དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་དུ་བསམས་ལ། སེམས་ཅན་མ་ལུས་པ་ཡིད་ཀྱིས་རབ་ཏུ་བཅུག་སྟེ། དེ་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་གྱུར་ནས། རྡོ་རྗེའི་ལམ་ནས་ངེས་པར་འབྱུང་བའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་དེ་བྲཱུཾ་ཨཱཾ་ཛཱིཾ་ཁཾ་ཧཱུཾ། ལཾ་མཱཾ་པཾ་ཏཱཾ། ཛཿཧཱུཾ་བཾ་ཧོཿཁཾ་རཾ། ཀྵིཾ་ཁཾ་གཾ་ཥྐཾ་བཾ། ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བའི་ཡི་གེ་ལས་བྱང་བའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་པདྨའི་ནང་གི་དཀྱིལ་འཁོར་གྱི་ལྷ་མོའི་བ་སྤུའི་བུ་ག་ནས་བློས་དབྱང་ངོ༌། །དེ་ལྟར་སེམས་ཅན་གྱི་ཁམས་རྣམ་པར་དག་ནས། ཧཱུཾ་ལས་འོད་ཟེར་བྱུང་བས་ཡི་གེ་ཧོ་གཉིས་དང་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་འཇུག་པའི་སེམས་སྤེལ་བ་བཀུག་ལ་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་བྱང་ཆུབ་སེམས་ཀྱི་རྣམ་པར་ལྷ་མོའི་པདྨའི་ནང་དུ་བབས་པ་དང༌། དེའི་འོད་ཟེར་རྣམས་ཀྱིས་རེག་པ་ཙམ་གྱིས་རིག་པ་རྡོ་རྗེ་འཛིན་པ་དང་བཅས་བར་གྱུར་པར་བསམ་མོ། །དེ་ནས་འབྱུང་བ་ཆེན་པོ་བཞི་སྤྱན་མ་ལ་སོགས་པའི་ལྷ་མོར་གྱུར་པས། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསམ་མོ། །འདི་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང༌། སེམས་ཀྱིས་འོད་ཟེར་དེ་འབྱུང་བ་ཞི་དང་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ནས་སངས་རྒྱས་ཞུགས་པར་གྱུར་པ་ལས་རང་རང་གི་སྔགས་ཀྱི་གཟུགས་སུ་བདག་ཉིད་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་རལ་གྲི་ཡི་གེ་མཾ་གྱིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ། །ཞལ་གཡས་ནག་པོ་གཡོན་དཀར་པོ་


DTG044_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དམ་པ་དང༌། གཡོན་ན་ཨུཏྤལ་དང་གཞུ་བསྣམས་པ། ཟླ་བའི་འོད་དང་རིན་པོ་ཆེའི་ཅོད་པན་མངའ་བ། སྣ་ཚོགས་པདྨའི་སྟེང་ན་ཟླ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་བསམས་ལ། དེའི་སྙིང་གང་ཟླ་བ་ལ་རལ་གྲི། དེའི་དབུས་སུ་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བ་ལ་རལ་གྲི། དེའི་དབུས་སུ་ཡི་གེ་མཾ་གནས་པར་བསམས་ལ། ཨོ་དྷརྨྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧམ། ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །འདི་དག་ནི་མཆོག་གི་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆུང་བའོ། །དེའི་མིག་ཏུ་ཟླ་བ་ལ་ཀྵིཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཀྵིཾ་གིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་སྐུ་མདོག་དཀར་པོ། །ཞལ་གཡས་གནག་གཡོན་དམར། ཕྱག་གཉིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་ནོར་བུ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་རྣ་བ་ལ་ཡི་གེ་ཛྲིཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་གཡས་དཀར་པོ་གཡོན་དམར། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པའོ། །གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་པོ་ཆེ་དང་པདྨའོ། །དེ་བཞིན་དུ་སྣ་ལ་ཡི་གེ་ཁཾ་དང་བཅས་པའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་སྐུ་མདོག་སེར་པོ། །ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་གྲི། གཡོན་ན་འཁོར་ལོ་པདྨ་པའོ། །དེ་བཞིན་དུ་ལྕེ་ལ་ཡི་གེ་གཾ་དང་བཅས་པའི་པདྨ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ། །ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །དེ་བཞིན་དུ་མགོ་ལ་ཡི་གེ་ཀཾ་ཀཾ་དང་བཅས་པའི་རལ་གྲི་ཡོངས་སུ་གྱུར་པ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ། ཞལ་གཡས་གནག་གཡོན་དཀར་བ། ཕྱག་


