རྣལ་འབྱོར།


DTG047_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེའི་གཤེད་ནག་པོ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སྙིང་རྗེས་སེམས་ཅན་ཕན་པ་མཛད་ཅིང་དཔག་བསམ་ཤིང་དང་འདྲ་བ་ཡི། །དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་མདངས་འབར་ཆར་སྤྲིན་གཞོན་འདྲ་ཡིད་འོང་བ། །རྟོག་པའི་རླབས་བྲལ་ལྷན་ཅིག་སྐྱེས་པའི་འོ་མ་ལས་འཕྲོས་དེ་ལ་ཕྱག་འཚལ་ནས། །འདི་ཡི་དཀྱིལ་འཁོར་བསྒྲུབ་བྱ་དང་བཅས་དཔལ་ལྡན་བླ་མའི་བཀའ་ཡིས་བཤད་པར་བྱ། །དང་ཕོར་སྔགས་པས་ཕྱི་ནང་གི་རྣམ་པར་གཡོ་བམ་ལུས་པ་ཡོངས་སུ་བཏང་ལ། བློ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པས་རང་གི་སྙིང་གར་ཐུགས་ཀྱི་ས་བོན་གྱི་སྔགས་འོད་ཟེར་གྱི་རིགས་ཀུན་དུ་འཁྲིགས་པ་བལྟས་ལ། འོད་འཕྲོས་པ་དེ་ལས་ཕྱོགས་སྐྱོང་བ་བརྒྱད། ཤིང་བརྒྱད་ཀྱིས་བརྒྱན་ཅིང་དྲག་པོའི་དུར་ཁྲོད་དོ། །དེའི་དཀྱིལ་དུ་འཇིགས་པ་དང་བྲལ་བས་སྟན་བདེ་བ་ལ་ཉེ་བར་འདུག་ལ། སེམས་ཅན་ལ་ཕན་པའི་ཕྱིར་བསམ་གཏན་ལ་སྤྱད་པར་བྱ་སྟེ། ས་བོན་དེ་ལས་འོད་འཕྲོས་པས་རང་གི་བ་སྤུའི་བུ་ག་ལས་ཕྱིར་བྱུང་བའི་ཁ་དོག་


DTG047_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ལྡན་པའི་འོད་ཀྱིས་བདག་ཉིད་རྣམ་པར་སྦྱང་བར་བྱའོ། །དེ་ཉིད་ཀྱིས་འགྲོ་བ་རིགས་དྲུག་ན་འཁོར་བའི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་བལྟས་པས། རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དུ་འགྲོ་བར་བལྟའོ། །དེ་ནས་འོད་ཟེར་དེས་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔལ་གཤིན་རྗེ་གཤེད་ལ་སོགས་པ་སྤྱན་དྲངས་ཏེ་མདུན་དུ་ཟླ་བའི་གདན་ལ་བཞུགས་པར་བལྟས་ལ། ཕྱག་འཚལ་བ་དང་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཆེན་པོ་མཆོད་པར་བགྱིའོ། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འཕགས་པ་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པའི་སངས་རྒྱས་ཐམས་ཅད་ལ་བསྐལ་པ་མང་པོར་བཞུགས་པར་གསོལ་བ་གདབ་པོ། །མཆོད་པའི་རང་བཞིན་རྣམ་པ་བདུན་ནམ། གཞན་ཡང་གང་ཇི་སྐད་གསུངས་པའི་དགེ་བ་མ་ལུས་པ་དེ་དག་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །དེའི་རྗེས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདི་ལྟར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡངས་པ་བགྱིའོ་ཞེས་སོ། །དེ་ནས་བདག་གི་ལུས་དབུལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་ཉིད་ཀྱི་ལུས་དབུལ་བར་བགྱིའོ། །དེ་ནས་ལམ་གཟུང་བར་བྱ་སྟེ། ཇི་ལྟར་ཡང་བླ་ན་མེད་པའི་ལམ་རྡོ་རྗེ་སེམས་དཔའི་སྙིང་པོ་གཤིན་རྗེའི་གཤེད་བདག་གིས་གཟུང་བར་བགྱིའོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང༌། དགའ་བ་དང་བཏང་སྙོམས་ཀྱི་ངོ་བོ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་དངོས་


