Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  expand section
  expand section
  expand section
   
  expand section
  expand section
  expand section
   
  expand section
  collapse section
དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས།  རིན་ཆེན་རྡོ་རྗེ།
   
   
   
   
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousདཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས། རིན་ཆེན་རྡོ་རྗེ།next

དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས།
རིན་ཆེན་རྡོ་རྗེ།

དང་པོའི་སྦྱོར་བའི་ཏིང་ངེ་འཛིན།


DTG044_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཤྲཱི་ཨ་ཀྵོ་བྷྱ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། །དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁྱབ་བདག་སྒྲིབ་པ་ཀུན་ལས་གྲོལ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རང་སྣང་རིག་པའི་ཡན་ལག་འདུས། །མི་བསྐྱོད་བླ་མ་ཡང་བཏུད་ནས། །དཀའ་བས་ཐོབ་དང་འཁྲུལ་འཇིགས་པས། །ཡེ་ཤེས་ཞལ་སྔའི་རྗེས་འབྲངས་ནས། །རིན་ཆེན་རྡོ་རྗེས་རྣམ་


DTG044_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དེ་ལ་སྔགས་བ་སྙིང་རྗེ་ཆེན་པོའི་རྒྱུས་བྱང་ཆུབ་ཏུ་སེམས་བསྐྱེད་པ། །སྦྱིན་པ་ལ་སོགས་པའི་ཡོན་ཏན་གྱིས་རྣམ་པར་བརྒྱན་པ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཐབ་མོའི་ཚུལ་ལ་ལྷག་པར་མོས་པ་དང༌། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཆུད་དང༌། ཅོད་པན་དང༌། །རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་དང༌། རྗེས་སུ་གནང་བ་ཆོ་ག་བཞིན་དུ་ཐོབ་པས། རི་བོ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པ་འགའ་ཞིག་ཏུ། ཟླ་བ་དང༌། ཉི་མ་དང༌། ཆུ་དང༌། སྨན་དང༌། དྲི་ཞེས་བྱ་བས་དཀྱིལ་འཁོར་གྲུ་བཞི་པར་བྱུགས་ལ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པའི་སིལ་མ་གཏོར་བར་བྱའོ། །དེ་དག་མེད་ན་ནི་ཐམས་ཅད་ཡིད་ཀྱིས་བྱས་ནས། །དེར་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འཇུག་སྟེ། རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་དག་ཅིང་བྱམས་པ་ལ་སོགས་བསྒོམ་པ་སྔོན་དུ་སོང་བ་དང༌། །རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་སྔོན་པོ་མགོ་གྱེན་དུ་བལྟས་པ་བསམས་ལ། ནམ་མཁའི་ངོས་སུ་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། དེ་དང་ཐ་མི་དད་པའི་གཟུགས་ཅན་གྱི་བླ་མ་རྣམས་ཀྱིས་ཀྱང་ཏིལ་གྱི་གང་བུ་ལྟར་བར་མཚམས་མེད་པར་ཡོངས་སུ་གང་བར་དམིགས་ཤིང་བསམས་ལ་ཧཱུཾ་དེ་ལས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྡོ་རྗེ་རྣམས་དང༌། རིན་པོ་ཆེ་སྣ་བདུན་དང༌། རྒྱལ་མཚན་དང༌། །ལྷ་བ་ཤོས་ལ་སོགས་པ་ཕྱིའི་མཆོད་པ་སྣ་ཚོགས་པ་ཐམས་ཅད་ཀྱང་རྣམ་པར་སྒྲོ་པ་བའོ། །སྤྱན་མ་ལ་སོགས་པའི་རིག་མ་རྣམས་དང༌། ཆོས་ཀྱི་དབྱིངས་རྡོ་རྗེ་ཡང་ལ་ལའི་གཞུང་གིས་འབྱིན་པར་བྱེད་དེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཡང་དག་པར་མཆོད་ཅིང་བདག་ཉིད་ཀྱང་དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་འདུག་སྟེ། གུས་པས་བཏུད་ནས་ཕྱག་བྱས་ཏེ། ཐལ་མོ་སྦྱར་ཏེ་པས་མོའི་ལྷ་ང་ས་ལ་བཙུགས་ཏེ་གནས་པར་བསམ་པར་བྱའོ། །དེའི་འོག་ཏུ་མཆོད་པ་དང༌། མཆོད་པར་བྱེད་པ་དང༌། མཆོད་པ་སྟེ་


DTG044_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆར་ཡང་རྨི་ལམ་གྱི་ནང་གི་རྨི་ལམ་ལྟར་བརྫུན་ཞིང༌། །སོ་སོར་རང་གིས་རིག་པའི་བདག་ཉིད་ཅན་དུ་ལྷག་པར་མོས་པར་བྱའོ། །དེ་བཞིན་དུ་བཤགས་པར་བྱ་བ་དང༌། བཤགས་པར་བྱེད་པ་དང༌། བཤགས་པ་དང༌། གང་རྣམས་ཀྱི་མདུན་དུ་བཤགས་པར་བྱ་བ་དང༌། རྗེས་སུ་ཡི་རང་པར་བྱ་བ་དང༌། རྗེ་སུ་ཡི་རང་བར་བྱེད་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྔོ་བར་བྱ་བ་དང༌། སྔོ་པར་བྱེད་པ་དང༌། བསྔོ་བ་དང༌། གང་དུ་བསྔོ་བར་བྱ་བ་དང༌། གསོལ་བར་བྱ་བ་དང༌། གསོལ་བ་པོ་དང༌། གསོལ་བ་སྟེ། གསུམ་ཆར་ཡང་སྔ་མ་བཞིན་དུ་བསམས་ལ། སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱའོ། །གང་ཞིག་ཐོག་མེད་ཅེས་བྱ་བ་ལ་སོགས་པ་དང༌། ཀུན་འདོད་དབུགས་འབྱིན་སོགས་མཛད་པའི། །སངས་རྒྱས་ཀུན་ལ་བདག་ལ་བསྐུལ་བ། །བསྟན་པ་ནམ་མཁའི་མཐའ་མཉམ་པས། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །ཅེས་བྱ་བ་དང༌། ཡིད་ཀྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ནས། ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་བྱ་བའི་བར་གྱིས་བྱའོ། །དེ་ནས་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འཇིག་ཚོགས་ལ་སོགས་པའི་ལྟ་བར་བཤད་པ་རྣམས་དང༌། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་པར་གྱུར་པ་ལ་དམིགས་ལ། ཀྱེ་མའོ་སེམས་ཅན་འདི་དག་ནི་འདོད་ཆགས་སོགས་ཆུ་སྲིན་གྱི་ཚོགས་ཀྱིས་ཀུན་དུ་དཀྲུགས་པ། བདག་དང་བདག་གི་རྣམ་པར་རྟོག་པ་ཤིན་ཏུ་ཟབ་པའི་ཆུ་དང་ལྡན་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་ཐབས་དང་ཤེས་རབ་བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་གྲུ་རྣམ་པ་ཞིག་པ། ལས་དང་ཉོན་མོངས་པའི་དཔའ་རླབས་རྣམས་ཀྱིས་སྐྱེད་པ་ལ་སོགས་པའི་སྡུག་བསྔལ་རྣམས་སུ་ཕན་ཚུན་རྣམ་པར་གཡེངས་པ། །སྐྱབས་མེད་པར་གྱུར་པས་ཡོངས་སུ་ཉོན་མོངས་པ་དེ་རྣམས་ལ། བདག་དཔལ་མི་བསྐྱོད་རྡོ་རྗེ་གྱུར་ནས་དེ་དག་སྡུག་བསྔལ་ཆེན་པོ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་འཁོར་བའི་རྒྱ་མཚོ་འདི་ལས་བཏོན་ནས་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་མཐུས་བླངས་ཏེ། མཆོག་ཏུ་བདེ་བ་དམ་པ་རྒྱ་ཆེ་


DTG044_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ཅན་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིན་པོ་ཆེའི་གླིང་དུ་གཞག་པར་བྱའོ་ཞེས་དེ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་འཇུག་པའི་མཚན་ཉིད་ཅན་གྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ཡང་གཟུང་བར་འཛིན་པའི་ངོ་བོ་ཉིད་དང་བྲལ་བས་སྟོང་པ་ཉིད་ཡིན་ལ། དེ་ལྟ་བུ་ནི་ཤེས་པ་གཞན་མི་བསྐྱེད་པས་དེ་བཞིན་དུ་མཚན་མ་མེད་པ་ཡིན་ནོ། །ཤེས་ཙམ་ལས་ཐ་དད་པའི་ཁམས་གསུམ་པ་ནི་ཤིན་ཏུ་ཡང་མེད་པས་ན་རྟོག་པ་མེད་པ་ཉིད་དུ་ངེས་པར་བརྟགས་ན་གང་དུ་ཡང་སྨོན་པར་མི་བྱེད་པས་དེའི་ཕྱིར་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་མ་ལུས་པ་ནི་སྨོན་པ་མེད་པ་ཡིན་ནོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཀྱི་རང་གི་སེམས་སོ་སོ་རང་གིས་རིག་པ་བེམས་པོ་མ་ཡིན་པ་བསམས་ལ། འོག་ནས་བཤད་པའི་སྔགས་ཀྱི་དོན་ལ་ལྷག་པར་མོས་པའི་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝཱ་ཨཱཏྨ་ཀོ྅ཧཾ། དེ་ནས་སེམས་དེ་ཉིད་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་ལས་རྡོ་རྗེའི་དེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་གྱིས་མཚན་པར་བསམས་ལ་དེ་ལས་རྡོ་རྗེ་རྣམས་ཀུན་དུ་སྤྲོས་ཏེ། ས་ཡང་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསྒོམ་མོ། །དེ་ནས་སྲུང་བའི་འཁོར་ལོའི་ཕྱི་རོལ་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་གསལ་བར་དྲི་མ་མེད་པས་རང་འདོད་པའི་ཕྱོགས་བཅིངས་ལ། དེའི་ནང་དུ་ཡི་གེ་ལཾ་སེར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པས་ཕྱིའི་མཚམས་བཞིར་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་མཚམས་བཅིངས་ཏེ། ཧཱུཾ་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་བསྐལ་བའི་མེ་ལྟར་འབར་བར་སྣང་བས་མཚམས་ཀྱི་ནང་དུར་བ་བྱས་ནས། བཾ་ལས་བྱུང་བ་ཆུ་དཀྱིལ་འཁོར་དཀར་པོ་རབ་ཏུ་འབར་མའི་མེ་ལྟར་སྣང་བས་ར་བའི་སྟེང་དུ་རྡོ་རྗེའི་དྲ་བ་བསྒོམ་པར་བྱའོ། །དེའི་འོག་ཏུ་རབ་དང་དར་བའི་དུས་སུ་རྫོད་དེའི་དྲང་བཞིན་གྱིས་གཞིར་སྐད་ཅིག་གིས་འཁོར་པར་བྱེ་དཔའི་འཁོར་ལོ་རྩིབས་བཅུ་པ་མདོག་སེར་པོ། །འཕགས་པ་ཤེས་རབ་ཀྱི་ཕལ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་ལས་གསུངས་པའི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཆོས་དང༌།


DTG044_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་རྟོག་པ་དང༌། །ཡོངས་སུ་བྱང་བ་ཤེས་པ་ཞེས་བྱ་བ་སྟེ། ཀུན་རྫོབ་དང༌། ཕ་རོལ་གྱི་སེམས་ཤེས་ཞེས་བྱ་བ་སྟེ། ཤེས་པ་བཅུའི་ངོ་བོ་ཁྲོ་བོ་བཅུའོ། །ཡང་ན་རེ་རེ་ཞིང་ཡེ་ཤེས་བཅུའི་བདག་ཉིད་ཅན་དུ་བྱ་བ་སྟེ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་དང༌། རྣམ་པར་བྱང་བའི་ཕུང་པོ་ལྔ་ནི་དེའི་རྒྱུར་གྱུར་པ་ཡིན་པས་ན་ཡེ་ཤེས་ལྔ་ཡིན་ཞེས་ལྔ་ཡིན་ཞེས་བྱ་བ་ནི་གཞུང་གཞན་ཡིན་ནོ། །མན་ངག་ཇི་ལྟ་བ་བཞིན་དུ། །ཕྱོགས་དང་མཚམས་དང༌། སྟེང་དང་འོག་གི་རྩིབས་བཅུ་པོ་རྣམས་དང༌། འཁོར་ལོའི་ལྟེ་བ་ལ་བཤད་མ་ཐག་པའི་ཤེས་བཅུ་རྣམ་པར་དག་པའི་ངོ་བོའི་སྒྲ་ཇི་བཞིན་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ཧཱུཾ་མཛད་ད་མ་གཞན་ཡང་གཙུག་ཏོར་དང་རྣམ་པར་སྣང་མཛད་ལ་སོགས་པ་བགེགས་རབ་ཏུ་འཇོམས་པར་བྱེད་པ་རྣམས་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ལ་ཁྲོ་བོ་རྣམས་ཀྱི་ཕྱོགས་དང་སྐུ་མདོག་གི་ངེས་པ་ནི་འདི་ཡིན་ཏེ། ཤར་ཕྱོགས་ཀྱི་རྩིབས་ལ་ཁྲོ་བོ་གཤིན་རྗེའི་གཤེད་པོ་སྐུ་མདོག་སྔོན་པོ་ཞལ་གསུམ་པ་ཞལ་གཡས་དང་གཡོན་གཉིས་དཀར་བ་དང༌། དམར་པ། །ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་ཡང་དག་པར་འཁྱུད་པ་ནི་ངེས་པ་ཡིན་ལ། །ཕྱག་ལྷག་མ་རྣམས་ན་ཐོབ་དང༌། རལ་གྲི། དང་། ནོར་བུ་དང༌། པདྨ་རིམ་བཞིན་བསྣམས་པར་མཛད་པའོ། །ལྷོར་ཤེས་རབ་མཐར་བྱེད་སྐུ་མདོག་དཀར་པོ། ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ། །དབྱིག་པ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པའོ། །ནུབ་ཏུ་པདྨ་མཐར་བྱེད་སྐུ་མདོག་དམར་པོ། །ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ་དང༌། པདྨ་དང་རལ་གྲི་དང༌། ནོར་བུ་དང་འཁོར་ལོ་བསྣམས་པའོ། །བྱང་དུ་བགེགས་མཐར་བྱེད་གཤིན་རྗེ་གཤེད་དང་འདྲ་བ་ལས། ཁྲོ་བོའི་རྡོ་རྗེ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པའོ། །ཤར་ལྷོར་འདོད་པའི་རྒྱལ་པོ་ཁྲོ་བོ་སྒེག་པ་སྐུ་མདོག་སྡོག་པ། ཞལ་གཡས་དང་གཡོན་དཀར་བ་དང་དམར་པ། ལྕགས་ཀྱུ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པའོ། །ལྷོ་ནུབ་ཏུ་དབྱི་ག་སྔོན་སྐུ་མདོག་སྔོ་བ། ཞལ་གཡོན་དང་གཡོན་དཀར་བ་དང་དམར་བ། དབྱིག་པ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་