DTG044_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དང་འཁོར་ལོ། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་ལྟེ་བ་ལ་ཡི་གེ་སཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ། གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་ཆེན་དང་པདྨ་བསྣམས་པ་སྟེ། །སའི་སྙིང་པོ་ལ་སོགས་པ་འདི་རྣམས་ཀྱང་ཟླ་བའི་གདན་དང་ཟླ་བའི་འོད་དང༌། རིན་པོ་ཆེའི་ཅོད་པན་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་བའོ། །དེ་དག་ནི་མཆོག་གི་ཉེ་བར་སྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆུད་དུའོ། །ཀུན་དུ་བཟང་པོའི་སྟེང་དུ་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་གྱུར་བ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པོའོ། །ལྕེ་རྩེར་ཡི་གེ་ཨཱཿཡོངྶ་སུ་གྱུར་པ་ལས་པདྨའི་ལྟེ་བ་ལ་ཡི་གེ་ཨཱཿདང་བཅས་པའི་པདྨ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུའོ། །དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨཱཿདྨར་པོའོ། །དཔྲལ་བར་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བར་ཨོཾ་དང་བཅས་པའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་སའི་སྙིང་པོ་ལྟ་བུའོ། །དེའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་སྙིང་པོ་དེ་རྣམས་ཀྱི་འོད་ཟེར་གྱིས་ཐུགས་རྡོ་རྗེ་ལ་སོགས་པའི་སངས་རྒྱས་རྣམས་ཡང་དག་པར་མཆོད་ནས་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཡང་དག་པར་བསྐུལ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་མཆོག་གི་བསྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་བའི་འབྲས་བུ་ཆུང་ངུའོ། །སྙིང་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བསྐུལ་བ་དང་ངེ་རྣམས་ཀྱིས་འོད་ཟེར་བཏང་བའི་སྒོ་ནས་བྱུང་བའི་སྤྱན་མ་ལ་སོགས་པའི་རིགས་རྣམས་ཀྱི་རིན་པོ་ཆེའི་བུ་མ་བ་ནས་བདུད་རྩིས་དབང་བསྐུར་བ་དང་ལྡན་པ་དང༌། རང་གི་རིགས་ཀྱི་བདག་པོ་ཅོད་པན་དུ་ཐོགས་པའོ། །དེ་དག་ནི་མཆོག་གི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་


DTG044_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆུང་ངུའོ། །ཡན་ལག་བཞི་པའི་དང་པོའོ། །རྣལ་འབྱོར་པ་མཆོག་གི་བསྙེན་པ་ལ་སོགས་པའི་ཡན་ལག་འདི་དག་གིས་རྒྱུ་མཐུན་པའི་འབྲས་བུ་འབྲིང་པོ་ལ་སོགས་པ་ནི་རང་དང་འདྲ་བར་བསྐྱེད་པར་བྱའོ། །གཞན་ཡང་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་བྱ་བའི་ཡི་གེ་ལས་བསྐྱེད་པར་བྱས་ཏེ། དེའི་མགོ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་དང༌། བརླ་དང༌། རྐང་པའི་མཐར་ཐུག་པའི་བར་རོ། །ཡི་གེ་ཧཱུཾ་ལས་པདྨ་ཨཱཿལས་ལྟེ་བ། ཕཊ་ལས་དབབ་པ་དགག་པའོ། །བདག་ཉིད་ཀྱིས་ཡང་ཡི་གེ་ཧཱུཾ་ལས་རྡོ་རྗེ། ཨོཾ་ལས་ནིར་བུ་ཕཊ་ཀྱིས་དགག་པའོ། །དེ་ནས་སྙིང་པོའི་འོད་ཟེར་རྣམས་ཀྱིས་བསྐུལ་ལ་དྲངས་ཏེ། དེ་དང་ལྷན་ཅིག་སྔགས་པས་དགའ་བ་བརྩམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྦ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡན་ལག་བཞི་པའི་གཉིས་པས་ཏེ། འདི་དག་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །

དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན།


DTG044_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་གསང་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་བསྐུལ་ལ་བཀུག་ནས་ཁར་བཅུག་སྟེ། ལྷ་མོའི་འདོད་ཆགས་ཀྱིས་ཟླ་བ་ཞུ་བར་གྱུར་པ་དང༌། པདྨའི་ནང་དུ་ཕབ་པ་ལས་བྱུང་བའི་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་བདག་པོ་དབུས་ན་གནས་པའི་དཀྱིལ་འཁོར་བ་བསམས་ལ་ཆོ་ག་འདིས་དབྱུང་བར་བྱའོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལས་མི་བསྐྱོད་པ་བསྐུལ་ཏེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཉི་མའི་གདན་དང་ཟླ་བའི་འོད་མངའ་བ། རལ་པ་དང་ཅོད་པན་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དངོས་པོ་ཐམས་ཅད་ཀྱི་བདག་ལ་བཞུགས་པར་བྱའོ། །ཛིན་ཛིཀ་ཅེས་བྱ་བས་རྣམ་པར་སྣང་མཛད་དགོད་དེ། སྐུ་མདོག་དཀར་པོ་ཞལ་གཡས་གནག་གྱོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། ཤར་གྱི་པདྨ་ལ་བཞུགས་པར་བྱའོ། །རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་དགོད་དེ། སྐུ་མདོག་སེར་པོ་ཞལ་གཡས་


DTG044_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲི། གཡོན་ན་འཁོར་ལོ་དང་པདྨ་བསྣམས་པ། ལྷོར་བཞུགས་པར་བྱའོ། །ཨཱ་རོ་ལྀཀ་ཅེས་བྱ་བས་འོད་དཔག་ཏུ་མེད་པ་དགོད་དེ། སྐུ་མདོག་དམར་པོ། །ཞལ་གཡས་གནག །གཡོན་དཀར་རབ། ཕྱག་གཉིས་ཀྱི་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། །གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པ། ནུབ་ཏུ་བཞུགས་པར་བྱའོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་གྲུབ་པ་དགོད་དེ། སྐུ་མདོག་ལྗང་གུ། ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དང་འཁོར་ལོ། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། བྱང་དུ་བཞུགས་པར་བྱའོ། །འདི་རྣམས་ཉི་མའི་གདན་དང་ཉིད་མའི་འོད་དང་ན་བཟའ་དང་རྒྱན་བཟང་པོ་དང༌། རལ་པ་དང་ཅོད་པན་མངའ་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མོ་ཧ་ར་ཏཱི་ཞེས་བྱ་བས་ཤར་ལྷོར་སྤྱན་མ་དགོད་དེ། སྐུ་མདོག་དཀར་པོ། །ཞལ་གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་རིན་པོ་ཆེན་དང་པདྨ་བསྣམས་པའོ། །དྭེ་ཥ་ར་ཏཱི་ཞེས་བྱ་བ་ལ་ལྷོ་ནུབ་ཏུ་མཱ་མ་ཀཱི་དགོད་དེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏྤལ་དམར་པོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའི། །རཱ་ག་ར་ཏཱི་ཞེས་བྱ་བ་ལས་ནུབ་བྱང་དུ་གོས་དཀར་མོ་དགོད་དེ། སྐུ་མདོག་དམར་མོ་ཞལ་གཡས་གནག །གཡོན་དཀར་བ། ཕག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་ནོར་བུ་དང་འཁོར་ལོ་བསྣམས་པའོ། །བཛྲ་ར་ཏཱི་ཞེས་བྱ་བ་ལས་བྱང་ཤར་དུ་སྒྲོལ་མ་དགོད་དེ། སྐུ་མདོག་སེར་པོ། །ཞལ་གཡས་གནག །གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏྤལ་སེར་བོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །ཕྱིར་རོམ་གྱི་ཤར་ལྷོར་དེ་ཁོ་ན་ཉིད་གསུམ་ལས་གཟུགས་རྡོ་རྗེ་སའི་སྙིང་པོ་


