འཆི་བའི་དུས་སུ་ཡིད་ལ་བྱ་བའི་མན་ངག་བསྟན་པ།


DTG047_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣམ་པ་གསུམ་ཆར་དང་འབྲེལ་བའི་འཆི་བའི་དུས་སུ་ཡིད་ལ་བྱ་བའི་མན་ངག་བསྟན་པར་བྱ་སྟེ། དེས་དམ་ཚིག་དང་འགལ་བ་ཅི་བྱས་པ་རྣམས་ལེགས་པར་ཡིད་ལ་བྱས་ལ་རབ་ཏུ་འགྱོད་ཅིང་ཕྱིས་མི་བྱ་བའི་བསམ་པས། འགྲོ་བ་ཡུལ་དུ་གྱུར་བ་རྣམས་དང་འདོད་པའི་ལྷ་དང༌། ཆོས་སྐྱོང་བ་རྣམས་ལ་བཤགས་པར་བྱའོ། །དེས་དགེ་བ་ཅི་བྱས་པ་རྣམས་འགྲོ་བའི་དོན་དུ་བྱང་ཆུབ་ཏུ་བསྔོས་ལ་ཤི་མ་ཐག་ཏུ་སངས་རྒྱས་དངོས་སུ་བཞུགས་པའི་ཞིང་དུ་རྫུས་ཏེ་འབྱུང་ཞིང༌། རིགས་དང༌། གཟུགས་དང༌། གྲོགས་དང༌། འཁོར་དང༌། ལོངས་སྤྱོད་དང༌། དད་པ་དང༌། ཤེས་རབ་དང༌། གཉེན་པོ་དང༌། དྲན་པ་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་ཏེ། འཇུག་པ་བདེ་བ། ལམ་བདེ་བས་ཚོགས་རྣམ་པ་གཉིས་བདེ་བླག་ཏུ་བསགས་ཏེ། མྱུར་དུ་བྱང་ཆུབ་པར་གྱུར་ཅིག་ཅེས་བསྔོ་བར་བྱའོ། །དེ་ནས་འདི་ལྟར་གང་རྡོ་རྗེའི་སྐུ་མངའ་བའི་སངས་རྒྱས་རྣམས་ཀྱང་སྐུ་ཆེད་དུ་འཇིག་ཅིང༌། ཉན་ཐོས་དང་རང་སངས་རྒྱས་ལས་དང་ཉོན་མོངས་པ་དང་བྲལ་བ་རྣམས་ཀྱང་ཆེད་དུ་ལུས་ལ་ཡིད་བྱུང་བས་སྤོང་ན། བདག་གི་ལུས་རྣག་ཅན་མཐོང་བའི་ཆོས་ལ་དངོས་གྲུབ་ཀྱི་སྣོད་དུ་མ་གྱུར་ཅིང༌། བསྲུང་བ་བྱས་པ་ཤ་ཐང་བའི་འདི་ལ་ཅི་ཞིག་ཆགས་སུ་ཡོད་ཅེས་ལུས་དང་སྲོག་ལ་ཆགས་པ་སྤང་བར་བྱའོ། །དེ་ནས་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས་སྐྱེ་བ་དང༌། གནས་པ་དང༌། འཆི་བ་ནམ་མཁའ་ལྟ་བུ་རྒ་བ་དང་ཀུན་དུ་སྐྱོ་བ་ལ་གྲོལ་བ། བློའི་བླང་དོར་དང་འཇིགས་པ་རྣམ་པར་སྤངས་ཤིང༌། འཚོ་བའི་འཇིག་རྟེན་སྨིག་རྒྱུ་ཙམ་དུ་ཤེས་པར་བྱའོ། །དེ་ནས་བདག་གི་ལུས་དང་གནས་དང༌། ལོངས་སྤྱོད་སྒྱུ་མ་ལྟ་བུ་རྣམས། བསམ་པ་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་བྱིན་ཅིང༌། དེའི་འོག་ཏུ་རང་གི་ལུས་འདོད་པའི་ལྷའི་སྐུར་རྣམ་པར་བསམས་ཏེ་ཕྱོགས་བཅུ་ཐམས་ཅད་རྣམ་པར་དག་པའི་ཞིང༌། ལྷའི་རྒྱལ་པོ་དང་བསྙེན་བཀུར་གྱི་གནས་ལྟར་ཡིད་དུ་འོང་བར་བསམས་ལ་ལྷག་པའི་ལྷ་ལ་ཡང་དང་ཡང་དུ་ཡིད་གཏད་དེ། ཚོར་བ་ཐམས་ཅད་ཟིལ་གྱིས་མནན་པར་བྱའོ། །དེའི་སྣང་བའི་ཡུལ་དུ་འོང་བ་དང༌། མི་འོང་བའི་མཚན་མ་ཅི་བྱུང་ཡང་དགའ་བ་དང་འཇིགས་པ་མི་བསྐྱེད་ཅིང་དྲི་ཟའི་གྲོང་ཁྱེར་ལྟར་བསམ་མོ། །འདི་ནི་འཆི་བའི་དུས་སུ་ཡིད་ལ་བྱ་བའི་མན་ངག་གོ །གང་ཞིག་བླ་མ་ལ་གུས་སྙིང་རྗེས་རྒྱུད་འཇམ་པས། །ཆོས་ཀུན་སྟོང་བར་ཤེས་ཤིང་ཡུལ་ལ་འདོད་པ་སྤང༌། །


DTG047_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་མཐུ་ལྡན་བློ་གྲོས་དྲི་མ་རྣམས་དང་བྲལ། །འགྲོ་བ་སྐྱོབ་བྱེད་གདུགས་དཀར་ལྟ་བུ་དེ་རྣམས་དང༌། །བདག་གི་ཡང་དག་རྟགས་པས་སྨྲས་པའི་གཏམ་ཚུལ་འདི། །མྱུར་དུ་བར་ཆད་མེད་པར་ཉམས་ལེན་བྱེད་བཅས་ཕྲད་གྱུར་ཅིག །ཇི་སྲིད་ས་ལ་འགྲོ་བའི་ལོངས་སྤྱོད་རྣམ་འཕེལ་མ་འགགས་པ། །དེ་སྲིད་གཏམ་འདི་ཉམས་པ་མེད་པར་འགྲོ་དོན་གནས་པར་ཤོག །གཏམ་ཚུལ་འདི་ནི་གསལ་སྨྲས་པས། །འགྲོ་བ་འཇམ་དབྱངས་འདྲར་གྱུར་ཅིག །བདག་དང་ཆོས་ཀུན་སྒྱུ་འདྲ་བར། །མྱུར་རིག་འཇམ་དཔལ་ཉིད་གྱུར་ཅིག །དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ་སློབ་དཔོན་མི་བསྐྱོད་པའི་རྡོ་རྗེའི་ཞལ་སྔ་ནས་མཛད་པ་འདི་ཡོངས་སུ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱཪྻ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།