DTG044_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པའོ། །ནུབ་བྱང་དུ་སྟོབས་པོ་ཆེ་གཤིན་རྗེ་གཤེད་དང་འདྲ་བ་རྩི་གསུམ་དང༌། རལ་གྲི་དང་ནོར་བུ་དང༌། པདྨ་བསྣམས་བའོ། །འདི་དག་པས་འདོད་པའི་རྒྱལ་པོ་མ་གཏོགས་པ་གཤིན་རྗེ་གཤེད་ནས་སྟོབས་པོ་ཆེའི་བར་ནི་གཟུགས་མི་སྡུག་པ། སྨིན་བསྡུས་དབུས་སྐྲ་གྱེན་འབར་བ། །ཨག་ཚོམ་སྨིན་མ་སྤྱན་དམར་སེར། །ཞལ་གདངས་པ་དང་ལྗགས་བསྐྱོད་པ། །མཆེ་གཙིགས་ཧ་ཧ་ཞེས་བཞད་པ། །གདུག་པའི་སྦྲུལ་གྱིས་སྐུ་བརྒྱན་པ། །མིའུ་ཐུང་གསུས་པ་འཕྱང་བའོ། །བྱང་ཤར་དུ་མི་གཡོ་བ་ནི་འདོད་པའི་རྒྱལ་པོ་ལྟ་བུ་རལ་གྲི་དང༌། རྡོ་རྗེ་དང༌། ནོར་བུ་དང་། པདྨ་བསྣམས་པ་མི་གཡོ་བའོ། །སྟེང་དུག་ཙུག་འཁོར་ལོས་སྒྱུར་བ་སྐུ་མདོག་སེར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ་སྟེ། འཁོར་ལོ་སེར་པོ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པའོ། །འཁོར་ལོ་འབར་བས་རབ་རུ་བསྐོར་བའོ། །འོག་ཏུ་ནི་གནོད་མཛེས་འདོད་པའི་རྒྱལ་པོ་དང་འདྲ་བ་ལས་རྡོ་རྗེ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པའོ། །འཁོར་ལོའི་ལྟེ་བ་ལ་ནི་ཧཱུཾ་མཛད་གནོད་མཛེས་དང་འདྲ་བ་ལས་རྡོ་རྗེ་དང༌། རལ་གྲི་དང༌། ལྕགས་ཀྱུ་དང༌། ཞགས་པ་བསྣམས་པའོ། །གཡོན་དང་གཡས་ལོགས་སུ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་གན་རྒྱལ་དུ་འདུག་པ་ལ། །རྣ་བ་གཡོན་པའི་སྟེང་དང༌། ནུ་མ་གཉིས་པ་རིམ་བཞིན་དུ་གཡོན་བརྐྱང་བས་མནན་ཏེ་བཞུགས་པའོ། །འདི་དག་ལས་འདོད་པའི་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེའི་ཧཱུཾ་མཛད་ཀྱི་བར་ནི་ཁྲོ་བོ་སྒེག་པ་སྒེག་པ་མཆེ་བ་ཅུང་ཟད་གཙིགས་པ། ཨག་ཚོམ་མེད་པ་རིན་པོ་ཆེའི་ཅོད་པན་དང་རིན་པོ་ཆེའི་རྒྱན་མངའ་བའོ། །གཤིན་རྗེའི་གཤེད་ལ་སོགས་པ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་བར་ནི་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་གནས་པ་དང་ཉི་མའི་འོད་ཀྱི་དཀྱིལ་འཁོར་མངའོ། །དེ་ནས་སྲུང་བའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་ཧཱུཾ་མཛད་དམ། །རང་གི་འདོད་པའི་ལྷ་གང་ཡང་རུང་བ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བའི་ཕྱག་རྒྱ་གྱེན་དུ་བལྟས་ཏེ་གནས་པ། །སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་གྲུ་གསུམ་པ། ནང་ན་ནམ་མཁའི་རང་བཞིན་ཡོད་ན། དབུས་ན་པདྨ་དང་སྣ་ཚོགས་རྡོ་རྗེ་


DTG044_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་བསྒོམ་པར་བྱའོ། །ཆོས་འབྱུང་བའི་ནང་དེར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་བྷཱུཾ་ཡོངས་སུ་གྱུར་བ་ལས་འཁོར་ལོ་རྩིབས་བཅུ་གཉིས་པ་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འགྱུར་བ་ཡན་ལག་བཅུ་གཉིས་རྣམས་པར་དག་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་ལ་བྷཱུཾ་ཉིད་བསམས་ལ་དེ་བཞིན་གཤེགས་པ་རྣམས་སྤྲོས་པ་སྔོན་དུ་འགྲོ་བས་ཡི་གེ་བྷཱུཾ་དང་འཁོར་ལོ་དེ་ཡོངས་སུ་གྱུར་པ་ལས་རྣམས་པར་སྣང་མཛད་རིག་པ་དང་བཅས་པའི་ཡན་ལག་ལས་ཡང་དག་པར་འབྱུང་བའི་གཞིའི་དཀྱིལ་འཁོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་པར་དག་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་དག་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་མི་མཉམ་པ་མེད་པས་ན་ཟུར་བཞི་པའོ། །དེ་བཞིན་དུ་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་གཅིག་དང་དུ་མ་དང་བྲལ་བ་ཉིད་ཀྱིས་སྦྱོར་བ་གང་ཡན་ལག་སྣ་ཚོགས་པ་ལ་འཇུག་པ་ཙམ་གྱིས་ལུས་འདི་ནི་གཟུང་བ་ལ་སོགས་པས་རྣམས་པར་དབེན་པའི་སེམས་ཀྱིས་རྣམས་པར་དྲན་པ་ཉེ་བར་འཇོག་པས་ན། ལུས་དང༌། ཚོར་བ་དང༌། སེམས་དང༌། །ཆོས་ཞེས་བྱ་བའི་དྲན་བ་ཉེ་བར་གཞག་པ་བཞི་པོ་རྣམ་པར་དག་པ་ནི་ཤར་གྱི་སྒོའོ། །མི་དགེ་བ་སྐྱེས་པ་དང༌། མ་སྐྱེས་པ་རྣམས་སྤངས་ཞིང་མི་སྐྱེ་བའི་ཕྱིར་དང༌། །དགེ་བ་མ་སྐྱེས་པ་དང༌། སྐྱེས་པ་རྣམས་བསྐྱེད་པ་དང་གནས་པའི་ཕྱིར་རིམ་གྱིས་རྩོམ་པ་དང༌། །ཡོངས་སུ་བསྐྱངས་པ་དང་སོ་སོར་རྟོག་པ་དང༌། ནན་ཏན་ལྷུར་བྱེད་པ་ཞེས་བྱ་བའི་བརྩོན་འགྲུས་བཞི་རྣམས་པར་དག་པ་ནི་གཉིས་པ་སྟེ་ལྷོའི་སྒོའོ། །འདུན་པ་དང་བརྩོན་འགྲུས་དང་སེམས་དང་སྤྱོད་པ་སྟེ་རྫུ་འཕྲུལ་གྱི་རྐང་བ་བཞི་རྣམ་པར་དག་པ་ནི་གསུམ་པ་ནུབ་ཀྱི་སྒོའོ། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དབང་པོ་ལྔ་རྣམ་པར་དག་པ་ནི་བཞི་བ་བྱང་གི་སྒོའོ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ་ཡན་ལག་ལྔ་པའི་བསམ་གཏན་དང་པོ་དང༌། ནང་གི་བདག་ཉིད་རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་བ་སྟེ་ཡན་ལག་བཞི་


DTG044_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའི་གཉིས་པ་དང༌། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་དང་ལྡན་པའི་གསུམ་པ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་བ་དང༌། བདེ་བའི་ཚོར་བ་མེད་པ་དང་། སེམས་རྩེ་གཅིག་པ་སྟེ་ཡན་ལག་བཞི་བ་དང་ལྡན་པའི་བཞི་པ་སྟེ། དེ་ལྟར་རིམ་བཞིན་དུ་བསམ་གཏན་བཞི་རྣམ་པར་དག་པ་ནི་རྟ་བབས་བཞི་ཡིན་ནོ། །དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། སེང་གེ་རྣམས་པར་རོལ་པའི་ཏིང་ངེ་འཛིན་རྣམས་པར་དག་པའི་ཁ་ཁྱེར་བཞིས་ཡོངས་སུ་བསྐོར་བ་དང༌། དེ་བཞིན་དུ་བཟོད་པ་དང༌། ཆོས་དང༌། །དོན་དང་སྔགས་ཀྱི་གཟུགས་གཟུང་རྣམས་པར་དག་པའི་ལྷ་མོའི་ཚོགས་ལག་ན་མཆོད་པ་རྣམ་པ་སྣ་ཚོགས་པ་ཐོགས་པ་ཁ་ཁྱེར་ལ་གནས་པ་དང༌། འགྲོ་བ་མ་ལུས་པའི་བསམ་པ་སྣ་ཚོགས་པ་སོ་སོར་བསྐོང་བའི་རིན་པོ་ཆེ་མ་ལུས་པར་རྣམས་པར་སྤྲས་པའི་རྒྱན་སྣ་ཚོགས་པས་རྣམས་པར་བརྒྱན་པ་དང་གདུལ་བྱའི་དབང་གིས་བྱུང་བ་མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་གསུངས་རབ་ཡན་ལག་དགུའི་དམ་པའི་ཆོས་ཀུན་དུ་སྒྲོགས་པའི་ན་བ་དན་རྩེ་མོ་སྣ་ཚོགས་པའི་དྲིལ་བུའི་སྒྲ་སྒྲོགས་པ་རླུང་གིས་བསྐྱོད་པ་དང༌། ཡེ་ཤེས་ཉིད་གསལ་པ་ཉིད་ཀྱིས་མེ་ལོངས་དང་འདྲ་བས་ནས་མེ་ལོང་ངོ༌། །དེའི་ངོ་བོ་ཉིད་ཀྱི་དྲན་པ་དང༌། །ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བརྩོན་འགྲུས་དང༌། བཏང་སྙོམས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའི་མཚན་ཉིད་ཅན་ལ་སོགས་པའི་མེད་ཏོག་ཕུན་སུམ་ཚོགས་པའི་རྣམས་པར་དག་པ་དང་དྲ་བ་དང་དྲ་བ་ཕྱེད་པ་དང༌། ཟླ་བ་དང༌། ཟླ་བ་དང༌། ཉི་མ་དང༌། མེ་ལོང་དང༌། མེ་ཏོག་གི་ཕྲེང་བ་དང༌། རྡ་ཡབ་འབར་བ་དང་ལྡན་པ་དང༌། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམས་པར་ཐར་བ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་འདི་ནི་གཉིས་པའོ། །སྡུག་པའི་རྣམས་པར་ཐར་


DTG044_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་དེ་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་བའོ་།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། དེ་ལྟར་རྣམས་པར་ཐར་པ་བརྒྱད་པ་ནི་རྒྱལ་བའི་ཡུམ་ལས་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དེ་སྟོང་བ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་ཟིལ་གྱིས་མན་ན་ནམས་མཐོངས་བ་འདི་ནི་རྣམས་པར་ཐར་བ་དང་པོའོ་ཞེས་བྱ་བ་ནས་དེ་ཉིད་དུ་འགོག་པའི་སྙོམས་པར་འཇུག་པ་སྟོང་བ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པས་དེ་ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་རྣམས་པར་ཐར་བརྒྱད་པའོ་ཞེས་འབྱུང་བ་དང༌། ཡང་འདི་དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ཏེ། རྣམ་པར་ཐར་བརྒྱད་པོ་འདི་དག་རྣམ་པར་དག་པ་ནི་རིམ་བཞིན་དུ་འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་དང༌། སངས་རྒྱས་ཐམས་ཅད་དུ་བར་ཆད་མེད་པར་རྡོ་རྗེའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བ་དང༌། གཟུགས་ལ་སོགས་པ་རྣམས་ལ་ཕྱིན་ཅི་ལོག་མེད་པས་བླན་མེད་ཅིང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དང༌། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཆོད་པ་ལྔས་ཉེ་བར་བརྒྱན་པ་དང༌། འགྲོ་བ་མ་ལུས་པ་དང་ཐ་མི་དད་པར་བསྟན་ཀྱང་དེར་གཏོགས་པའི་ཉེས་བས་མ་གོས་པས་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨའི་གདན་གྱིས་ཉེ་བར་མཛེས་པར་བྱས་པའི་ལྷའི་གནས་བཅུ་དགུ་ལ་སེམས་ཅན་མ་ལུས་པའི་རྒྱུད་དུ་གཏོགས་པའི་མུན་ནག་རྣམ་པར་སེལ་ཅིང་མི་དགེ་བ་རྣམ་པ་བཅུའི་འདམ་རྫབ་ཡད་དག་པར་སྐེམས་པ་དང༌། བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སུ་སྨིན་པར་བྱེད་པས་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཉི་མའི་གདན་བདུན་དང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཉེ་བར་ཞི་བར་བྱེད་པ་དང༌། དགེ་བའི་རྩ་བའི་མྱུ་གུ་ཉེ་བར་འཕེལ་བར་བྱེད་པས་སྙིང་རྗེ་ཆེན་པོའི་


DTG044_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱི་ཟླ་བའི་གདན་བཅུ་གཉིས་སྣ་ཚོགས་པདྨའི་སྟན་ལ་གནས་པ་དང་ལྡན་པ་དང༌། སྙིང་རྗེས་བརླན་པ་དང༌། །བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་བུམ་པ་གང་བས་བརྒྱན་པ་དང༌། ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་པས་ཁ་དོག་ལྔ་ལས་ཡོངས་སུ་གྲུབ་པའི་ཁང་བ་བརྩེགས་མ་སྟེ། དེ་རྣམས་པར་དག་པས་རང་གི་སེམས་ཉིད་དེ་ལྟ་བུའི་གཟུགས་སུ་སྒོམ་པར་བྱའོ། །དེ་ནས་དེའི་བུམ་པའི་དབུས་ཟླ་བའི་གདན་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྐྱེད་པར་བྱེད་པ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པ་ཉིས་འགྱུར་དུ་བྱས་པའི་ཕྲེང་གཉིས་ལས་ཡོངས་སུ་གྲུབ་པ་ཤེས་རབ་ཀྱི་ངོ་བོ་ཉིས་རང་གི་སེམས་ཀྱི་ཡེ་ཤེས་ཀྱི་ཟླ་བ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུ་སྐྱེད་པར་བྱེད་པ། ཀ་ལ་སོགས་པ་གསལ་བྱའི་ཡི་གེ་ཚར་གཉིས་སུ་བྱས་པའི་དྲུག་ཅུ་རྩ་བཞིའི་དབུས་སུ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཕྲེང་གཅིག་གནས་པའི་ཡི་གེ་བརྒྱད་ཅུ་ཡོངས་སུ་རྫོགས་པ་ལས་ཡོངས་སུ་གྲུབ་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཟླ་བའི་དཀྱིལ་འཁོར་གཉིས་པོ་བསྒོམས་པར་བྱའོ། །ཟླ་བ་གཉིས་པོ་དེ་དག་ནི་ཀུན་གཞི་རྣམས་པར་ཤེས་པ་ཡོངས་སུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པར་བལྟ་བར་བྱ་ལ་འདི་གཉིས་གཅིག་ཏུ་གྱུར་པས་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནོར་བུ་དམར་སྐྱ་ལྟ་བུ་གཟུགས་ལ་སོགས་པ་ཕུང་པོ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཡང་དག་པར་སྟོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བལྟས་ཏེ་གནས་པ་ལ། རྡོ་རྗེའི་ལྟེ་བ་ལ་ཡང་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་རྗོད་པ་དང་བརྗོད་པར་བྱ་བ་ལས་འདས་པ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གནས་གྱུར་པ་སོ་སོར་རྟོག་བའི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་སྤྲོས་ནས་འགྲོ་བའི་དོན་བྱས་ཏེ་བསྡུས་པའི་འོག་ཏུ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ང་རྒྱལ་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་འོག་ཏུ་སྐད་ཅིག་


DTG044_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡེ་ཤེས་ཀྱི་ཟླ་བ་དང་མཚན་མ་དང་ས་བོན་དེ་ཡོངས་སུ་གྱུར་བ་ལས་བདག་ཉིད་དཔལ་ལྡན་ཀུན་དུ་བླང་པོ་ཐུབ་པའི་མཆོག་གི་ཕྲ་རབ་རྣམས་པར་བསྡུས་པ་ལས་གྲུབ་པ། རྒྱལ་བ་སྐྱེད་པར་བྱེད་པའི་རྣམ་པར་ཐར་པའི་སྒོ་གསུམ་རྣམས་པར་དག་པའི་ཞལ་གསུམ་མངའ་བ། ཞལ་དང་པོ་དང་སྐུ་ཐམས་ཅད་ཟླ་བ་རྒྱས་པ་ལྟ་དཀར་བ། །ཞལ་གཡས་དང་གཡོན་སྔོ་བ་དང་དམར་བ། སྟོང་བ་ཉིད་དང་སྙིང་རྗེ་ཆེན་པོ་དག་རབ་ཀྱི་མཐར་ཐུག་པར་གྱུར་པས། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་སྐུ་དམ་པ་དང་ལྡན་པ་རྒྱན་སྣ་ཚོགས་རྣམ་པར་འབར་བའི་ཕྱག་དྲུག་མངའ་བ་དང་ཕྱག་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པས་མ་མཆུ་ཚེམས་ཀྱིས་འཛིན་པར་མཛད་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དམར་པོ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་རིམ་པ་བཞིན་དུ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་མི་བསྐྱོད་པས་བརྒྱན་པའི་རལ་པའི་ཅོད་པན་ཅན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམས་པར་དག་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །དེ་ནས་འདོང་ཆགས་ཆེན་པོ་འདུལ་བའི་སེམས་ཅན་གྱི་འཇིག་རྟེན་རྣམས་ལ་འདི་ནི་དཔལ་གསང་བ་འདུས་པས་འདུལ་བའི་སྣོད་ཡིན་པ་ཡང་དག་པར་མཐོང་ནས་རབ་ཏུ་དག་པར་མཐོང་ནས་རབ་ཏུ་དགའ་བའི་སྒྲས་རང་གི་ལུས་ལ་རྒྱལ་བའི་ཚོགས་བཅུག་སྟེ། སྤྱན་ལ་སོགས་པའི་རིམ་པ་རྣམས་དང་གཟུགས་ལ་སོགས་པའི་ཡུལ་གྱི་ངོ་བོ་ཉིད་ཀྱི་ལྷ་མོའི་རང་བཞིན་དུ་གྱུར་ལ། །དེ་ཡང་སླར་གྱི་ལུས་ལས་ཕྱུང་སྟེ། རང་གི་རིག་པའི་ནང་དུ་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཡང་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམས་པ་ལྟ་བུར་རང་གི་ལུས་ལ་བཅུག་ལ་ཟླ་བ་ཞུ་བར་གྱུར་པ་རང་གི་གསང་བའི་རྡོ་རྗེ་ལས་རང་གི་རིག་པའི་ཆུ་སྐྱེས་སུ་ཕྱུང་སྟེ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པ་པོའི་དཀྱིལ་འཁོར་མི་བསྐྱོད་པའི་བདག་པོ་ཅན་ལྷ་བཅུ་དགུའི་བདག་ཉིད་ཅན་དང་ལྡན་བ་བསམས་ལ། །འགྲོ་བ་མ་ལུས་པའི་ཚོགས་དབུགས་དབྱུང་བའི་ཕྱིར་དེར་གཞུག་པར་བྱའོ། །དེའི་འོག་ཏུ་ཡང་རྣམས་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་ལས་དེ་གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་