DTG044_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མེ་ལོང་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་བི་ཝང་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ནུབ་བྱང་དུ་དྲི་རྡོ་རྗེ་ནམ་མཁའི་སྙིང་པོ་ལྟ་བུ་ལ་དྲིའི་དུང་ཆོས་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་བྱུང་ཤརྡུ་རོ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུ་ལ་ཐོད་པ་ལ་སོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡོན་དུ་རེག་རྡོ་རྗེ་སྒྲིབ་པ་རྣམ་པར་སེལ་བ་ལྟ་བུ་ལ་ལྷའི་གོས་སྣ་ཚོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡས་སུ་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་དུ་བཟང་པོ་ལྟ་བུ་ལ་ཆོས་འབྱུང་བ་ལ་སོགས་པ་དང་ལྡན་ཏེ། ལྷ་མོ་བཅུ་པོ་དེ་རྣམས་ནི་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་དང་ན་བཟའ་པོ་དང་ལྡན་པའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལས་ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དགོད་དེ་སྐུ་མདོག་ནག་པོ། །ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཉིས་ཀྱི་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེས་མཚན་པའི་ཐོ་བ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པྲཛྙཱ་ནྟ་ཀྲྀཏ་ཅེས་བྱ་བ་ལས་ལྷོ་ཕྱོགས་ཀྱི་སྒོར་ཤེས་རབ་མཐར་བྱེད་དགོད་དེ། སྐུ་མདོག་དཀར་པོ། །ཞལ་གཡས་གནག །གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་ས་མཚན་པའི་དབྱིག་པ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལས་ནུབ་ཕྱོགས་ཀྱི་སྒོར་པདྨ་མཐར་བྱེད་དགོད་དེ། སྐུ་མདོག་དམར་པོ། །ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའི། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་ལས་བྱང་ཕྱོགས་ཀྱི་སྒོར་བགེགས་མཐར་བྱེད་དགོད་དེ། སྐུ་མདོག་ནག་པོ། །ཞལ་གཡས་དཀར། གཡོན་དམར་པོ། །ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེན་དང་པདྨ་བསྣམས་པ་སྟེ། ཁྲོ་བོ་འདི་རྣམས་ཉི་མའི་གདན་དང་ཉི་མའི་འོད་མངའ་བ། ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་གི་པགས་པ་མན་བས་པ། སྦྲུལ་


DTG044_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱན་པ། སྨིན་མ་དང༌། ཨག་ཚོམ་དང་སྤྱན་སེར་བ། དབུ་སྐྲ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། དེ་ལྟར་དངོས་པོ་ཐམས་ཅད་ཀྱིས་རྫོགས་པའི་དཀྱིལ་འཁོར་བསྟན་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སངས་རྒྱས་རྣམས་སྤྱན་དྲངས་ནས། མདུན་དུ་བལྟས་ལ། དེ་རྣམས་དང་ལྡན་ཅིག་འོངས་པའི་བགེགས་གཤིན་རྫེ་གཤེད་ལ་སོགས་པས་བསྐྲད་པ་དང༌། མངོན་པར་བསྲུང་བ་དང༌། བཅིང་བ་དང་མཉེས་པར་བྱས་ནས། བདུད་རྩིས་གང་བའི་སྣོད་ཀྱི་མཆོག་ཡོན་ཕུལ་ལ། སྙིང་པོའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་རྗེ་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང༌། གཤིན་རྫེ་གཤེད་ལ་སོགས་པའི་རང་བཞིན་གསང་སྔགས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །དེ་དག་ནི་ཐུན་མོང་གི་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི། སྤྱིའི་ཉེ་བར་བསྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྤྱིའི་སྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ། །དེ་ཉིད་གཞན་དུ་དབང་བསྐུར་བར་གྱུར་པ་ནི། སངས་རྒྱས་རྣམས་དང་རྡོ་རྗེ་འཆང་བ་དང༌། མཱ་མ་ཀཱི་དང༌། སྒྲ་རྡོ་རྗེ་དང༌། ཆོས་དབྱིངས་རྡོ་རྗེ་དང༌། ཤེས་རབ་མཐར་བྱེད་དང་བགེགས་མཐར་བྱེད་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པའོ། །སྤྱན་དང་གཟུགས་རྡོ་རྗེ་དང༌། གཤིན་རྡེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ། །གོས་དཀར་མོ་དང༌། རོ་རྡོ་རྗེ་མ་དང༌། པདྨ་མཐར་བྱེད་ཀྱི་ཅོད་པན་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མ་དང་རེག་རྡོ་རྗེའི་ཅོད་པན་ལ་ནི་དོན་ཡོད་གྲུབ་པའོ། །དྲིའི་རྡོ་རྗེའི་ཅོད་པན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །འདི་དག་ནི་སྤྱིའི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆེན་པོའི་ཡན་ལག་བཞི་པའི་གསུམ་པའོ། །སྙིང་པོའི་འོད་ཟེར་རྣམས་ཀྱི་སངས་རྒྱས་རྣམས་བསྐུལ་ལ་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས།