DTG047_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་སེམས་ཙམ་གྱི་རང་བཞིན་པས་དངོས་པོ་ངོ་བོ་ཉིད་ཀྱིས་དག་པར་བལྟ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྔགས་འདིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། འདི་ནི་བསྲུང་བའི་མཆོག་གོ །འདི་ལས་ལྷག་པའི་སྲུང་བའི་དོན་ནི། ཡི་གེ་རེ་ཡོངས་སུ་གྱུར་པའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལས་སྤྲོས་པའི་རྡོ་རྗེ་ར་བ་དང༌། རྡོ་རྗེ་གུར་དང༌། རྡོ་རྗེ་དུར་ཁྲོད་དང་བཅས་པར་རྡོ་རྗེའི་ས་གཞི་བསྒོམ་མོ། །ཡང་དུར་ཁྲོད་རྣམས་འདི་ལྟར་འབྱུང་སྟེ། རྡོ་རྗེའི་ཕྱོགས་སུ་ཤཱིར་ཥ་སྟེ། །གནོད་སྦྱིན་ལག་གཡས་སྤྱི་བླུགས་དང༌། །གཡོན་ན་ཐོད་པ་ཐོགས་པ་ཡི། །ཙཎྜ་ཞེས་པའི་མདོག་སེར་གནས། །གནོད་སྦྱིན་དཔལ་འཛིན་དམར་པོ་སྟེ། །གཡས་པ་ན་ནི་ཕྲེང་བ་དང༌། །གཡོན་ན་ཐོད་པའི་སྣོད་ཐོགས་ཏེ། །མེན་ཀ་རཾ་ཛ་ཤིང་ལའོ། །གཤིན་རྗེའི་གཤེད་ནི་ཙཱུ་ཏ་ལ། །རྣམ་འཇིགས་ཞེས་བྱའི་མདོག་ནག་པོའི། །གཡས་པ་ན་ནི་དབྱུག་པ་དང༌། །གཡོན་པ་ཆུ་སྐྱེས་སྣོད་ཡིན་ནོ། །བདེན་བྲལ་གཡས་གྲི་གུག་དང༌། །གཡོན་ན་ཆུ་སྐྱེས་སྣོད་ཐོགས་པའི། །སེར་པོ་གོ་ར་ཨནྡྷ་ཀར། །འཁྲི་ཤིང་ལ་མའི་ཤིང་ལའོ། །ཆུ་ནི་མྱ་ངན་མེད་ཤིང་ལ། །འོད་ཀྱི་ཕྲེང་ཅན་མགོ་ཡི་རུས། །དཀར་ཕོ་གཡས་ན་ཀླུ་ཞགས་དང༌། །གཡོན་ན་ཆུ་སྐྱེས་སྣོད་ཐོགས་པའོ། །རླུང་ན་ཀི་ལ་ཀི་ར་བ། །སྔོན་པོ་གཡས་ན་གོས་སྔོན་ཐོགས། །གཡོན་པ་ན་ནི་ཆུ་སྐྱེས་སྣོད། །ཨརྫུ་ན་ཡི་ཤིང་ལ་གནས། །ཀུ་བེ་ར་ན་གྷ་བ་དར། །ལག་པ་གཡས་ན་རྡོ་རྗེ་དང༌། །གཡོན་པ་ན་ནི་པདྨའི་སྣོད། །ཨ་ཤྭད་ཐ་ལ་མནན་ནས་གནས། །གནོད་སྦྱིན་གད་མོ་ཆེར་གྲགས་པ། །དཀར་པོ་གཡས་ན་རྩེ་གསུམ་པ། །གཡོན་པ་ན་ནི་པདྨའི་སྣོད། །དབང་ལྡན་ཤིང་ཆེན་པོ་ལ་གནས། །ཐམས་ཅད་ཤིང་ལས་ལུས་ཕྱེད་བཏོན། །དྲག་ཅིང་འབར་ལ་སྐྲ་དང་ནི། །སྨ་ར་སྨིན་མ་ལྐོག་སྤུ་དང༌། །རྫི་མའང་སེར་པོ་ཁྲོས་པའི་ཞལ། །སྤྱན་གསུམ་དམར་པོ་རབ་འགུལ་བ། །མཆེ་བ་དྲག་ཏུ་གཙིགས་པའོ། །ཤིང་འདི་རྣམས་ཀྱི་རྩ་བ་རུ། །གསལ་ཤིང་གིས་ཕུག་རོ་ཡང་བཞག །ཁ་ཅིག་ལྟུང་བའི་རོ་དག་དང༌། །ཁྱི་དང་བྱ་རྒོད་ཟ་བའོ། །དེ་ལ་ཡང་དག་རོས་མྱོས་པའི། །རྣལ་འབྱོར་པ་དག་གླུ་ལེན་ཏེ། །ལྷན་ཅིག་