DTG044_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེས་དེ་རྣམས་ལ་དབང་བསྐུར་བར་བསྒོམ་པར་བྱའོ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་དེས་སེམས་ཅན་ཐམས་ཅད་ལ་རེག་པ་དང༌། དབུ་གསུམ་ལ་ཕྱག་དྲུག་པ་ཐབས་དང་ཤེས་རབ་མཆོག་ཏུ་དགའ་བའི་བདེ་བ་དམ་པའི་བདག་ཉིད་ཅན་སའི་སྙིང་པོ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་ཉིད་དུ་གྱུར་པར་སྐད་ཅིག་མས་བསམས་ལ། དེའི་འོག་ཏུ་དེ་རྣམས་ཀྵིཾ་ཛྲཱིཾ་ཁཾ་གཾ་ཥྐཾ་སཾ་ཞེས་བྱ་བའི་ས་བོན་ལས་རིམ་བཞིན་དུ་མིག་དང༌། །རྣབ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམ་པར་དག་པའི་ངོ་བོ་ཉིད། སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་རང་གིས་ས་བོན་བརྗོད་པ་སྔོན་དུ་འགྲོ་བས་དབྱུང་བར་བྱའོ། །དེ་བཞིན་དུ་ཛཿཧཱུཾ་བཾ་ཧཾཿ་ཁཾ་རཾ་ཞེས་བྱ་བའི་ས་བོན་ལས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཕྱི་རོལ་ན་གནས་པ་དང༌། ལཾ་མཱཾ་ཏཱཾ་ཞེས་བྱ་བའི་ས་བོན་ལས་ས་དང༌། ཆུ་དང༌། མེ་དང༌། རླུང་གི་ངོ་བོ་ཉིད་དང༌། སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་པོ་དང༌། སྒྲོལ་མ་སྟེ་འགོ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ལས་བྱུང་བ་རྣམས་དང༌། བྲུཾ་ཨཱཾ་ཛྲཱཾ་ཁཾ་ཧཱུཾ་ཞེས་བྱ་བ་ལས་རིམ་བཞིན་དུ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། །རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོང་གྲུབ་པ་དང༌། མི་བསྐྱོད་པ་དེ་བཞིན་དུ་དབྱུང་བར་བྱའོ། །ལ་ལ་ནི་ས་བོན་འདི་དག་ཉིད་ཀྱིས་ཆོས་འབྱུང་བའི་ཕྱག་རྒྱར་འདི་དག་རེ་རེ་ནས་བསྐྱེད་ཅེས་ཟེར་རོ། །གཞན་དག་ནི་འདི་རྣམས་ཀྱི་མིག་ལ་སོགས་པ་རྣམ་པར་སྦྱང་བར་བྱའོ་ཞེས་ཟེར་རོ། །ཡང་གཞན་དག་ནི་གི་པིར་རྒྱུད་ལས། རྡོ་རྗེ་ནམ་མཁའི་ཁམས་འདིར་སེམས་ཅན་གང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་ཡང་དག་པར་བྱུང་བར་དེ་རྣམས་རྡོ་རྗེའི་དཔལ་གྱིས་རེག་པ་དང༌། །དེ་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ་པར་གྱུར་ཏོ་ཞེས་གསུངས་པས་ན། བསྐྱེད་པ་ཡང་


DTG044_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ་དེ་རྣམས་ཀྱི་མིག་ལ་སོགས་པ་རྣམས་པར་དག་པར་ཡང་ཤེས་པར་མི་བྱའོ་ཞེས་ཟེར་རོ། །གཞན་ཡང་དེ་ལྟ་བུ་ཡིན་དུ་ཟིན་ན་ནི་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། འདི་ལྟར་རྡོ་རྗེ་ས་བོན་གྱིས་ནི་བསྐྱེད་པར་བྱ་ཞེས་བྱ་བ་དང༌། མིག་ལ་སོགས་པ་རྣམ་པར་སྦྱང་པར་བྱའོ་ཞེས་བྱའོ་ཞེས་གསུངས་པར་འགྱུར་རོ། །སྙན་དང་གས་མཁན་ཆེན་པོ་པ་ཉིད་ཡིན་པས་ན་དེ་ལྟར་བསྟན་པར་ནུས་ན་ཡང་དེ་ལྟར་མ་ཡིན་ལ་མར་མེད་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་མཛད་པར་ཡང་ཁྱད་པར་མ་བརྗོད་པས་ན། རྣམ་པ་ཐམས་ཅད་དུ་འབྱིན་པ་ཉིད་དུ་ངེས་ཀྱི་བསྐྱེད་པ་ནི་མ་ཡིན་ཞེས་བྱ་བར་གནས་སོ། །དེའི་འོག་ཏུ་ཡང་རང་གི་འདོད་པའི་ལྷའི་དཀྱིལ་གྱི་འཁོར་ལོའི་དྲི་ཟ་ཉེ་བ་འཁོར་ལྟ་བུ་རང་གི་ཁར་བཅུག་ལ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་བ་རྡོ་རྗེའི་ལམ་ནས་རང་གི་རིག་མའི་ཆུ་སྐྱེས་ཀྱི་ནང་དུ་ངེས་པར་བྱུང་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཧོཿ་དམར་པོ་གཉིས་དང་སྤེལ་བ། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་བསམ་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་འདོད་ཆགས་ཆེན་པོ་འབར་པ་རྣམས་ཀྱིས་ཡི་གེ་ལྔ་པོ་དེ་ཞུ་བར་གྱུར་བར་བསམས་ལ། དེ་ཡང་འོད་ཟེར་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་རིག་པ་དང་བཅས་པ་ཡང་ཟླ་བ་ཞུ་བར་གྱུར་ནས་དབུས་ཀྱི་ཟླ་བའི་གདན་གྱི་སྟེང་དུ་བྱང་ཆུབ་སྐྱི་སེམས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །དེ་ནས་དུས་ཡུན་རིང་པོར་གོམས་པས་རང་བཞིན་དུ་བྱས་པའི་བྱམས་པ་དང༌། །སྙིང་རྗེ་དང༌། །དགའ་བ་དང༌། །བཏང་སྙོམས་ཆེན་པོའི་རྒྱུ་མཐུན་པའི་རང་བཞིན་མཱ་མ་ཀཱི་ལ་སོགས་པ་རྣམས་དེ་བཞིན་གཤེགས་པའི་འོད་ཟེར་སྣང་བས་བསྐུལ་ཏེ་བྱུང་བའི་གླུའི་སྒྲས་བསྐུལ་བའི་རིམ་གྱིས་སེམས་ཅན་ཁམས་ནས་བྱ་བ་ལ་སོགས་པའི་གླུ་བཞི་པོ་བསམ་པར་བྱའོ་།བསྐུལ་བ་མངོན་དུ་བྱས་པ་དང༌། ཆོས་ཀྱི་དབྱིངས་ལ་ནི་གཞན་གྱི་ངོན་མ་ཚང་བས་རྒུད་པ་ལྟ་བུར་མཐོང་སྟེ། སྒྱུ་མ་ལྟ་བུར་མོས་པས་དེ་བཞིན་གཤེགས་པ་སྤྲོས་པ་ལ་སོགས་སྔོན་དུ་འགྲོ་བ་ཡོངས་སུ་གྱུར་པའི་ཡི་གེ་ཧཱུཾ་ཉི་མའི་དཀྱིལ་འཁོར་ལ་གནས་པར་རང་ཉིད་གྱུར་ལ། དེ་ཡོངས་སུ་གྱུར་པ་ལས་ཀྱང་ཞེས་དང་རྣམས་པར་དག་པ་ཅུང་ཟད་ཁྲོ་བོའི་གཟུགས་


DTG044_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྡོ་རྗེ་སྔོན་པོ་ལྟེ་བར་ཧཱུཾ་གིས་མཚན་པ་བསམས་ལ། དེའི་འོད་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་དམ་པའི་དོན་མཛད་ནས་དེ་ཉིད་དུ་ཞུགས་པ་དང༌། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྐུ་ཐམས་ཅད་དང༌། ཞལ་དབུས་མ་ནོར་བུ་མཐིང་ཀ་ལྟ་བུ་མཆེ་བ་ཅུང་ཟད་གཙིགས་པ་དང་ལྡན་པ་ཞལ་གཡས་གཡོན་དཀར་པོ་དང་དམར་པོ། །ཕྱག་དྲུག་པ་གཉིས་ཀྱིས་རང་དང་འདྲ་བ་ལ་ཀུན་དུ་འཁྱུད་པ། ལྷག་མ་རྣམས་ན་རྡོ་རྗེ་སྔོན་པོ་དང༌། །ནོར་བུ་དང༌། པདྨ་རིམ་བཞིན་བསྣམས་ལ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པ་དང་ཅོད་པན་འཆང་བ། །མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱིས་རང་དང་འདྲ་བའི་རིག་པའི་ལྷ་མོའི་མ་མཆུ་འཛིན་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པར་བྱའོ། །དེ་ནས། སྲིད་པར་ཆགས་པས་སྲིད་མཐའ་ཡས། །ཞི་བར་ཆགས་ན་འབྱོར་ཉམས་ཆ། ཞེས་བྱ་བ་སྨོས་པས་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་ཡུན་རིང་པོ་གོམས་པར་བསྟེན་པར་གྱུར་པའི་དམིགས་སུ་མེད་པའི་སྙིང་རྗེ་ཆེན་པོར་ཡང་དག་པར་བསྟེན་པ་ནི་ཀུན་རྫོབ་ཏུ་ཡིན་ནོ། །དེ་བཞིན་དུ་ཕྱིན་ཅི་ལོག་པའི་སྟོང་བ་ཉིད་བསྟེན་པ་ལ་ས་ཐོབ་པ་བདག་དང་བདག་གིར་རྟོག་པ་ལ་སོགས་པ་རྣམས་པར་རྟོག་པའི་རྒྱུན་མ་གྲུབ་པ་སྒྱུ་མ་ལྟ་བུའི་དག་པ་འཇིག་རྟེན་པ་ཕྱིན་ཅི་མ་ལོག་པ་ཞལ་གསུམ་དང་ཕྱག་དྲུག་པར་ཐབས་དང་ཤེས་རབ་ཀྱི་མའི་ཏིང་ངེ་འཛིན་དྲི་མ་མེད་པ་ལས་ཡང་དག་པར་བྱུང་བ་བདེ་བ་ཆེན་པོའི་ངོ་བོ་ཉིད་ཟ་བ་པ་དང་རྒྱ་ཆེ་པའི་བདག་ཉིད་ཅན་ཡིད་བཞིན་གྱི་ནོར་བུ་ལྟར་འཁོར་བ་ཇི་སྲིད་པར་འགྲོ་བ་མ་ལུས་པའི་དོན་གྱི་བྱ་བ་བྱེད་པ། སྲིད་པ་དང་ཞི་བར་རབ་ཏུ་མི་གནས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་རང་གི་བདག་ཉིད་ལྷག་པར་མོས་པར་བྱས་ལ་བྱིན་གྱིས་བརླབས་པར་བྱའོ། །ཨོཾ་དྷརྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་དང༌། བསྙེན་པའི་ཡན་ལག་ཆུང་ངུ་སྟེ་དང་པོའོ། །དེ་ནས་ཕུང་པོ་དང༌། ཁམས་དང༌། །སྐྱེ་མཆེད་བྱིན་གྱིས་བརླབས་པའི་མཚན་ཉིད་རྣམ་པར་སྨིན་པ་མེ་དཔར་ཐམས་ཅད་མཁྱེན་པར་མི་འགྱུར་པས་དེ་ཐོབ་པར་བྱ་བའི་ཕྱིར། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ་


DTG044_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་མིག་གཉིས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཀྵིཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བར་ཡི་གེ་ཀྵིཾ་གནས་པ་བསམས་ལ། དེའི་འོད་ཟེར་ལས་བྱུང་བའི་སའི་སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ལོས་འགྲོ་བའི་དོན་བྱས་ནས། དེ་ཉིད་དུ་ཞུགས་པ་དང་དེ་ཐམས་ཅད་ཡོངས་སུ་གྱུར་བ་ལས་སའི་སྙིང་པོ་རྣམ་པར་སྣང་མཛད་ལྟ་བུ་རིན་པོ་ཆེའི་ཅོད་པན་བསམ་པར་བྱའོ། །དེ་བཞིན་དུ་རྣ་བ་གཉིས་སུ་ཡི་གེ་ཛྲཱིཾ་སྔོན་པོ་དང༌། རྡོ་རྗེ་ཡོངས་སུ་གྱུར་བ་ལས་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུའོ། །སྣར་ཡི་གེ་ཁཾ་སེར་པོ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་རིན་པོ་ཆེ་དཔལ་ལྟ་བུའོ། །ལྕེ་ལ་ཡི་གེ་གཾ་དམར་པོ་དང༌། པདྨ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་ཏུ་མེད་པ་ལྟ་བུའོ། །ཐོད་པའི་སྦུབས་ཀྱི་ནང་དུ་ཡི་གེ་ཥྐཾ་ལྗང་གུ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དོན་ཡོད་གྲུབ་པ་ལྟ་བུའོ། །ཡིད་ལ་ཡི་གེ་སཾ་དཀར་པོ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ལྟ་བུ་རབ་སམ་པར་བྱའོ། །གཟུགས་ཀྱི་སྐྱེ་མཆེད་ལ་ཡི་གེ་ཛཿ་དང་མེ་ལོང་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེའོ། །སྒྲའི་སྐྱེ་མཆེད་ལ་ཧཱུཾ་དང་བི་ཝང་ཡོངས་སུ་གྱུར་པ་ལས་སྒྲ་རྡོ་རྗེའོ། །དྲིའི་སྐྱེ་མཆེད་ལ་ཕཾ་དང་དྲིའི་དུང་ཆོས་ཡོངས་སུ་གྱུར་པ་ལས་དྲི་རྡོ་རྗེའོ། །རོའི་སྐྱེ་མཆེད་ལ་ཧོཿ་དང་རོའི་སྣོད་ཡོངས་སུ་གྱུར་བ་ལས་རོ་རྡོ་རྗེའོ། །རེག་བྱའི་སྐྱེ་མཆེད་ལ་ཁཾ་དང་གོས་སྣ་ཚོགས་ཡོངས་སུ་གྱུར་པ་ལས་རེག་རྡོ་རྗེའོ། །ཆོས་ཀྱི་སྐྱེ་མཆེད་ལ་རཾ་ལས་བྱུང་བའི་ཆོས་འབྱུང་བའི་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་དབྱིངས་རྡོ་རྗེ་བསམ་པར་བྱའོ། །དེ་བཞིན་དུ་ཕྱི་དང་ནང་གི་སའི་ཁམས་ལ་ལཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྤྱན་ནོ། །ཆུའི་ཁམས་ལ་མཱཾ་དང་ཨུཏྤལ་སྔོན་པོ་ཡོངས་སུ་གྱུར་པ་ལས་མཱ་མ་ཀཱིའོ། །མེའི་ཁམས་ལ་པཾ་དང་པདྨ་ཡོངས་སུ་གྱུར་པ་ལས་གོས་དཀར་མོའོ། །རླུང་ཀི་ཁམས་ལ་ཏཱཾ་དང་ཨུཏྤལ་སེར་པོ་ཡོངས་སུ་གྱུར་པ་ལས་སྒྲོལ་མ་བསམ་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལ་བྲུཾ་དང་འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་ཨཱཾ་དང་རིན་པོ་ཆེ་ཆ་དགུ་པ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་ནོ། །འདུ་