DTG044_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་ཆགས་པས་པདྨའི་ནང་དུ་ཟླ་བ་ཞུ་བའི་གཟུགས་ཅན་དུ་བསམས་ལ། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཕྱུང་བས་ཡང་དག་པར་མཆོད་ནས། ཨོཾ་སརྦྦ་ཏ་ཐཱ་ག་པཱུ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་ཡིད་ལྷག་པའི་ལྷར་གྱུར་པ་ལས་ཆོས་རྣམས་ཀྱི། །མི་བསྐྱོད་པ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་སྟོང་པའི་སྒྲ་བྲག་ཅ་ལྟ་བུར་བསྟོད་པ་བྱེད་པར་བསམ་མོ། །དེ་ནས་བདུད་རྩེ་མྱང་བའི་ཆོ་ག་འདི་ཡིན་ཏེ། ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལ་བ་དན་གྱིས་མཚན་པ། དུ་བའི་མདོག་ཅན་ཡི་གེ་ཡཾ་དང་བཅས་པ། དེའི་སྟེང་དུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ཟུར་གསུམ་ལ་རྡོ་རྗེས་མཚན་པའི་ཡི་གེ་རཾ་དང་བཅས་པའོ། །དེའི་སྟེང་དུ་ཟླ་བ་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཐོད་པའོ། །དེར་སྔགས་པས་བི་མུ་ཤུ་མ་ར་སྟེ་བདུད་རྩི་ལྔ་དང༌། གོ་ཀུ་ད་ཧ་ན་སྟེ་དཔའ་བོ་ལྔ་བཀོད་ལ། རླུང་གིས་བསྐྱོད་པའི་མེས་ཐོད་པ་དེ་ལ་གནས་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། དེར་ཡི་གེ་ཧཱུཾ་ལས་རྡོ་རྗེར་གྱུར་པ་ཡང་ནང་དུ་བསམ་མོ། །ཡང་ཡི་གེ་ཨོཾ་གྱིས་དེ་བཞིན་གཤེགས་པ་ལྔའི་ས་བོན་དྲངས་ལ་འདྲེས་པར་གྱུར་པར་བྱས་ནས། དེར་ཡི་གེ་གསུམ་མངོན་པར་བཟླས་ལ་རྣལ་འབྱོར་པས་ཧཱུཾ་བཀོད་པའི་རྡོ་རྗེའི་ལྕེ་བཟང་པོ་དང༌། དེ་ལྟ་རྣམས་ཚིམ་པར་བྱའོ། །འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །

ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན།


DTG044_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལས་ངེས་པར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཡང་དག་པ་མ་ཡིན་པའི་རྟོག་པ་སྤངས་པས་དེའི་བདག་ཉིད་དུ་འགྲོ་བ་རྣམས་བྱས་ནས་རང་གི་ས་བོན་གྱི་ནང་དུ་བཅུག་སྟེ། ཐེག་ལེའི་གཟུགས་སུ་རང་གི་ཡིད་ཡོངས་སུ་བསྒོམས་ལ། སེམས་དེའི་འོད་ཟེར་གྱི་ཕྲེང་བའི་སྣང་བས་སྐུ་དང་གསུང་དང་ཐུགས་དང་ལུས་ཀྱི་མཆོག་གི་བར་སད་པར་བྱས་ལ། ཡང་དེ་ཉིད་དུ་ཞུགས་པས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་མོ། །དེས་ནང་གི་ལུས་དང་བཞིན་དུ་ཐམས་ཅད་སྣང་པར་བྱས་ཏེ། བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་མཐའ་ཡས་པའི་འོད་ཀྱི་ཚོགས་རྣམས་ཀྱིས་སྣ་ཚོགས་པ་ཀུན་དུ་བཀང་ནས་