DTG047_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཞེས་འགྲོ་བ་གསུམ། །རྣམ་པར་སྦྱོང་ཞིང་རྣལ་འབྱོར་པས། །བདུད་རྩི་ལྔ་ལྡན་ཐོད་པ་དང༌། །ཆགས་པས་དཔལ་ལ་འདུད་བྱེད་ཅིང༌། །འགྲོ་བ་གསུམ་པོ་ཚིམ་པར་བྱེད། །དེས་ན་རིག་པ་དང་བཅས་པའི་དཔལ་མཆོག་དང་པོ་ལས་བྱུང་བའི་ཆོས་འབྱུང་ཞེས་བྱ་བའི་ཕྱག་རྒྱ་གྲུ་གསུམ་གྱི་ནང་ནམ་མཁའི་ངོ་བོ་ཉིད་ཀྱི་དཀྱིལ་ན་གནས་པའི་སྣ་ཚོགས་པདྨ་དང༌། རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་སྣ་ཚོགས་པདྨ་དང༌། ཟླ་བ་ལ་གནས་པའི་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས། འཁོར་ལོ་རྩིབས་བརྒྱད་པ། དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པའི་རྣམ་པར་སྣང་མཛད་རིག་པ་དང་བཅས་པ་ལས་བྱུང་བའི་སྣ་ཚོགས་པར་སྣང་བའི་ནོར་བུའི་རང་བཞིན་ཁ་དོག་ལྔ་དང་ལྡན་པའི་འོད་འཕྲོ་བས། ཕྱོགས་མཚམས་མ་ལུས་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སངས་རྒྱས་ཀྱིས་ཁྱབ་པར་གནས་པ་གྲུ་བཞི་པ་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། སེ་མོ་དོ་དང་དོ་ཤལ་དང༌། མེ་ལོང་དང་གོས་དང་ནོར་བུས་རྣམ་པར་བརྒྱན་པ། མཆོད་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ། །དེའི་དཀྱིལ་དུ་ཡི་གེ་རེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་བསྒོམས་པ་བྱས་ལ། ལྷ་བཅུ་བདུན་གྱི་གདན་སྣ་ཚོགས་པདྨ་བསྒོམ་མོ། །དེའི་ལྟེ་བའི་ཟླ་བའི་དཀྱིལ་འཁོར་ལ་ཤེས་རབ་ཀྱི་ངོ་བོ་ཉིད་ཡི་གེ་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་བཞུགས་ཏེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བལྟའོ། །དེའི་སྟེང་དུ་རེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཐབས་ཀྱི་ངོ་བོ་ཉིད་ཉིས་འགྱུར་དུ་བྱས་པ་ལས། ཌ་ཌྷ་ད་དྷ་ཡ་ལ་བསྣན་པའི་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་རྣམས་བཅུག་ལ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པར་རྣམ་པར་བསམས་ཏེ། དེ་དག་ཐམས་ཅད་རོ་མཉམ་པར་བྱས་ལ། དེ་གཉིས་ཀའི་ཡང་ནང་དུ་འདུས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ལ་གནས་པའི་ཟླ་བའི་གདན་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། དེའི་འོད་ཀྱིས་རེག་པས་བྱོན་པར་


DTG047_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པའི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་དང་ལྷ་མོ་རྣམས་དེའི་ནང་དུ་བྱོན་པར་བསམས་ལ། དེ་ནས་དེའི་ང་རྒྱལ་སྤང་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་དང༌། རྒྱན་ཐམས་ཅད་གཤིན་རྗེ་གཤེད་དང་འདྲ་བ་ལ། ལྷན་ཅིག་སྐྱེས་པ་ཙམ་གྱི་རིག་མ་ཅན། སྔོན་པོ་དང་དཀར་པོ་དང་དམར་པོ་སྟེ་ཞལ་གསུམ་པ། གཡས་པའི་ཕྱག་དང་དེ་ལས་གཞན་པའི་ཕྱག་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ། རྡོ་རྗེ་སྔོན་པོ་འབར་ཞིང་འཕྲོ་བ་དང༌། རལ་གྲི་དང༌། གྲི་གུག་དང༌། འཁོར་ལོ་དང་པདྨ་དང༌། ཐོད་པ་འཛིན་པའོ། །སྐུ་དང་གསུང་དང་ཐུགས་དང་ཡི་ཤེས་སེམས་དཔའ་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ནས་ས་བོན་གྱི་ལྷ་མོའི་མགོ་དང༌། མགྲིན་པ་དང༌། སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་དང༌། ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། རིགས་ལྔ་གཅིག་ཏུ་བསྡུས་པས་དགོད་པར་བྱའོ། །དེའི་རྗེས་ལ་ཧཱུཾ་ཨོཾ་ཧཱུཾ་ཨཱཿ་ཞེས་པའི་སྔགས་འདིས་གཉི་གའི་རྡོ་རྗེ་དང་པདྨ་རྣམ་པར་སྦྱང་བར་བྱའོ། །དེའི་རྗེས་ལ་ཡི་གེ་ཧོཿ་དམར་པོ་གཉིས་གཉི་གའི་མཐར་རྣམ་པར་བསྐོར་ལ་དགའ་བ་བརྩམ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་སོ། །དེ་ནས་འདོད་ཆགས་ཆེན་པོ་ངེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་ཡེ་ཤེས་སེམས་དཔའི་སྙིང་པོའི་ས་བོན་གྱི་འོད་ཀྱིས་བཀུག་པའི་རྡོ་རྗེ་ཙ་རྩི་ཀཱ་ལ་སོགས་པའི་ལྷ་མོ་བཞི་དང་ལྡན་པའི་སངས་རྒྱས་ཐམས་ཅད་བདག་གི་ལུས་ཀྱི་ནང་དུ་བསྒོམས་ལ། བདག་ཉིད་ཀྱང་རིག་མ་དང་བཅས་པ། འདོད་ཆགས་ཆེན་པོའི་དབང་གི་ཡི་གེ་གསུམ་དང་ལྡན་པའི་ཁུ་བའི་གཟུགས་སུ་བལྟའོ། །དེ་ནས་རྣམ་པར་དག་པའི་འོད་ཟེར་གྱིས་ཕྱོགས་བཅུར་ཁྱབ་པས། འགྲོ་བ་དྲུག་ན་འཁོར་བའི་སེམས་ཅན་རྣམ་པར་སྦྱངས་ནས། དེའི་ནང་དུ་ཆུད་པར་བསྒོམས་ལ། དེ་ཡང་ཁུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་བསླང་བའི་ཕྱིར། ལྷ་མོ་བཞིས་ཐུགས་ལ་བསྟོད་པ། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་བཞེངས། །ཁམས་གསུམ་


DTG047_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གཏི་མུག་སོལ། །དད་སྒྲོལ་རྩོལ་མེད་མ་བཞུགས་བཞེངས། །བདུད་འདི་དག་ལས་རྒྱལ་བར་མཛོད། །འཇིག་རྟེན་མགོན་པོས་སྟོང་ཉིད་ཅི་སྟེ་བཞུགས། །དང་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །བྱང་ཆུབ་འདོད་པའི་འཇིག་རྟེན། མགྲོན་པོས་ནས། །ཇི་ལྟར་སྟོང་པ་ཉིད་ནི་སེམས་པར་བྱེད། །ཅེས་བྱ་བས་བསྟོད་ནས། སྐར་མདའ་འཕོ་བ་བཞིན་དུ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་ལྷ་མོ་བཞི་ཡང་ཁུ་བ་དེར་རབ་ཏུ་ཞུགས་པས་ཡི་གེ་གསུམ་དང་ལྡན་པའི་སྔགས་ཀྱིས་རང་བཞིན་གྱིས་ལྷའི་ངོ་བོ་ཉིད་དུ་བཀོད་ལ། གསང་བའི་དཀྱིལ་འཁོར་འབྱུང་བའི་ལྷའི་ས་བོན་བལྟ་སྟེ། ཡཀྵེ་མ་མེད། ཡཙྪ་ནི་རཱ་ཛ་དོ་རུ་ད་ཎ་ཡོ་ནི་རཱ་ཞེས་བྱ་བ་འདི་ལྟ་བུ་མཚམས་བཞི་རུའོ། །དེའི་དཀྱིལ་དུ་མ་ལུས་པ་ལ་རང་གི་ས་བོན་དང་ཕྱག་མཚན་གྱི་ནང་དུ་འདུས་པའི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་དང༌། ལྷ་མོ་མ་ལུས་པ་བྱོན་ནས། བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་དེར་བཞུགས་ཏེ། དེ་རྣམས་ཞུགས་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་ལྡན་པ་སྟེ་འདི་ནི་རྣལ་འབྱོར་རོ། །