DTG044_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕུང་པོ་ལཾ་ཛྲཱྀ་དང་པདྨ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ཀྱི་ཕུང་པོ་ལ་ཁཾ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ཧཱུཾ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསམ་པར་བྱ་ཞིང༌། འདི་རྣམས་ཀྱི་ཐུགས་ཀར་རང་རང་གི་སྟན་ལ་གནས་པའི་ཇི་སྐད་བཤད་པའི་མཚན་མའི་དབུས་སུ་རང་རང་གི་ས་བོན་བསམ་པར་བྱའོ། །རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་དང༌། ཉེ་བར་སྒྲུབ་པའི་ཡན་ལག་ཆུང་ངུ་སྟེ་གཉིས་པའོ། །འདིར་ལ་ལ་ནི། རང་གི་ས་བོན་འོད་རྣམས་ཀྱིས། །རང་གི་མིག་སོགས་ས་སྙིང་ལ། །སོགས་པས་ཇི་བཞིན་བཀང་བྱས་ནས། །ཞེས་སྨོས་པས། ནང་གི་བདག་ཉིང་ཅན་གྱི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པ་ཉིད་ནི་ཉེ་བར་སྒྲུབ་པ་ཡིན་ནོ་ཞེས་ཟེར་མོད་ཀྱི། དེ་ནི་མ་ཡིན་ནོ་ཞེས་གཞན་དག་ཟེར་ཏེ། གང་གི་ཕྱིར་རྣམ་པར་སྨིན་པ་ནི་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་ཡིན་ལ་ཐམས་ཅད་མཁྱེན་པ་དེ་ཡང་ཕྱི་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་ཤེས་པའི་མཚན་ཉིད་ཡིན་ནོ། །དེ་བས་ན་མིག་ལ་སོགས་པ་ནི་ཉེ་བར་མཚོན་བ་ལྷུར་ལེན་པ་ཕྱིའི་སྐྱེ་མཆེད་རྣམས་དང༌། ཁམས་དང་ཕུང་པོ་ཡང་དག་པར་བྱིན་གྱིས་བརླབ་པར་བལྟ་བར་བྱའོ། །དེ་ཡང་ལུང་ལས་དགེ་སློང་དག་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དེ། གང་གི་ཤེས་པ་དེ་ནི་ཐམས་ཅད་མཁྱེན་པའོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ལྷག་པར་བསྒོམ་པར་གྱུར་པས་ནི་འབྲས་བུ་ལྷག་པར་ཐོབ་པར་རིགས་པ་ཡིན་པས་ལྷག་པ་ནི་མཆོག་གི་མ་ཚང་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཐོབ་པས་ནི་འགྲོ་བའི་དོན་བྱེད་པས་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་རྣམས་པར་དག་པ་ཐུགས་དང་གསུངས་དང་སྐུ་བྱིན་གྱིས་བརླབ་པ་ཞེས་བྱའོ། །དེ་ཡང་ཐུགས་ཀའི་ཟླ་བའི་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་ཉིད་ལས་རྡོ་རྗེ་ཕྲ་མོ་ལྟེ་བར་ཧཱུཾ་གིས་མཚན་པ་བསྒོམས་ལ་དེའི་འོད་ཟེར་གྱི་ཚོགས་ལས་དེ་བཞིན་གཤེགས་པ་སྤྲོས་པ་ལ་སོགས་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཕྲ་མོའི་ས་བོན་དེ་ཡོངས་སུ་གྱུར་བ་ལས་ཐུགས་ཀའི་ཟླ་བའི་མཚན་མའི་དབུས་སུ་ཐུགས་


DTG044_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟ་བུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཆོས་ཀྱི་སྐུ་རྣམ་པར་དག་པ་སྟེ། དེའི་ཐུགས་ཀར་ཡང་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ་བསམས་ལ་དེ་ལ་ཐུགས་རྡོ་རྗེ་རྣམས་ཡང་དག་པར་སྤྲོས་ཏེ། དེ་རྣམས་དང་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་བའི་དེ་བཞིན་གཤེགས་པ་རྣམས་འགྲོ་བའི་དོན་གྱི་བྱ་བ་ཆགས་པས་ནམ་མཁའ་ཡོངས་སུ་གང་བར་ལྷག་པར་མོས་ལ། རང་གི་ཐུགས་རྡོ་རྗེའི་མཚན་མའི་ལྟེ་བ་ལ་གནས་པའི་ཧཱུཾ་ལས་གཟུགས་རྡོ་རྗེ་ལ་སོགས་པའི་འོད་ཟེར་སྤྲོས་ཏེ། དེ་རྣམས་ཀྱི་རང་དང་འདྲ་བའི་རིག་པའི་ནང་དུ་ཆུད་པར་བསམས་ལ། དེ་རྣམས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མཆོག་ཏུ་དགའ་བའི་ངོ་བོ་ཉིད་དུ་གྱུར་པས་དེ་ཤིན་ཏུ་མ་ཉེས་པར་བྱས་ཤིང་རབ་ཏུ་མཆོད་པས་དེ་རྣམས་མངོན་པར་དགྱེས་པར་བསམས་ལ་རང་གི་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་ཕྱིར། རང་གི་སྦྲུལ་པ་དང་ཐོག་མ་མེད་པ་ནས་གྲུབ་པའི་དེ་བཞིན་གཤེགས་པའི་ཐུགས་ལ་གནས་པ་ལ་ཡང༌། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཆགས་སུ་བཅད་པ་གཉིས་ཀྱིས་བྱིན་གྱིས་བརླབ་པ་བྱ་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བྱ་བ་ཐོག་མ་མེད་པས་ན་རང་གི་སྤྲུལ་པ་ལའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བྱ་བ་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའོ། །དེ་ནས་གསོལ་བ་བཏབ་པའི་རྗེས་ཐོགས་ལ་དེ་རྣམས་ཀྱི་བདག་ཉིད་ཐུགས་རྡོ་རྗེར་ཞུགས་པ་སྔོན་དུ་འགྲོ་པས་དེས་བྱིན་གྱིས་བརླབས་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་བདག་ཉིད་མཉམ་པ་ཉིད་དུ་གྱུར་པའི་ཕྱིར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་གཉིས་སུ་མེད་པ་རྣམ་པར་དག་པའི་ང་རྒྱལ་བྱའོ། །དེ་བཞིན་དུ་ནུ་མ་གཉིས་ཀྱི་བར་དུ་གསོལ་བ་བཏབ་པའི་མེད་པར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་ལྟ་བུར་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་རྡོ་རྗེའི་ལྟེ་བར་བསམ་པར་བྱའོ། །ལྐོག་མར་ཡང་སྔ་


DTG044_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞིན་དུ་ཨཱཿ་ལས་བྱུང་བའི་པདྨའི་ལྟེ་བར་ཡི་གེ་ཨཱཿ་ཕྲ་མོ་དང་པདྨ་ཡོངས་སུ་གྱུར་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་པར་དག་པ་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་གསུངས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུར་བསམས་ལ་མཆོད་པ་ལ་སོས་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པར་བསམ་པར་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭཱ་བྷཱ་ཝཱ་ཨཱཏྨ་ཀོ྅ཧཾ། དེའི་འོག་ཏུ་དེ་བཞིན་དུ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ། འཁོར་ལོའི་ལྟེ་བར་ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྤྲུལ་བའི་སྐུ་རྣམ་པར་དག་པ་ལས་ཕྱག་རྒྱའི་ངོ་བོ་ཉིད་སྐུ་རྡོ་རྗེ་སའི་སྙིང་པོ་ལྟ་བུར་བསམས་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བ་དང་ང་རྒྱལ་བྱའོ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་རྡོ་རྗེ་ལ་སོགས་པ་འདི་དག་ཀྱང་རེ་རེ་ཞིང་ཕྱག་རྒྱ་བཞིས་རྒྱས་བཏབ་ཅིང་རང་གི་མཚན་ཉིད་དང་བྲལ་བས་རང་བཞིན་གྱིས་འོད་གསལ་བ་བསྒོམ་པ་བྱའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་དང༌། སྒྲུབ་པའི་ཡན་ལག་ཆུང་ངུའོ། །དེ་ནས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་མེད་པར་ཡང་དག་པར་རྫོགས་པའི་སང་རྒྱས་ཉིད་དུ་མི་འགྱུར་བས་དབང་གཅིག་འབྲས་བུ་ཆུང་ངུ་དང༌། སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་བསྒོམ་པར་བྱའོ། །དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་ཡང་དག་པར་བསྐུལ་ལ། དེའི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་རིག་པའི་ཚོགས་རང་གི་རིགས་


DTG044_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བར་དག་པའི་ཆོས་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་རིན་པོ་ཆེའི་བུམ་པ་ཕྱག་ན་བསྣམས་པ་རྣམས་དང༌། གཟུགས་རྡོ་རྗེ་ལ་སོགས་པ་ཕྱིའི་མཆོད་པ་རྣམ་པ་སྣ་ཚོགས་པ་དང༌། བཀྲ་ཤིས་ཀྱི་གླུ་དང༌། རོལ་མོའི་སྒྲ་རྣམས་ཀྱིས་བདག་ཉིད་དབང་བསྐུར་བར་གྱུར་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་རང་གི་ཆོས་བྱང་ལ་བསྒོམ་པར་བྱའོ། །དབང་གི་འབྲས་བུ་ཆུང་ངུ་དང་སྒྲུབ་པ་ཆེན་པོའི་ཆུང་ངུའོ། །ད་ནི་ཆུང་ངུ་རྣམས་ལ་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་ཡུན་རིང་དུ་བསྒོམས་ནས། བར་མ་བསྒོམ་པར་བྱ་བ་ཡིན་པས། རྒྱུ་མཐུན་པ་བར་མ་ལ་སོགས་པའི་འབྲས་བུ་རྫོགས་པར་བྱ་བའི་ཕྱིར་བསྙེན་པར་མ་ཉིད་བསྒོམས་པར་བྱའོ། །དེ་ལ་ལ་དག་ནི་སྡིག་བ་བཤགས་པ་ནས་བརྩམས་ཏེ་གཞལ་ཡས་ཁང་ཟླ་བ་ཞུ་བ་བསྒོམ་པ་སྔོན་དུ་འགྲོ་བས་རིག་པ་ལོགས་ཤིག་བསྐྱེད་བའི་བར་བྱས་ལ། རང་དང་འདྲ་བའི་རིགས་པར་དགུག་པ་དང༌། གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་མཐར་ཐུག་པ་ནི་བསྙེན་པ་བར་མ་ཡིན་པར་འདོད་མོད་ཀྱི། དེ་བཞིན་ཡང་དག་ལྟས་ཞེས་བྱེད་པའི་ཚིག་དང་འབྲེལ་བ་དང༌། སྤྲུལ་ནས་བྱ་བའི་ཚིག་གིས་བཤད་པ་ལས་ན་འདི་དག་དེ་ལྟ་མ་ཡིན་ནོ་ཞེས་གཞན་དག་འདོད་དེ་གཞན་དུ་དེ་ལྟར་སྦྲུལ་ཞེས་སྨྲ་བ་ནི། སྙན་དང་གས་མཁན་ཆེན་པོ་པ་ཉིད་ཀྱིས་ནུས་མོད་ཀྱི། དེ་ལྟར་མ་བཤད་དེ་དེ་ལྟར་ན་ཐེ་ཚོམ་མེད་པར་བསྟན་པར་འགྱུར་བ་ཡིན་པ་དང༌། ཡང་བསྐྱེད་པ་ལ་དོན་མེད་པའམ། དཀྱིལ་འཁོར་བ་རེ་རེ་ཡང་རིག་པ་རེ་རེ་ནས་བསྐྱེད་དགོས་པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཡང་ན་ཁྱད་པར་ཡོད་དོ་ཞེ་ན། དེ་ཉིད་དེ་ལྟ་ན་ནི་ཐབས་ཀྱི་ཆད་དང་ཤེས་རབ་ཀྱི་ཆ་ལས་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་ཡང་ཁྱད་པར་མ་བསྟན་ཏོ། །དེ་བས་ན་ཅིག་ཅར་བསྐྱེད་པ་ཡང་ལས་དང་པོ་པ་ཉིད་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བསྒོམ་པར་མི་ནུས་པས་ན། ཕྱིས་སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པ་བསམ་པ་འདི་ནི་བསྙེན་པ་བར་མ་ཡིན་ནོ་ཞེས་བྱ་བར་རིགས་ཏེ། དེས་ན་དེ་བཞིན་བལྟ་ཞེས་བྱ་བ་ཡང་གོ་རིམས་སུ་གྱུར་པ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ །དེ་


DTG044_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔ་མ་བཞིན་དུ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི། རྣམ་པར་སྨིན་པའི་འབྲས་བུ་བར་མ་དང༌། ཉེ་བར་སྒྲུབ་པའི་བར་མའོ། །གསོལ་པ་འདེབས་པ་མེད་པར་ཐུགས་དང༌། གསུངས་དང༌། སྐུ་བྱིན་གྱིས་བརླབས་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་བར་མ་དང༌། སྒྲུབ་བ་བར་མའོ། །དབང་བསྐུར་བ་ནི་དབྱང་གི་འབྲས་བུ་བར་མ་དང༌། སྒྲུབ་པ་ཆེན་པོ་པར་མའོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ནི། དེའི་སྤྱི་བོ་ནས་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་ཕྲ་རབ་ཀྱི་ངོ་བོ་ཉིད་ཀྱི་རང་གི་ལྷའི་ཁ་དོག་གོ །དེའི་སྙིང་ག་ནས་ལྟེ་བའི་བར་དུ་ཉིད་མ་ལ་གནས་པའི་ཧཱུཾ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པའི་ངོ་བོ་ཉིད་དོ། །ལྟེ་བ་ནས་གསང་བའི་བར་དུ་སྭཱ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་གྱི་ཕྲ་རབ་ཀྱི་ངོ་བོ་ཉིད་དོ། །གསང་བ་ནས་པུས་མོའི་བར་དུ་ཨཱཿ་དང་པདྨ་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཕྲ་རབ་ཀྱི་ངོ་བོ་ཉིད་དོ། །པུས་མོ་ནས་རྐང་བའི་བར་དུ་ཧཱ་དང་རལ་གྲི་ཡོངས་སུ་གྱུར་པའི་དོན་ཡོད་པར་གྲུབ་པའི་ཕྲ་རབ་ཀྱི་ངོ་བོ་ཉིད་དེ་ཤེས་རབ་ཀྱི་སྐུ་རང་གི་མདོག་ཏུ་དེ་ལྟར་བསྒོམ་པར་བྱའོ། །དེ་ནས་དེའི་གསང་བའི་ཧཱུཾ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨ་ལས་བྱུང་བའི་སྣ་ཚོགས་ཟེ་བ་ཅན། དེ་བཞིན་དུ་རང་གི་གསང་བའི་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའམ་རྩེ་གཅིག་པ་དམར་པོ་ནོར་བུའི་ཆ་ཨོཾ་ལས་བྱུང་བ་བསྐྱེད་ལ་མན་ངག་ཇི་ལྟ་བས་བྱང་ཆུབ་ཀྱི་སེམས་གསལ་བ་མངོན་སྤྱོད་ཀྱི་ཡི་གེ་གཉི་གའི་སྒྲུབ་ཐབས་སུ་བསམས་ལ་ཤེས་རབ་དམ་པའི་རྒྱུ་མཐུན་པའི་ཐབས་དང་བཅད་པ་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་གཉུག་མའི་ལུས་རང་དང་གཉི་གའི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་སྟེ། སོ་སོའི་རྡུལ་རྡུལ་རབ་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དུ་མོས་པར་བྱས་ལ། རང་གི་ལུས་དེ་དང་ཐ་མི་དད་པར་རྟོགས་བས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱའོ་ཞེས་ལྷག་པར་མོས་ལ་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་བརྩམ་པར་བྱའོ། །དེ་ནས་ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་རྗེས་སུམ་ཉེས་པའི་བདག་ཉིད་ཀྱི་མཉམ་པ་ཉིད་ཀྱི་དོན་དང་གཉིས་སུ་


DTG044_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ང་རྒྱལ་བྱ་བ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའོ། །དེ་ལྟར་སྟོང་བ་ཉིད་བསྒོམ་པ་ནས་རྗེས་སུ་མཉེས་པར་བྱ་བའི་མཐར་ཐུག་པ་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཡིན་ནོ། །

དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG044_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་བར་མ་བསྒོམ་པར་བྱ་བ་ལ། རབ་ཀྱི་མཐར་ཐུག་པ་ལ་མཐའ་རྟོགས་པའི་ཕྱིར་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་བས་ན་དེ་བསྐྱེད་པའི་ཕྱིར་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱི་ལྕགས་ཀྱུས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་བཀུག་ལ་དེ་ཉིད་དུ་བཅུག་སྟེ་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་བ་དང༌། རང་གི་གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་སྟེ། རང་དང་འདྲ་བའི་ཤེས་རབ་ཀྱི་གསང་བའི་ཆུ་སྐྱེས་ཀྱི་ནང་ན་གནས་པར་བསམས་ལ་དེ་ཡོངས་སུ་གྱུར་བ་ལས་རང་གི་ས་བོན་དུ་བསམས་ལ། དེ་བཞིན་གཤེགས་པ་རྣམས་སྤྲོ་བ་ལ་སོགས་པའི་སྔོན་དུ་འགྲོ་བ་ལས་དེའི་ས་བོན་ཉིད་ཡོངས་སུ་གྱུར་པ་དང༌། ལྷ་བཅུ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་པོར་བཅས་པ་སོ་སོའི་སྐུ་མདོག་དང༌། གདན་དང༌། ཞལ་དང༌། ཕྱག་དང༌། ཕྱག་མཚན་ལ་སོགས་པ་དང་ལྡན་པ་ཡོངས་སུ་གསལ་བ་དེ་ཉིད་དུ་བརྟན་པར་བྱས་ལ། རང་གི་བདག་པོ་ལས་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་གནང་བ་ཐོབ་ནས་རང་གི་མིང་བརྗོད་དེ་རྡོ་རྗེའི་བདག་ཉིད་དུ་བསྒྲགས་ནས། འབྱིན་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བ་རིམ་གྱིས་དེ་ལས་རེ་རེ་ནས་དབྱུང་བར་བྱའོ། །བཛྲ་དྷྲྀཀ་ཅེས་བྱ་བས་ཡང་དག་པར་བསྐུལ་ལ་རྣམ་པར་ཤེས་པའི་ཕུང་པོ་དང་ཐུགས་དང་ཞེས་སྡང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་སྔར་བཤད་པའི་ཞལ་ལ་སོགས་པ་དང་ལྡན་པ་ཕྱུང་ལ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་ཁྱབ་པར་བྱས་ལ། སྒྲ་སྐད་དང་སྤྲུལ་པ་དང་ཆོ་འཕྲུལ་རྣམས་འཇུག་པའི་ཁྱད་པར་སྣ་ཚོགས་སྐལ་བ་ཇི་ལྟ་བ་བཞིན་དུ་དད་པར་བྱས་ནས་རང་གི་གདུལ་བྱ་བདག་དང་གིར་མངོན་པར་ཞེན་པ་ལས་བཟློག་ནས། དེ་ཡང་བདག་དང་བདག་གིར་མངོན་པར་འདོད་པའི་དངོས་པོ་དང་རྗེས་སུ་མཐུན་པ། གནོད་སེམས་ཀྱི་


DTG044_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་གྱི་ཀུན་ནས་ཉོན་མོངས་བ་ཅན་གྱི་ཞེ་སྡང་ལ་བདག་དང་བདག་གི་བདེ་དང་དེའི་གཉེན་པོ་གྱུར་པ་སྟོང་པ་ཉིད་ངེས་བར་བསྟན་པས་ཉོན་མོངས་པ་ཐམས་ཅད་ཀྱི་དགྲ་བོ་ཆེན་པོའི་ངོ་བོ་ཉིད་ཞེ་སྡང་ཆེན་པོ་ལ་ངེས་པར་སྦྱར་ཏེ། རྣམས་པར་ཤེས་པའི་སོ་སོར་བརྟགས་པ་ཙམ་དུ་ཟད་དོ་ཞེས་བྱ་པའི་རང་གི་མཚན་ཉིད་ཀྱི་རྣམས་པར་ཤེས་པ་སྟོང་པ་ཉིད་ཡིན་པ། དྲི་མ་རྣམས་གློ་བུར་བ་ཡིན་པས་སེམས་ཀྱི་རང་བཞིན་འོད་གསལ་བར་བསྟན་པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཉིད་དུ་ངེས་པར་བྱས་ནས། སླར་བྱོན་ཏེ་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་པར་བསམ་པར་བའོ། །འདིར་ནི་རྒྱུ་དང་འབྲས་བུའི་བརྗོད་བར་འདོད་པ་ཐ་དད་པ་ཙམ་གྱིས་དབྱེ་བ་དང༌། རྣམ་པར་དག་པའི་དབྱེ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པས། བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་འདི་ཉིད་ཀྱིས། རྡོ་རྗེ་འཆང་ཆེན་པོ་བྱུང་ནས་བདག་ཉིད་ཀྱི་ནང་དུ་ཞུགས་པར་བྱ་སྟེ། རྡོ་རྗེ་འཆད་ནི་མི་བསྐྱེད་པའོ་ཞེས་པ་ལ་ལས་བཤད་དོ། །གཞན་དག་ནི་རྡོ་རྗེ་འཆང་བ་ལ་ནི་མི་བསྐྱོད་པ་ཡིན་གྱི། མི་བསྐྱོད་པ་ལ་ནི་རྡོ་རྗེ་འཆང་བ་མ་ཡིན་ནོ་ཞེས་ཟེར་རོ། །གང་ཀུན་དུ་བཟང་པོ་ལ་སོགས་པ་དེ་བཞིན་དུ་ཛིན་ཛིཀ་ཅེས་བྱ་བས་གཟུགས་ཀྱི་ཕུང་པོ་དང༌། སྐུ་དང༌། གཏི་མུག་ཆེན་པོ་དང་མེད་ལོང་རྣམ་པར་དག་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ལྟ་བུའི་སྐུ་མདོག་དང་ཞལ་ལ་སོགས་པ་དང་ལྡན་པ་ལས། འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་རལ་གྲི་དང་ནོར་བུ་དང༌། པདྨ་བསྣམས་པ་དང༌། དེ་བཞིན་དུ་གཏི་མུག་གཙོར་གྱུར་ཅིང་གཟུགས་སུ་རུང་བས་ན་གཟུགས་སོ་ཞེས་བྱ་བ་འདིས། དེའི་མཐའ་མེད་པ་ཉིད་ཀྱིས་ནི། གཏི་མུག་དེ་ཡང་མེད་པ་ཉིད་དུ་བསྟན་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་གསལ་བར་བྱེད་པ་ཡང་དག་པའི་དོན་མཐོང་བ་དང༌། མི་མཐུན་པར་གྱུར་པའི་གཏི་མུག་བསལ་ནས། གཏི་མུག་གི་བློ་སེལ་པས་ཀྱང་གཏི་མུག་ཆེར་པོར་རབ་ཏུ་བཞག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཡང་དེ་ངེས་པར་མཛད་ནས་སླར་བྱོན་ཏེ། ཤར་ཕྱོགས་ཀྱི་པདྨའི་གདན་ལ་བཞུགས་སོ། །རཏྣ་དྷྲྀཀ་ཅེས་བྱ་བས་ཚོར་བའི་ཕུང་པོ་དང༌། ང་རྒྱལ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་སྐུ་ཐམས་ཅད་དང་ཞལ་དང་པོ་སེར་པོ་ཞལ་


DTG044_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང་གཡོན་སྔོན་པོ་དང་དཀར་པོ་སྟེ། ཞལ་གསུམ་པ། རིན་པོ་ཆེ་མརྒད་ཆ་དགུ་པ་དང་རལ་གྲི་དང་འཁོར་ལོ་དང་པདྨ་བསྣམས་པ་ཕྱུང་ལ་སྔ་མ་བཞིན་དུ་ང་རྒྱལ་གྱིས་ཁེངས་པ་ལ་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དུ་རབ་ཏུ་བསྟན་པས་ང་རྒྱལ་དང་བདག་ཅེས་བྱ་བའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་ཀུན་ནས་ཉོན་མོངས་པ་ཅན་གྱི་ང་རྒྱལ་བསལ་ཏེ། ཚོར་བ་དང་ཚོར་བ་པོ་མེད་པས་ཚོར་བའི་ཕུང་པོ་སྟོང་པ་ཉིད་དུ་རྟོགས་པར་བྱས་པ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཡང་ངེས་པར་མཛད་ནས། ལྷོ་ཕྱོགས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་སོ། །ཨཱ་རོ་ལྀཀ་ཅེས་བྱ་བས་འདུ་ཤེས་ཀྱི་ཕུང་པོ་དང༌། གསུང་དང་འདོད་ཆགས་དང་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་ཉིད་འོད་དཔག་ཏུ་མེད་པ་སྐུ་ཐམས་ཅད་དང་ཞལ་དང་པོ་དམར་པོ། གཡས་དང་གཡོན་སྔོན་པོ་དང་དཀར་པོའི་ཞལ་གསུམ་མངའ་བ། པདྨ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་བསྣམས་པ། སོ་སོར་རང་གི་རིགས་པ་ཉིད་ཀྱིས་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་ཀྱིས་ན་ཆགས་པ་ཡང་གང་ཞིག་ཡིན་ཞིང་གང་དུ་ཆགས་པར་འགྱུར་ཞེས་སོ་སོར་བ་བསྟན་པས་སྔ་མ་བཞིན་དུ་འདོད་ཆགས་གཙོ་བོར་གྱུར་པ་ཐ་མལ་བའི་རྟོག་པ་དང༌། བདེ་བའི་བདག་ཉིད་ཅན་བདག་དང་བདག་གིར་ལྟ་བ་ལས་བྱུང་བ། ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་འདོད་ཆགས་ཀྱིས་ལྡོངས་པ་རྣམས་ལ་དེ་ལས་ཕྱིན་ཅི་ལོག་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་དགའ་བའི་བྱ་བ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་འདོད་ཆགས་ཆེན་པོ་ལ་ངེས་པར་སྦྱར་ཏེ། སོ་སོར་རྟོག་པའི་ཡེ་ཤེས་སུའང་ངེས་པར་མཛད་ནས་སླར་བྱོན་ཏེ། ནུབ་ཏུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་སོ། །པྲཛྙཱ་དྷིཀ་ཅེས་བྱ་བ་ལས་འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་དང་བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པ་དོན་ཡོད་པར་གྲུབ་པ་སྐུ་ཐམས་ཅད་དང་ཞལ་དང་པོ་ལྡང་གུ་གཡས་སྔོན་པོ་དང༌། གཡོན་དཀར་པོའི་ཞལ་གསུམ་པ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་བསྣམས་པ་སྔ་མ་བཞིན་དུ་ཕྲག་དོག་གཙོ་བོར་གྱུར་པ་གཞན་གྱི་ཡོན་ཏན་ལ་


DTG044_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་བའི་བདག་ཉིད་ཅན་གྱི་ཕྲག་དོག་ལས་བཟློག་སྟེ། བདག་ཉིད་ཀྱིས་སེམས་ཅན་འདི་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་པར་བྱ་བའི་བདག་གིས་གཞན་དག་གི་གོ་སྐབས་དབྱེ་བར་མི་བྱའོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཕྲག་དོག་ཆེན་པོ་ལ་རབ་ཏུ་བཞག་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུའང་ངེས་པར་མཛད་ནས། བྱང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་སོ། །འདི་དག་ཐམས་ཅད་ཀྱང་ཤིན་ཏུ་མཛེས་པའི་རལ་པའི་ཅོད་ཕན་གྱི་མཆོག་མངའ་བ་རིན་པོ་ཆེ་སྣ་ཚོགས་འོད་འབར་བས་བརྒྱན་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་དྲི་མ་མེད་པ་ལས་ཡང་དག་པར་བྱུང་བའི་བདེ་བ་ཆེན་པོ་བབས་པའི་རང་བཞིན་གྱི་དབང་ཕྱུག་ཕྱག་དང་པོ་གཉིས་ཀྱི་རང་དང་འདྲ་བའི་རིག་མ་ལ་འཁྱུད་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་ཕན་ཅན་རྒྱན་ཐམས་ཅད་རབ་ཏུ་འབར་བ་འཛིན་པར་མཛད་པའོ། །མོ་ཧ་ར་ཏཱི་ཞེས་བྱ་བས་སའི་ཁམས་དང༌། རྣམས་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། སྙིང་རྗེ་ཆེན་པོ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་པ་དག་པའི་ངོ་བོ་ཉིད་ལྷ་མོ་སྤྱན་རྣམ་པར་སྣང་མཛད་ཀྱི་རང་དང་འདྲ་བའི་རིག་པ་ལྟ་བུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེ་ཆེན་པོ་མ་ཚང་བའི་སེམས་ཅན་མ་ལུས་པ་སྡུག་བསྔལ་བསྐྱབ་པ་ལ་ངེས་པར་སྦྱར་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངེས་པར་བསྟན་ཅིང་བཤད་པས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཁུར་བསྐུར་བ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཚུལ་གྱིས་ས་དང་མཉམ་པའི་སེམས་དང་རང་གི་ཉེས་པ་སེལ་བར་བྱེད་པ་དང༌། མི་གཡོ་བ་དང་། སེམས་ཅན་གྱི་དོན་ལ་འཇུག་པར་མཛད་ཅིང་བདེ་བས་མྱུར་དུ་མངོན་པར་བྱང་ཆུབ་སྟེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ལ་ངེས་པར་སྦྱར་བས་རིང་དུ་སོང་བའི་སར་ངེས་པར་སྦྱར་ཏེ། སླར་བྱོན་ནས་ཞི་བར་མཛད་པའི་ཚུལ་གྱིས་མེའི་ཕྱོགས་སུ་བཞུགས་སོ། །དྭེ་ཥ་ར་ཏཱི་ཞེས་བྱ་བས་ཆུའི་ཁམས་དང༌། རྣམས་པར་ཐར་པའི་སྒོ་མཚན་མ་མེད་པ་དང་བྱམས་པ་ཆེན་པོ་དང༌། སྨོན་ལམ་གྱི་པད་རོལ་ཏུ་ཕྱིན་པ་རྣམས་པར་དག་པའི་ངོ་བོ་ཉིད་ལྷ་མོ་མཱ་མ་ཀཱི། མི་བསྐྱོད་པའི་རང་དང་འདྲ་བའི་རིག་པ་ལྟ་བུའི། ཨུཏྤལ་དམར་པོ་དང༌། རལ་གྲི་དང༌། ནོར་བུ་དང༌།


DTG044_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བསྣམས་པ། བྱམས་པ་ཆེན་པོ་དང༌། སྨོན་ལམ་མཚང་བའི་སེམས་ཅན་ཐམས་ཅད་བདེ་བ་ལ་ཉེ་བར་ལོངས་སྤྱོད་པ་ལ་ངེས་པར་སྦྱར་ཏེ། ཆོས་ཐམས་ཅད་མཚན་མ་མེད་པའི་དེ་ཁོ་ན་ཉིད་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་སྲེད་པ་མ་ལུས་པ་ལ་སོགས་པ་ཉེ་བར་བཞི་པའི་དོན་གྱི་བྱ་བ་མཛད་ཅིང་ཆུ་དང་མཉམ་པའི་ཐུགས་ཉིད་ཀྱིས་དེ་བཞིན་དུ་རང་གི་ཚོགས་དང་འབྲེལ་པའི་འགྲོ་བའི་དོན་གྱི་རྒྱུ་དང་ལྡན་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཛད་ནས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་ངེས་པར་སྦྱར་ཏེ། མི་གཡོ་བའི་ས་ལ་ངེས་པར་མཛད་ནས། བདེན་རལ་གྱི་ཕྱོགས་སུ་བསྲུང་བ་ལ་མངོན་པར་བརྩོན་པར་བཞུགས་སོ། །རཱ་ག་ར་ཏཱི་ཞེས་བྱ་བས་མེའི་ཁམས་དང་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང༌། དགའ་བ་ཆེན་པོ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣ་པར་དག་པའི་ངོ་བོ་ཉིད་ན་བཟའ་དཀར་མོ་འོད་དཔག་ཏུ་མེད་པའི་རང་དྲང་འདྲ་བའི་རིག་པ་ལྟ་བུ། དགའ་བ་ཆེ་པོ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚང་བ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་དགའ་བ་ལ་ཡང་དག་པར་རབ་ཏུ་སྦྱར་ནས། རང་རིག་པ་ལས་ཐ་དད་པའི་ཁམས་གསུམ་པ་རྣམས་ནི་ཤིན་ཏུ་ཡང་མེད་པའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་ཉིད་དུ་གསལ་བར་བྱས་ནས་གྲང་བ་ཉེ་བར་སེལ་བ་ལ་སོགས་པའི་དོན་གྱི་བྱ་བས་མེ་དང་མཉམ་པའི་ཐུགས་ཉིད་ཀྱིས་དེ་བཞིན་དུ་ལས་ལས་ཟློག་པ་དང༌། ཉོན་པའི་ཐུགས་ཉིད་ཀྱིས་དེ་བཞིན་དུ་ལས་ལས་ཟློག་པ་དང༌། ཉོན་སྟེ། རང་གི་མི་མཐུན་པའི་ཕྱོགས་གསུམ་གྱིས་ཟིལ་གྱིས་མི་གནོད་པའི་ངོ་བོ་ཉིད་སྟོབས་ཀྱི་ཕ་རོལ་ཏུ་ཕྱི་པ་གསུམ་ལ་ངེས་པར་སྦྱར་བས་ལེགས་པའི་བློ་གྲོས་ཀྱི་སར་ངེས་པར་མཛད་ནས་རླུང་གི་ཕྱོགས་སུ་རྒྱས་པ་འཕེལ་པར་མཛད་པས་བཞུགས་སོ། །བཛྲ་ར་ཏཱི་ཞེས་བྱ་བས་རླུང་གི་ཁམས་དང༌། རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང་བཏང་སྙོམས་ཆེན་པོ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ངོ་བོ་ཉིད་སྒྲོལ་མ་སྐུ་ཐམས་ཅ་ཞལ་དང་པོ་སེར་པོ། གཡས་དང་གཡོན་སྔོན་པོ་དང་དཀར་པོ་སྟེ། ཞལ་གསུམ་པ་ཨུཏྤལ་སེར་པོ་དང༌། རལ་གྲི་དང་ནོར་བུ་