DTG044_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སླར་འདུས་ཏེ་གནས་པ་དང༌། བརྟན་པར་གྱུར་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་རང་གི་སྔགས་ཀྱི་འོད་ཟེར་གྱིས་སངས་རྒྱས་བཅུག་ལ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་ཟླ་བ་ཞུ་པར་གྱུར་པ་ལས། དེ་ཡོངས་སུ་གྱུར་པའི་མཚན་མ་ཕྲ་མོའི་ལྟེ་བར་ཏིང་ངེ་འཛིན་གཉིས་བསྐྱེད་ལ། སྣ་ཚོགས་པ་སངས་རྒྱས་ཀྱི་བདག་ཉིད་དུ་རང་གི་སྔགས་ཀྱིས་ནང་དུ་བཅུག་ལ། ཐིག་ལེ་དེའི་གཟུགས་ཅན་འོད་གསལ་བར་བདག་ཉིད་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་ལ་བལྟས་ལ་སེམས་བརྟན་པར་གྱུར་ནས་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱའོ། །བསྒོམས་པས་དུབ་ན་ཅིག་ཅར་རམ་རིམ་གྱིས་སེམས་མ་ཡེངས་པར་བཟླས་བརྗོད་བྱའོ། །རང་གི་རྒྱུད་ཚིམ་པར་བྱ་བ་བསམ་པ་ནི་མཐོ་གང་གིས་སྤགས་པ་ལ་སྤྱི་བོའི་སྟེང་དུ་གདུགས་དཀར་པོ་བཞིན་བདུད་རྩིའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨོཾ། །དེའི་འོད་ཟེར་རྣམས་ཀྱིས་བདུད་རྩི་ཕབ་ལ། དེ་ནས་སྲོག་གི་རླུང་དང་རང་གི་སྔགས་ཀྱི་འོད་ཟེར་གྱིས་དྲངས་ནས། རྐན་གྱི་ཕྱོགས་སུ་ཕབ་ནས་བ་སྤུའི་ཁུང་བུ་དང་རྩ་བརྒྱད་ལས་སྐུ་གསུང་ཐུགས་ཚིམ་པར་བྱས། དེ་ནས་བཟླས་པ་དཔག་ཅུ་མེད་པར་བྱས་ནས། ཨོཾ་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་ཡང་དག་པའི་སྨོན་ལམ་མངོན་དུ་བྱའོ། །དེ་ནས་རང་གི་ལྷའི་ང་རྒྱལ་དང་ལྡན་པས་སངས་ནས་ཐམས་ཅད་ཀྱི་དེ་དང་འདྲ་བར་བསམས་ནས་ནས་གནས་པར་བྱའོ། །བདུད་རྩི་མྱང་བའི་རིན་གྱིས་ཟས་ལ་སོགས་པ་སྤྱད་པར་བྱའོ། །དབང་བསྐུར་བའི་རིམ་པས་ཁྲུས་བྱའོ། །རྒྱུ་མཐུན་པ་འབྲིང་པོ་ལ་སོགས་པས་གྲོང་གི་ཆོས་བྱའོ། །ཐུན་མཚམས་སུ་ཡང་དེ་ཁོ་ན་ཉིད་གསུམ་གྱི་དཀྱིལ་འཁོར་རྣམ་པར་སྤྲོས་ལ། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བཟླས་པ་བྱས་ནས། ཡང་དེ་ཁོ་ན་ཉིད་གསུམ་གྱི་དཀྱིལ་འཁོར་བསྡུས་ལ་ཉལ་བར་བྱའོ། །ཡང་ནང་པར་གྱི་དུས་སུ་བསྐྱེད་པའི་རིམ་གྱིས་ཏིང་ངེ་འཛིན་གསུམ་རྫོགས་པར་བྱས་ལ་མཉམ་པར་གཞག་ནས་བཟླས་བརྗོད་ལ་སོགས་པ་བྱའོ། །བསྒོམ་པའི་ཆོ་ག་འདི་ནི་ཤེས་རབ་དམན་པའི་སེམས་ཅན་མཐོང་ནས། སློབ་དཔོན་གྱིས་འདི་ཉིད་གསར་དུ་བརྩམས་པ་ཡིན་ནོ། །དཔལ་གསང་བ་འདུས་པའི་མངོན་པར་


DTG044_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝ་རྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་སླད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།


previousདཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། བསོད་སྙོམས་པ།next