DTG044_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་བསྣམས་པ་བཏང་སྙོམས་ཆེན་པོ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚང་བའི་ཉེས་པ་ཐམས་ཅད་དེ། བདེ་བ་དང༌། སྡུག་བསྔལ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་ལ་བཏང་སྙོམས་ཤིང་སེམས་ཅན་ཐམས་ཅད་ཀྱི་གདུང་བ་རབ་ཏུ་ཞི་བ་ལ་སོགས་པའི་དོན་གྱི་བྱ་བས་རླུང་དང་འདྲ་བའི་མཉམ་པའི་སེམས་ལ་ངེས་པར་སྦྱོར་བར་མཛད་ཅིང་ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་ཡོངས་སུ་གསལ་བར་མཛད་ནས་རྟོག་པ་དང་མི་རྟོག་པའི་མཉམ་པ་ཉིད་དུ་ཁོང་དུ་ཆུད་པས་སེམས་ཅན་གྱི་དོན་གྱི་ཐབས་ལ་ལྐོག་ཏུ་མ་གྱུར་ཅིང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ལ་ངེས་པར་སྦྱར་ནས་ཆོས་ཀྱི་སྤྲིན་གྱི་ས་ལ་རབ་ཏུ་བཞག་སྟེ་དབང་ལྡན་གྱི་ཕྱོགས་སུ་དབང་གི་བྱ་བ་མཛད་ཅིང་བཞུགས་སོ། །དེ་བཞིན་དུ་སེར་སྣའི་གཉེན་པོར་གྱུར་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གཟུགས་རྡོ་རྗེ་སྤྱན་དང་འདྲ་བ་ལ་མེ་ལོང་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པ་དང༌། སེར་སྣ་གཙོ་བོར་གྱུར་པ་རྣམས་ལ་ཆོས་དང་ཟང་ཟིང་དང་བྱམས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ལ་ངེས་པར་སྦྱར་བས་རབ་ཏུ་དགའ་བའི་ས་ལ་རབ་ཏུ་བཞག་ནས། ཕྱི་དཀྱིལ་འཁོར་གྱི་ཤར་ལྷོའི་མཚམས་སུ་བཞུགས་སོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་བའི་གཉེན་པོར་གྱུར་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྒྲ་རྡོ་རྗེ་མཱ་མ་ཀཱི་ལྟ་བུ། པི་ཝང་དང་། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པ། ཚུལ་ཁྲིམས་འཆལ་བ་སེལ་བ་གཙོ་བོར་གྱུར་པ་སྔོམ་པ་དང་སེམས་ཅན་གྱི་དོན་བྱ་བ་དང༌། དགེ་བའི་ཆོས་ཡང་དག་པར་སྡུད་པར་བྱེད་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་ངེས་པར་སྦྱར་བས་དྲི་མ་མེད་པ་ལ་རབ་ཏུ་བཞག་སྟེ། ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་བཞུགས་སོ། །འཁོར་བོའི་གཉེན་པོར་གྱུར་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དྲི་རྡོ་རྗེ་རིན་ཆེན་དབང་ཕྱུག་གི་རང་དང་འདྲ་བའི་རིག་མ་ལྟ་བུ་དྲིའི་དུང་ཆོས་དང༌། རལ་གྲི་དང༌། འཁོར་ལོ་དང༌། པདྨ་བསྣམས་པ་


DTG044_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་མེད་པ་གཙོ་བོར་གྱུར་པ་རྣམས་ལ། ཆོས་ལ་དམིགས་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། གཞན་གྱི་གནོད་པའོ་ལ་མི་མཛེས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་གསུམ་ལ་ངེས་པར་སྦྱར་བས་འོད་བྱེད་པའི་ལ་ངེ་པར་མཛད་དེ། ཕྱིའི་དཀྱིལ་འཁོར་གྱི་ནུབ་བྱང་གི་མཚམས་སུ་བཞུགས་སོ། །ལེ་ལོ་གཉེན་པོར་གྱུར་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རོ་རྡོ་རྗེ་ན་བཟའ་དཀར་མོ་དང་འདྲ་བ། རོའི་སྣོད་དང༌། རལ་གྱི་དང༌། ནོར་བུ་དང༌། འཁོར་ལོ་བསྣམས་པ། ལེ་ལོ་ཉེ་བར་འཇོམས་པ་གཙོ་བོ་གྱུར་པ་རྣམས་ལ་གོ་ཆ་དང་སྦྱོར་བ་དང༌། མི་ལྡོག་པ་ཞེས་བྱ་བ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་ངེས་པར་སྦྱོར་བས་འོད་འཕྲོ་བའི་ས་ལ་ངེས་པར་མཛད་ནས། བྱང་ཤར་གྱི་མཚམས་སུ་བཞུགས་སོ། །རྣམ་པར་གཡེང་བའི་གཉེན་པོར་གྱུར་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རེག་རྡོ་རྗེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལྟ་བུ་གོས་སྣ་ཚོགས་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་རྣམ་པར་གཡེང་བ་གཙོ་བོར་གྱུར་པའི་གདུལ་བྱ་ལ་ཉེས་པ་སེལ་བ་དང༌། གནས་པ་དང༌། འབྱོར་བ་བྱེད་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ལ་ངེས་པར་སྦྱར་བས་སྤྱད་དཀའ་བའི་སལ་ངེས་པར་མཛད་ནས་ཤར་སྒོའི་གཡོན་ཕྱོགས་སུ་བཞུགས་སོ། །ཤེས་རབ་འཆལ་བའི་གཉེན་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ངོ་བོ་ཉིད་ཆོས་ཀྱིས་དབྱིངས་རྡོ་རྗེ་ཀུན་དུ་བཟང་པོ་ལྟ་བུ་ལ་ཆོས་འབྱུང་བ་དང༌། རལ་གྲི་དང༌། ནོར་བུ་དང༌། པདྨ་བསྣམས་པ། ཤེས་རབ་འཆལ་བ་གཙོ་བོར་གྱུར་པའི་རང་གི་གདུལ་བྱ་ལ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་སྟེ། ཤེས་རབ་རྣམ་པ་གསུམ་ལ་སྦྱར་ནས་མངོན་དུ་གྱུར་པའི་སལ་ངེས་པར་མཛད་དེ། སྔ་མ་བཞིན་དུ་ཤར་སྒོའི་གཡས་ལོག་སུ་བཞུགས་སོ། །གཟུགས་རྡོ་རྗེ་ལ་སོགས་པ་འདི་རྣམས་ཀྱི་སོ་སོར་ངེས་པའི་འབྱིན་པ་ནི་མེད་པས་སྤྱིར། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་དེ་ཁོ་ན་ཉིད་གསུམ་གྱིས་དབྱུང་བར་བྱུའོ། །སྤྱན་ལ་སོགས་པའི་རིག་པ་རྣམས་ཆོས་ཀྱི་དབྱིངས་རྡོ་རྗེའི་མཐར་ཐུག་པ་རྣམས་ནི་ཕྱག་དང་


DTG044_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་ཀྱིས་རང་དང་འདྲ་བའི་ཐབས་ལ་འཁྱུད་པ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུའི་ཚོགས་རྣམས་ཁྱབ་པར་དགའ་བ་ཆེན་པོ་དམ་པའི་ཉམས་དང་ལྡན་པ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །ཡ་མཱ་ཏན་ཀྲྀ་ཏ་ཅེས་བྱ་བས་མ་དད་པ་དང་ཕུང་པོའི་བདུད་དང་འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དད་པའི་ངོ་བོ་ཉིད་གཤིན་རྗེ་གཤེད་སྲུང་བའི་འཁོར་ལོ་ལས་བཤད་པའི་ཞལ་ལ་སོགས་པ་དང་ལྡན་པ་མ་དད་པ་དང༌། འཇིག་ཆོགས་ལ་ལྟ་བ་གཙོར་འཛིན་པའི་གདུལ་བྱ་རྣམས་ལ་བསྟེན་ནས་བདེན་པ་དང༌། དཀོན་མཆོག་དང༌། ལས་དང༌། འབྲས་བུ་ཡོད་པ་ཉིད་དང༌། ཡོན་ཏན་དང་ལྡན་པ་ཉིད་དང་ཐོབ་པའི་མཚན་ཉིད་ཡིན་པར་མངོན་པར་ཡིད་ཆེས་པ་བསྐྱེད་ནས་ཆོས་ཐམས་ཅད་དང་པོ་ནས་སྐྱེ་བ་མེད་པ་ནས་མི་འཇིག་པའི་བདག་ཉིད་ཅན་ཡིན་པ་གསལ་བར་བྱས་པས་རྟོག་པའི་གཤིན་རྗེ་བཀག་ཅིང་ཤེས་བྱའི་སྒྲིབ་པ་སྤངས་པས་འཇིག་ཚོགས་ལ་ལྟ་བ་ལས་བཟློག་སྟེ། ཕུང་པོའི་བདུད་ལས་རྣམ་པར་རྒྱལ་བ་ངེས་པར་མཛད་ནས་སླར་བྱོན་ཏེ་ཤར་སྒོར་བཞུགས་སོ། །པྲ་དྷྙཱནྟ་ཀྲྀ་ཏ་ཅེས་བྱ་བས་ལེ་ལོ་དང་ཉོན་མོངས་པའི་བདུད་དང་མཐར་འཛིན་པར་ལྟ་བ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་བརྩོན་འགུས་ཀྱི་ངོ་བོ་ཉིད་ཤེས་རབ་མཐར་བྱེད་སྔ་མ་བཞིན་དུ་ལེ་ལོ་ལ་སོགས་པའི་བག་ཆགས་ཤས་ཆེ་བའི་གདུལ་བྱའི་སེམས་ཅན་རྣམས་ལ་བརྟེན་ནས་བརྩོན་འགྲུས་ལ་ཡང་དག་པར་སྦྱར་ནས། ཆོས་ཐམས་ཅད་རྣམ་པར་ཤེས་པའི་བདག་ཉིད་ཡིན་པར་ཡོངས་སུ་བསྟན་པས་ཉོན་མོངས་པའི་སྒྲིབ་པ་དང་རྟག་པ་ལ་སོགས་པ་མཐར་འཛིན་པ་ལས་ངེས་པར་བཟློག་སྟེ། ཉོན་མོངས་པའི་བདུད་ལས་རྣམ་པར་རྒྱལ་བར་མཛད་ནས་དེ་བཞིན་དུ་ལྷོ་སྒོར་བཞུགས་སོ། །པདྨ་ཏན་ཀྲྀ་ཏ་ཅེས་བྱ་བས་བརྗེད་ངས་པ་དང་འཆི་བདག་གི་བདུད་དང་ལོག་པར་ལྟ་བ་དང༌། སྐྱེ་བའི་སྒྲིབ་པའི་གཉེན་པོ་དྲན་པའི་ངོ་བོ་ཉིད་པདྨ་མཐར་བྱེད་བཤད་པའི་ཞལ་ལ་སོགས་པ་དང་ལྡན་པ། དེ་བཞིན་དུ་བརྗེད་ངས་པ་དང་ལོག་པར་ལྟ་བའི་བག་ཆགས་ཤས་ཆེ་བའི་གདུལ་བྱ་ལ་བརྟེན་ནས། ལས་ཀྱི་འབྲས་


DTG044_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆུད་མི་ཟ་བར་བསྟན་པས་ཡང་དག་པའི་ལྟ་བ་ལ་ངེས་པར་སྤྱན་ནས། ཡང་དག་པའི་དྲན་པ་ལ་ཉེ་བར་བཞག་སྟ། ཕུང་པོ་ལྔ་བརྟགས་པའི་བདག་ཉིད་ཅན་གྱིན་པས་འཆི་འཕོ་བ་དང་བྲལ་ཞིང་དེ་ཁོ་ན་ཉིད་དུ་བརྗོད་དུ་མེད་པའི་བདག་ཉིད་ཅན་ཡིན་པར་བསྟན་པས་སྐྱེ་བའི་སྒྲིབ་པ་སྤངས་ཤིང་འཆི་བདག་གི་བདུད་ལས་ཡོངས་སུ་རྒྱལ་བར་མཛད་ནས་སླར་བྱོན་ཏེ་ནུབ་སྒོར་བཞུགས་སོ། །བིགྷྣནྟ་ཀྲྀ་ཏ་ཅེས་བྱས་སྔར་བཤད་པའི་རྣམ་པར་གཡེང་བ་དང་ལྷའི་བུའི་བདུད་དང་ལྟ་བ་མཆོག་ཏུ་འཛིན་པ་དང༌། ལས་ཀྱི་སྒྲིབ་པའི་གཉེན་པོ་ཏིང་ངེ་འཛིན་རྣམ་པར་དག་པའི་བདུད་རྩི་ཐབ་སྦྱོར་སྔ་མ་བཞིན་དུ་རྣམ་པར་གཡེང་བ་ལ་སོགས་པའི་བག་ཆགས་ཤས་ཆེ་བའི་གདུལ་བྱ་རྣམས་ལ་བརྟེན་ཏེ་སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱར་ནས་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་གྱིན་པར་བསྟན་ནས་འཇིག་ཚོགས་ལ་སོགས་པའི་ལྟ་བ་མཆོག་དང་གཙོ་བོ་ཡིན་པར་ལྟ་བ་ལས་བཟློག་སྟེ། ལྷའི་བུའི་བདུད་ལས་གྱལ་བར་མཛད་དེ་སླར་བྱོན་པ་དང་བགེགས་ཀྱི་ཚོགས་རབ་ཏུ་འཇོམས་ཤིང་བྱང་སྒོར་བཞུགས་སོ། །འདིར་ཡང་དཀྱིལ་འཁོར་བ་ཐམས་ཅད་ནི་རང་རང་གི་སྟན་དང་འོད་ཀྱི་དཀྱིལ་འཁོར་ལ་རྔོ་རྗེའི་སྐྱེལ་མོ་ཀྲུང་གིས་བདག་པོ་ལ་མངོན་པར་ཕྱོགས་པ་ཡིན་ལ། ཁྲོ་བོ་རྣམས་ནི་སྣ་ཚོགས་པདྨ་ཉིད་མའི་གན་ལ། གཡས་དང་གཡོན་གྱི་སྦྱོར་བ་ཡིས། །གཡོན་བརྒྱན་བ་ཡི་ཚུལ་གྱིས་ནི། ཁྲོ་བོའི་སྐྱིལ་མོ་ཁྲུང་བཅས་ནས། །བདུད་རྣམ་པ་རབ་ཏུ་འཇོམས་པ་ཡིན། །ཞེས་བརྗོད་པས། ཁྲོ་བོ་གཡོན་བརྐྱང་གས་གནས་པ་ཡིན་ནོ་ཞེས་བཤད་ཡིན་ནོ། །དེ་ནས་ཡོངས་སུ་རྫོག་པའི་དཀྱིལ་འཁོར་དངོས་པོ་ཐམས་ཅད་ཀྱིས་བལྟ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མར་གནས་པའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུ་རྣམས་ཀྱི་ཐོག་མ་མེད་པ་རྣམས་ཡང་དག་པར་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ་མདུན་དུ་བསམ་ཏེ། གཤིན་རྗེ་གཤེགས་ལ་སོགས་པའམ། །གཞན་གང་ཡང་རུང་བ་ཡང་དག་པར་སྤྲོས་པ། །དེར་གཏོགས་པའི་བགེགས་རྣམས་ཡང་དག་པར་བསལ་ལ་མངོན་པར་བསྲུང་ཏེ། ཟ་བ་ལ་


DTG044_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། མེ་ཏོག་དང་ལྡན་པའི་མཆོད་ཡོན་ལ་ཨོཾ་ཨཱཿ་ཧཱུཾ་ཧཱུཾ་མངོན་པར་བཟླས་ནས་ཕུལ་ལ་གཤིན་རྗེ་གཤེད་ལ་སོགས་པས་དམ་ཚིག་གི་དཀྱིལ་འཁོར་ལ་མན་ངག་ཇི་ལྟ་བ་བཞིན་དུ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་བྱས་ནས་མཉེས་པར་བྱས་ཏེ། དི་དག་ནི་རྒྱུ་མཚུན་པའི་འབྲས་བུ་ཆེན་པོ་དང༌། བསྙེན་པ་ཆེན་པོའོ། །དཀྱིལ་འཁོར་པ་རེ་རེ་ཞི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྣམ་པྲ་སྨིན་པའི་འབྲས་བུ་ཆེན་པོ་དང༌། ཉེ་བར་སྒྲུབ་པ་ཆེན་པོའོ། །ཚིགས་སུ་བཅད་པས་གསོལ་བ་གད་པ་དང༌། ཐུགས་ལ་སོགས་པའི་སྔགས་མེད་པ་ནི་སྐྱེ་སྦུ་བྱེད་པའི་འབྲས་བུ་ཆེན་པོ་དང༌། སྒྲུབ་པ་ཆེན་པོའོ། །དབང་བསྐུར་བ་ནི་དབང་གི་འབྲས་བུ་ཆེན་པོ་དང༌། སྒྲུབ་པ་ཆེན་པོའི་ཆེན་པོའོ། །འདི་རྣམས་ཀྱི་བདག་པོའི་ངེས་པ་བརྗོད་པར་བྱ་སྟེ། མི་བསྐྱོད་པའི་ཅོད་པན་དུ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་ཆེན་པོ་དང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང༌། མཱ་མ་ཀཱི་དང༌། ཕྱག་ན་རྡོ་རྗེ་དང༌། སྒྲ་རྡོ་རྗེ་དང༌། སྲུང་བའི་དཀྱིལ་འཁོར་ལོར་བཤད་པའི་འཁོར་བོ་རྣམས་ལས་གཤིན་རྗེ་མཐར་བྱེད་དང་པ་པདྨ་མཐར་བྱེད་མ་གཏོགས་པ་གཞན་གྱི་མི་ཐུབ་པ་ལ་སོགས་པའི་ཆོད་པ་ན་དུ་མི་བསྐྱོད་པའོ། །སྤྱན་དང་སའི་སྙིང་པོ་དང༌། གཟུགས་རྡོ་རྗེ་མ་དང༌། གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་རྣམ་པར་སྣང་མཛད་དོ། །དྲི་རྡོར་ཇེ་མ་དང་ནམ་མཁའ་སྙིང་པོའི་ཆོད་པན་ལ་ནི་རིན་ཆེན་དབང་ངོ༌། །གོས་དཀར་མོ་དང༌། འཇིག་རྟེན་དབང་ཕྱུག་དང་། རོ་རྡོ་རྗེ་དང༌། པདྨ་མཐར་བྱེད་ཀྱི་ཅོད་པ་ནི་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲ་ལ་མ་དང༌། སྒྲིབ་པ་རྣམས་པར་སེལ་བ་དང༌། རེག་རྡོ་རྗེའི་ཅོད་པན་ལ་ནི་དོན་ཡོད་པར་གྲུབ་པའོ། །ཀུན་དུ་བཟང་པོ་དང་ཆོས་ཀྱི་དབྱིངས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་སྒྲུབ་པ་ཆེན་པོའི་རྗེས་ཐོགས་ལ་སྔ་མ་བཞིན་སྙིང་གའི་ས་བོན་གྱི་ཟེར་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྟ་བཀུག་པ་སྙིང་གར་བཅུག་སྟེ། ཟླ་བ་ཞུ་བར་གྲུ་པས་རང་གི་རྡོ་རྗེའི་ལམ་ནས་ཕྱུང་སྟེ། རིག་པའི་ཆུ་སྐྱེ་སུ་གནས་པར་


DTG044_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། དེའི་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་འོད་ཟེར་རྣམ་པར་སྣ་ཚོགས་རྒྱུ་ཆེན་པོས་ནམ་མཁའ་ཁམས་ཀུན་དུ་ཁྱབ་པར་སྤྲོས་ལ། འོད་ཟེར་གྱི་སྒོ་ལས་བྱུང་བ་གཟུགས་ལ་སོགས་པའི་ལྟ་མོ་དྲི་མ་མེད་པའི་རྒྱན་ཐམས་ཅད་ཀྱིས་ཡན་ལག་ལེགས་པར་བརྒྱན་པར། ཏོག་པ་མ་ལུས་པ་ལས་ངེས་པར་གྲོལ་ཞིང་བདེ་བ་མཆོག་བསྐྱེད་པའི་རྒྱུར་གྱུར་པ་དངོས་པོ་སྒྱུར་མ་དང་མཚུངས་པ་ལ་སོགས་པར་རྟོགས་པ་འཇིག་རྟེན་ལྟ་བ་ལམ་མཁས་པ་དང༌། འོད་ཟེར་གྱི་སྣང་བ་ལས་སྦྲུལ་པའི་མཆོད་པའི་སྤྲིན་གྱི་དྲ་བའི་ཚོགས་སྣ་ཚོགས་པ་དང་ལྡན་པ་རྣམ་སྡང༌། དེ་བཞིན་དུ་ཕྱིའི་དྲི་ལ་སོགས་པ་། ཁང་པ་བརྩེགས་པའི་འོད་ཟེར་འཕྲོ་བ་ལས་བྱུང་བ་ནམ་མཁའ་མཐས་ཁྱབ་པ་རྣམས་ཀྱིས་རབ་ཏུ་མཆོད། རང་དང་ཐུབ་པའི་དབང་པོ་དང་མཆོད་པ་དང་མཆོད་པའི་བདག་ཉིད་མཉམ་པ་ཉིད་ཀྱི་དོན་གྱིས་གཉིས་སུ་མེད་པའི་ང་རྒྱལ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་འོག་ཏུ་སྒའི་ཡུལ་ཐམས་ཅད་བྲག་ཅ་ལྟ་བུར་ལྷག་པར་མོས་ཤིང༌། རང་གི་བདག་ཉིད་དང་ཐ་མི་དང་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཟུགས་ཅན་གྱི་ཆོས་ཐམས་ཅད་རང་གི་ཡིད་ཀྱིས་ལྷག་པའི་ལྷ་ལ་བསྟོད་པའི་སྒྲ་བྱེད་པར་བསམ་པ་བྱེད་པ་ནི། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་བར་སང་བ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་འདུག་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་དང་ལྡན་པར་བསམས་ལ། དེའི་འོག་ཏུ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོ་པོ་གཞུའི་བྱིབས་ཅན་རྡོ་རྗེ་མཚན་པ་ལ་གནས་པའི་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའི་སྟེང་དུ། ཡི་གེ་ཨ་ལས་བྱུང་བའི་པདྨའི་སྣོད་བསམས་ལ་དེའི་ནང་དུ་བར་ཤུ་མ་མུ་ཞེས་བྱ་བ་མི་འཆི་བ་ལྔ་པོ་ལ་རིམ་བཞིན་དུ། བྲུཾ་ཨཱཾ་ཛྲཱྀ་ཁཾ་ཧཱུཾ་གིས་བྱིན་གྱིས་བརླབ་པ་དང༌། གོ་ཀུ་ད་ཧ་ན་སྟེ། ལྔ་པོ་ཡང་དེ་བཞིན་དུ་བསམ་སླ་རྡོ་རྗེ་ཡང་དེའི་འོད་ཟེར་གྱིས་ཞུ་ཞིང་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ལ། དེ་ཡང་མེ་འབར་བ་རྣམས་ཀྱིས་མ་ལུས་པར་ཞུ་བར་གྱུར་ཅིང་ཉེས་པ་དང་བྲལ་བ་དང་མཉམ་པ་


DTG044_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བཅུད་དང་སྟོབས་དང་ཞུ་བར་གྱུར་པའི་བདག་ཉིད་ཅན་དུ་ལྷག་པར་མོས་ལ། དེར་ཨོཾ་དཀར་པོ་འབར་བ་བཀོད་པ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བདུད་རྩིའི་རྣམ་པར་དེའི་ནང་དུ་ཆུད་པར་བསམས་ལ། དེའི་འོད་ཟེར་གྱི་ཚོགས་འཕྲོ་བ་ལ་ཡི་གེ་གསུམ་མང་དུ་བཟླས་ཏེ། ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པའི་རང་གི་སྙིང་གར་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ལ། བདག་ཉིད་དང་དཀྱིལ་འཁོར་བ་ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ནས་འབྲས་ཙམ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དང༌། ཅོད་པན་དུ་ཡང་རང་གི་བདག་པོ་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱ་འོ་ཞེས་ལྷག་པར་མོས་པར་བྱས་ལ། ཀུན་ཏུ་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་བས་དེས་སྙིང་པའི་ཟལ་བར་ཆུད་པའི་རྒྱལ་བའི་འཁོར་ལོ་མ་ལུས་པ་དང་བདག་ཉིད་དང་དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །དཀྱིལ་འཁོར་དབྱུང་བ་ནས་བརྩམས་ཏེ་བདུད་རྩི་མྱང་བའི་མཐར་ཐུགས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །

ལས་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG044_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཆེན་པོ་བསྒོམས་པ་ལ་སེམས་དབང་དུ་བྱ་བ་བསྐྱེད་པར་བྱ་བའི་ཕྱིར་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱ་བ་ཡིན་པས། ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟར་བ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲེལ་བ་མ་ལུས་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་བྱས་ནས་ཧཱུཾ་དེ་ཉིད་དུ་ཞུགས་པ་དང༌། དེ་ཡོངས་སུ་གྱུར་པ་ལས་ཙ་ན་ཀའི་འབྲུ་ཚོད་ཙམ་གྱི་ཐིག་ལེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་བཅུ་དགུ་གསལ་པའི་བདག་ཉིད་ཅན་དུ་བདག་ཉིད་རྣ་པར་བསྒོམས་ལ། དེ་ལི་མདོག་ཅན་གྱི་འོད་ཀྱི་ཕྲེང་བས་ཡེ་ཤེས་སེམས་དཔའི་དང་ཐུགས་དན་གསུང་དང་སྐུ་རྡོ་རྗེ་དང་ལུས་ཀྱི་མཆོག་དང༌། རང་གི་ནང་གི་ལུས་ཀྱང་ངེས་སད་པར་བྱས་ཤིང་སྣང་བར་བྱས་ནས་བ་སྤུ་རེ་རེ་ཀུན་ནས་མཐའ་ཡས་པའི་


DTG044_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱི་སྣང་བའི་ཚོགས་ཀྱིས་སྣ་ཚོགས་པར་ཁྱབ་པར་བྱས་ནས། ཡང་དེ་ཉིད་དུ་ཞུགས་ནས་གཉིས་སུ་མེད་པའི་བདག་ཉིད་ཅན་དུ་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཞུགས་པ་ལ་སྔོན་དུ་འགྲོ་བས་རང་དང་འདྲ་བའི་ཆོས་འབྱུང་བའི་སྣ་ཚེར་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་སྔོ་པོ་ནས་འབྲས་ཙམ་གྱི་ལྟེ་བ་ལ་ཉི་མིའི་སྟེང་ན་གནས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས་ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཕྲ་བ། ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་རིན་པོ་ཆེ་ཁ་དོར་སྣ་ལྔའི་དབུས་ན་ཇི་སྐད་བཤད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྒྱུ་མཐུན་པའི་འབྲས་བུ་དང༌། བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་འདི་དག་བསམ་ཞིང་སེམས་ལ་དབང་དུ་གྱུར་བར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་ནས་སྨིག་རྒྱུ་ལྟ་བུ་ལ་སོགས་པ་མཚན་མ་གང་ཡང་རུང་བ་ཐོབ་པ་བས་སེམས་བརྟེན་པར་བཟུང་བ་ལ་སོགས་པ་ངོ་བོ་ཉིད་མེད་པ་ཅིང་རང་རིག་པའི་ངོ་བོ་ཉིད་ལ་དེའི་འོད་ཟེར་ལས་སྤྲུལ་པའི་དེ་བཞིན་གཤེགས་པ་རྣམས་སམ་རྡོ་རྗེ་ལ་སོགས་པ་མཚན་མ་སྣ་ཚོགས་པ་སྤྲོ་བ་ཡང་དང་ཡང་བྱའོ། །འདི་ནི་ཕྲ་མོའི་རྣལ་འབྱོར་རོ། །དེའི་འོག་ཏུ་རྡོ་རྗེ་དང་གསལ་བ་དང་ཆོས་དང་འཁོར་ལོ་མན་ངག་ཇི་ལྟ་བ་བཞིན་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བར་གནས་པ་རང་རང་རིག་སྟན་ལ། ཨོཾ་ཨཱཿ་ཧཱུཾ་ཧཱུཾ་ཞེས་བྱ་བ་བརྗོད་པ་དང་བརྗོད་པར་བྱ་བ་ལས་འདས་པ་སོ་སོ་རང་གིས་རིག་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་བསམས་ལ། གནས་པ་དང་བརྟན་པར་གྱུར་པར་ལྷག་བར་མོས་ཤིང་མྱུར་བ་དང་བུལ་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཕན་ཚུན་ཤིན་ཏུ་མ་བསྡམས་པར་གསང་སྔགས་ཀྱི་རྒྱལ་བོ་གསལ་བར་བརྗོད་ཅིང་སྲོག་གི་རླུང་གིས་ཨོཾ་ལ་སོགས་པའི་ས་བོན་རེ་རེ་ལས་སྐུ་རྡོ་རྗེ་ལ་སོགས་པ་ཡང་དག་པར་སྤྲོ་བར་བྱ་ཞིང༌། དེ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པར་བསམས་ལ། ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པ་བཞིན་དུ་གཟུགས་རྡོ་རྗེ་ལ་སོགས་པས་རབ་ཏུ་མཆོད་ཅིང་རིག་པ་མཆོག་གིས་ཡོངས་སུ་འཁྱུད་པའི་བདེ་བ་ཆེན་པོ་


DTG044_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པའི་གཞན་གྱི་དབང་དུ་གྱུར་པར་བསམས་ནས། རྩོལ་བའི་རླུང་གིས་དེ་ཉིད་དུ་གཞུག་པར་བསམས་ལ་རིམ་གྱིས་སམ་ས་བོན་ལས་ཅིག་ཅར་སྤྲོ་བའམ། རིམ་གྱིས་བཟླས་བརྗོད་བྱ་བ་ནི་སྔགས་ཀྱི་བཟླས་པའོ། །དེ་ལ། རྒྱུ་མཐུན་སོགས་པ་དང་ལྷག་མོས་པ། །ཐིག་ལེ་ཕྲ་མོ་གསང་གསུམ་དབྱུང༌། །ཆུང་ངུ་ལ་སོགས་དབྱེ་བ་ཡིས། །རྣལ་འབྱོར་བསྙེན་སོགས་དེ་བཞིན་བསྒོམ། །ཞེས་པ་དང༌། དེ་ན་དེའི་འོག་ཏུ། ཞུབ་པའི་སེམས་ནི་ངེས་བཟུང་ཞིང༌། །རྒོད་པ་སླར་ཡང་ཞི་བར་བྱ། །ཞེས་སྨོས་པས་ཐིག་ལེའི་རྣལ་འབྱོར་ལ་སོག་པ་བསྒོམས་པས་སེམས་ཞུམ་པར་གྱུར་ཅིང་སེམས་ཀྱི་གྱུར་ཆུང་བདེ་གཟུང་བའི་ཕྱིར་སྔ་མ་བཞིན་དུ་རིམས་པའི་ཚོགས་ཀྱི་གླུས་རབ་ཏུ་སད་པར་བྱ་ཞིང་ཚེམ་པར་བྱེད་དོ། །དེ་ཡང་སྤྱི་བོར་མ་ཐོག་ཙམ་གྱིས་འཕགས་པར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་བདུད་རྩི་ལྔ་ཨོཾ་དཀར་པོས་བྱིན་གྱིས་བརླབས་ཤིང་འཛག་པར་གྱུར་པར་བསམས་ལ། དེའི་གྲོགས་དང་རྩོལ་བའི་འོད་ཟེར་གྱིས་ལྕགས་ཀྱུས་དྲངས་ལ། སྐྱོབ་སེལ་བར་བྱེད་པའི་བདུད་རྩིའི་རྒྱུན་སྐུ་རྡོ་རྗེ་ལ་སོགས་པར་དབབ་པར་བྱ་སྟེ། འདི་ནི་ཚིམ་པར་བྱའོ། །དེ་ལྟར་ཐང་ཅིག་ངལ་བོས་ནས། །སླར་ཡང་བདེ་བ་དེ་ལ་ཞེན་ཅིང་དེས་སེམས་རྒོད་པར་གྱུར་ན་ཐིག་ལེའི་རྣལ་འབྱོར་བསྒོམ་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྔགས་ཀྱི་བཟླས་པ་ཉིན་མཚན་དུ་བྱ་ཞིང༌། དེ་ལ་ཡང་ཞེན་པ་མེ་དཔར་བྱའོ། །དེའི་འོག་ཏུ་གཤེགས་སུ་གསོལ་བ་བྱེད་པར་འདོད་པའི་སྔགས་པས་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་བཞིན་དུ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བར་བྱས་ལ་སྐུ་ལ་སོགས་པའི་རྡོ་རྗེའི་ཐུགས་ཀར་གནས་པའི་ཨོཾ་ལ་སོགས་པའི་ཡི་གེ་རྣམས་ལ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་པ་རྣམས་ནང་དུ་ཆུད་པར་བྱས་ནས། དེ་ཡང་སྐུ་གསུང་ཐུགས་ནམ་མཁའ་ལྟར་མ་སྐྱེས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །འདི་ནི་གཤེགས་སུ་གསོལ་བའོ། །དེ་ལྟར་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ནས། གཤེགས་སུ་གསོལ་བའི་མཐར་ཐུག་པ་ནི། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །

སྨོན་ལམ་སོགས་བསྟན་པ།


DTG044_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཤད་མ་ཐག་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ། ཡངས་ཤིང་རྒྱ་ཆེ་བའི་བདེ་བ་དམ་པའི་ངོ་བོ་ཉིད་དཔལ་གསང་པ་འདུས་པའི་མངོན་པར་བྱང་ཆུབ་བ་རྟོག་པའི་ལྟ་བ་དང་བྲལ་ཞིང་བདག་གིར་འཛིན་པས་འགྲོ་བ་མ་ལུས་པ་འཁོར་བའི་གཡས་སར་ལྟུང་ཞིང་སྐྱབས་མེད་པ་ལ་མངོན་པར་བསམས་ལ། དེ་ལ་སྙིང་རྗེ་མཐའ་ཡས་པས་སྨོན་ལམ་མངོན་དུ་བྱའོ། །དཔལ་ལྡན་མི་བསྐྱོད་མགོན་པོ་ཡི། །བསྒོམས་བ་ལས་ཐོབ་དགེ་བ་དེས། །དེ་ཡི་ཡེ་ཤེས་ལྡན་གྱུར་པས། །འགྲོ་བ་ཀུན་མཁྱེན་ས་ཐོབ་ཤོག །གང་ཚེ་བ་ལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་ཐུགས་བདག་གང་ཡིན་ཏེ། །གེགས་མེད་པར་ནི་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པའི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །ཇི་ལྟར་ཐུབ་དབང་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲ་ཤོག་ཇི་སྲིད་དང་པོའི་མཐར་གཏུགས་པའི། །འཁོར་བ་རྣམས་ཀྱི་མཐའ་སྤངས་པ། །དེ་སྲིད་སེམས་ཅན་དོན་ཕྱིན་ཉིད། །སྤྱོད་པ་དཔག་མེད་སྤྱད་པར་བགྱི། །ཇི་སྲིད་འཇིག་རྟེན་གྱུར་པ་ཡི། །སངས་རྒྱས་ཐམས་ཅད་མྱ་ངན་འདས། །དེ་ཡི་བསྟན་པའི་དོན་དུ་ནི། །སྤྱོད་པ་དཔག་མེད་སྤྱད་པར་བགྱི། །རྡོ་རྗེ་སེམས་སོགས་གཟུགས་ཀྱིས་ནི། །རྣམ་པ་ཀུན་དུ་སྤྱད་བྱ་ཞིང༌། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས། །དེ་དང་དེ་ཚེ་གདུལ་བར་བགྱི། །དེའི་འོག་ཏུ་རང་གི་ལྷའི་ང་རྒྱལ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ལངས་ལ། ཡུལ་རྣམས་མིག་ཡོར་ཙམ་གྱི་རང་གི་ངོ་བོ་ཉིད་དམ། །རང་གི་ལྷའི་རྣམ་པར་མོས་ལ། །རིགས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དམ། །རང་རང་གི་རྣམས་པར་དག་བ་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་དམ། གྱིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་ཆེད་པོའི་ངོ་བོ་ཉིད་དུ་ལྷག་པར་མོས་པས། །ཇི་ལྟར་རྙེད་པའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཉེ་བར་སྤྱོད་པའི་བྱ་བ་བྱ་ཞིང་ཕྱིན་ཅི་ལོག་གི་རྟོག་པ་དང་བྲལ་བ་འདི་ཉིད་ནི་མཆོད་པའི་མཆོག་ཡིད་མགུ་བར་བྱེད་བ་ཉིད་དོ། །ཟས་ལ་སྤྱོད་པའི་དུས་སུ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བར་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ལ་


DTG044_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཟས་དཔའ་བོ་ལྔ་དང༌། མི་འཆི་བ་ལྔའི་རྣམ་པར་སྔ་མ་བཞིན་དུ་བསྐྱེད་ལ། །དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་དུ་ལྷག་པར་མོས་བསམ་མངོན་པར་བཟླས་ཏེ། ལྕེ་ལ་རྡོ་རྗེ་དཀར་པོ་དང༌། བདག་པོ་ཡང་ཅོད་པན་དུ་བསམས་ཏེ། སྤྱོད་པར་བྱེད་པ་དང༌། ཁ་ཟས་མཉམ་པ་ཉིད་དུ་བསྒོམ་ཞིང༌། དེ་བཞིན་དུ་རང་གི་ལྷག་པའི་ལྷའི་འཁོར་ལོ་དམ་ཚིག་པར་བྱ་ཞིང་དེས་མཆོད་པར་བྱ་བ་ནི་ཕྱིའི་སྦྱིན་སྲེག་གོ །ནང་གི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་མེལ་ཕུང་པོའི་ཤིང་བསྲེགས་པས་བླན་མེད་པར་བཤད་པ་ཡིན་ནོ། །དེ་ལྟར་འདོད་པ་མ་ལུས་པས་རང་གི་ལྷའི་ངོ་བོ་ཉིད་ཀྱི་བདག་ཉིད་དམ། །གཞན་དག་ཡང་དག་པར་མཆོད་པའི་དམ་ཚིག་འདི་ནི་བདེ་བར་གཤེགས་པ་རྣམས་ཀྱིས་རྗེས་སུ་གནང་བ་ཡིན་ནོ། །ཇི་སྐད་བཤད་པའི་སྔོམ་ལྡན་པས། །ཇི་སྙད་པ་ནི་ཀུན་དུ་སྤྱད། དམ་ཚིག་མེད་གྱུར་བློ་ཡིས་ནི། །གསང་འདུས་དང་གཞན་ཤེས་བར་བྱ། །སངས་རྒྱས་མཆོད་དང་འགྲོ་དོན་ནམ། །ལུས་ལས་འབྱུང་བ་མ་ཐོབ་བ་ན། །སྙིང་རྗེས་ནོན་པས་ལས་བྱ་བ། །སྔགས་རྒྱའི་བདག་ཉིད་ཅན་ཕན་བྱ། །དེ་ནས་གནས་སྐབས་ཐམས་ཅད་དུ། །རྒྱུན་མི་འཆད་པར་བདེ་བར་གཤེགས་པ་མ་ལུས་པ་ལ་མཆོད་པ་དང་འགྲོ་བའི་དོན་གྱི་བྱ་བ་ལ་ཞེན་ཅིང་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དམ་པས་ཁྱབ་པ་བརྟན་པ་དང༌། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ཕྲ་རབ་རེ་རེའི་ངོ་བོ་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་ལོ་དང་ཐ་མི་དད་པར་ཤེས་ཤིང༌། །དེ་ནས་མི་བདེན་པའི་རྟོག་པ་མ་ལུས་པ་མཉམ་པ་ཉིད་དུ་སྦྱོར་བས་བརྟག་པའི་སེམས་ལ་ནག་པོའི་ལས་རྣམས་རྟག་ལ་ཡོད། དེ་ཡང༌། དངོས་པོ་གཅིག་ལ་ཀུན་རྟོག་པ། །རྣམ་པ་སྣ་ཚོགས་སྣང་གྱུར་ཏེ། །གྲོལ་དང་སྡུག་བསྔལ་བདེ་བསྐྱེད་པའི། །ལས་ནི་མ་ལུས་འབྱུང་བར་འགྱུར། །དེ་བས་དགེ་དང་མི་དགེའི་ལས། །ལུས་ལ་སོགས་པའི་རྟོག་ལས་བྱུང༌། །རྟོག་པ་ཀུན་ལས་ངེས་གྲོལ་བའི། །ཡེ་ཤེས་དེ་ལ་རྟོག་པ་ཅི། །ཞེས་བྱ་བ་སྨོས་པ་ཡིན་ནོ། །དམ་ཚིག་ལས་ཉམས་པ་ལ་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱ་བ་སྔོན་དུ་འགྲོ་བས་འཁོར་ལོ་དེ་ལ་ཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་


DTG044_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེ་ཁཾ་བསམས་ལ། དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་བསྐུལ་བ་སྔོན་དུ་འགྲོ་བས་བདག་ཉིད་སྣ་ཚོགས་པདྨ་འདབ་མ་དང་ཟླ་བ་ལ་གནས་ཏེ། གཟུང་བ་ལ་སོགས་པའི་དངོས་པོ་རྣམས་ལས་དབེན་པར་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་ལ་སྔ་མ་བཞིན་དུ་དབང་བསྐུར་བར་བྱའོ། །བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་རྣམས་ལ་ཡང་ཅི་ནུས་པར་མཆོད་པ་དང་སྦྱིན་བ་སྔོན་དུ་འགྲོ་བ་བྱ་བའི་བཤགས་པ་ལ་སོགས་པའི་སྔོན་དུ་འགྲོ་བས་དམ་ཚིག་བླང་བར་བྱའོ། །འདི་ནི་དམ་ཚིག་གིས་གསོ་བའོ། །ཕྱིའི་ཁྲུས་བྱེད་པར་འདོད་ན་རང་གི་ལྷའི་སྦྱོར་བ་དང་ལྡན་པས་ཟླ་བ་ལ་གནས་ཏེ། དབང་བསྐུར་བའི་ཆོ་ག་ཉིད་ཀྱིས་ཁྲུས་བྱའོ། །ཐུན་མཚམས་གཞན་ལ་ཡང་སྔ་མ་བཞིན་དུ་མཆོད་པ་དང་སྡིག་པ་བཤགས་པ་ནས་བདུད་རྩི་མྱང་བའི་མཐར་ཐུག་པའི་བར་རྫོགས་པར་བྱས་ནས། ཐིག་ལེ་དང་ཕྲ་མོ་བསྒོམ་པ་སྔོན་དུ་འགྲོ་བས་སྔགས་ཀྱི་བཟླས་པ་བྱས་ལ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་ནང་དུ་ཆུང་པར་བྱས་ལ། སྙིང་རྗེ་དང་ཤེས་རབ་ཏུ་ལྡན་པས་ཉལ་བར་བྱའོ། །ལངས་བའི་དུས་སུ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གླུས་བསྐུལ་ནས་ནང་པར་ལངས་ཏེ། ལས་དང་པོ་བས་སྔ་མ་བཞིན་དུ་ལེགས་པར་བཟླས་བརྗོད་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིའི་རིམ་གྱིས་སྡིག་པ་བཤགས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བས་མཚན་མ་གཉིས་ཐོབ་པའི་བར་ནི་ལས་དང་པོ་པའོ། །དེ་ནས་སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དག་པར་ལྡན་ཞིང་སྡིག་པ་བཤགས་པ་ལ་སོགས་བ་དང་བྲལ་བས་ཉེ་བར་སྒྲུབ་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་བསྒོམས་པ་ལ་མཚན་མ་གསུམ་པོ་ཐོབ་པའི་བར་ནི་ཡེ་ཤེས་ཅུང་ཟད་ཙམ་ལ་དབང་ཐོབ་པའོ། །དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་ཤིང་སྤྲོ་བ་དང་བསྡུ་བ་བྱེད་པ་མཚན་མ་བཞི་ཐོབ་པ་ནི་ཡེ་ཤེས་ལ་དབང་ཐོབ་པ་སྟེ། ཉིན་མཚན་དུ་མངོན་པར་སྦྱོར་བ་ཙམ་བསྟེན་བར་བྱའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རེ་རེའི་ནང་དུ་ཆུད་བའི་འཁོར་ལོ་གསུམ་གྱི་གཟུགས་


DTG044_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གྱི་བདག་ཉིད་ཅན་གྱི་གཟུགས་སུ་བསྒོམ་པས་རྟག་ཏུ་སྣང་བའི་མཚན་མ་ཐོབ་པའི་རྣལ་འབྱོར་བ་ནི་ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱའོ། །དེ་ནས་སྔགས་གྲུབ་ཅིང་མཚན་མ་མང་པོ་ཐོབ་ནས། དེ་ཁོ་ན་ཉིད་གསུམ་ལ་མཆོད་པ་བྱས་ལ། རང་གི་སྔགས་མར་མེ་མཛད་བཟང་པོས་བཤད་པའི་དཀྱིལ་འཁོར་ལ་གནས་པའི་ཆོགས་རྒྱུད་ལས་བཤད་པའི་མངོན་པར་འདོད་བའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །བགེགས་ཉེ་བར་ཞི་བའི་དོན་དུ་ནི་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བའི་བདག་ཉིད་ཅན་གྱི་འཁོར་ལོར་གནས་ཤིང་འོད་ཟེར་སྤྲོ་བ་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་ལ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལང་བར་བྱ་སྟེ། གདུག་པའི་དགྲ་ནི་རྗེས་དྲན་བྱ། །ཞེས་བཤད་པ་ཡིན་ནོ། །གང་ཞིག་དབུས་ན་གནས་གྱུར་པ། །འཁོར་ལོ་དེ་ཡི་ཡིན་པར་འགྱུར། །དེ་བཞིན་གཤེགས་པར་བདག་གྱུར་ན། །དེ་ཡི་གནས་སུ་མི་བསྐྱོད་བཞུགས། །གཞན་བདག་རང་བདག་གནས་སུ་སྟེ། །རང་ཉིད་ལ་ནི་རང་བདག་པོ། །འབྱིན་པ་སྔོན་འགྲོ་བྱེད་པ་ནི། །བློ་དང་ལྡན་པས་གཞུག་པར་བྱ། །རྣམ་པ་ཀུན་དུ་སྔོན་པོ་ནི། །གཡོན་མིན་ཞལ་མར་གཡས་མིན་པར། །ཡེ་ཤེས་ཞལ་སྔའི་རྗེས་འབྲང་ནས། །གསང་འདུས་ལས་ནི་ཤེས་པར་བྱ། །དེ་ལྟར་བྱང་ཕྱོགས་ལམ་པའི་མཁས་པའི་ཞབས་བསྟེན་ནས། །ཡང་དག་ཐོབ་པ་དེ་ཉིད་བརྗེད་པས་འདིར་འཇིགས་ཏེ། དོ་ཚ་སྤངས་ནས་གསལ་བྱས་ང་རྒྱལ་གྱིས་མ་ཡིན། །དེས་འདིར་བློ་བཟངས་རིགས་ཚུལ་ཅན་གྱིས་བཟོད་བར་མཛོད། །ཡེ་ཤེས་དམ་པའི་གཞུང་ལུགས་རང་གི་ཤེས་རབ་ཀྱིས། །ཅུང་ཟད་གསལ་བཤད་དགེ་བ་མཆོག་གྱུར་གང་བསགས་པ། །དེས་ནི་འགྲོ་ཀུན་གཉིས་མེད་ཟླ་བ་ལས་བྱུང་བའི། །འོད་ཟེར་བཟང་པོས་མུན་གསལ་ཐུགས་ཀྱི་མགོ་ནི་ཐོབ་ཤོག །དཔལ་ལྡན་མི་བསྐྱོད་རྡོ་རྗེ་སྒྲུབ་པའི་ཐབས། སློབ་དཔོན་དཔལ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousདཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས། རིན་ཆེན་རྡོ་རྗེ།next