རྗེས་ཀྱི་རྣལ་འབྱོར།


DTG047_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་རྡོ་རྗེ་ཙ་རྩི་ཀཱ་ལ་སོགས་པ་ལྷ་མོ་བཞི་པོ་ཚངས་པའི་གནས་བཞིའི་ངོ་བོས་བསྐུལ་བའི་དབང་དུ་བྱས་ནས། དེའི་ཁུ་བ་ལས་བྱུང་བའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཨིནྡྲ་ནཱི་ལའི་འོད་ལྟར་འབར་བའི་རྡོ་རྗེའི་ལྟེ་བ་ལ་གནས་པའི་རིགས་ཀྱི་ཡི་གེས་བྱིན་གྱིས་རློབ་ཅིང་འཕྲོ་བ། ཡི་གེ་ཡཾ་ལས་ཡང་དག་པར་བྱུང་བ། ཨིནྡྲ་ནཱི་ལ་ལྟ་བུའི་འོད་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་བ་དང༌། གཡས་པ་དང་གཞན་ལ་རིམ་པ་ཇི་ལྟ་བ་བཞིན་དུ། སྔོན་པོ་དང་དཀར་པོ་དམར་བའི་ཞལ་ཅན། འབར་བ་འཕྲོ་བའི་རྡོ་རྗེ་དང༌། རལ་གྲི་དང༌། གྲི་གུག་དང༌། འཁོར་ལོ་དང་པདྨ་དམར་པོ་དང༌། ཐོད་པ་འཛིན་པ་སྟེ། གཡས་པ་དང་དེ་ལས་གཞན་པ་ལ་རིམ་པ་ཇི་ལྟ་བ་བཞིན་ནོ། །འཇིགས་བྱེད་ཀྱང་འཇིགས་པར་བྱེད་པ། ཐོད་པ་དྲུག་གིས་བསྐོར་བས་མགོ་བརྒྱན་པ། ཕྱོགས་བཅུར་བལྟ་བའི་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དགའ་བོ་དང་


DTG047_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དགས་གྱེན་དུ་འབར་བའི་སྐྲ་བཅིངས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་ལྕེ་འདྲིལ་བ་སྨ་ར་དང་སྨིན་མ་སེར་པོ་རྡོ་རྗེས་བརྒྱན་པ། སྟག་གི་པགས་པ་འཛིན་པ། མིའུ་ཐུང་ལྟར་གསུས་པ་ཆེ་བར་འཛིན་པ་བ་སུ་ཀིས་ས་རལ་ཉེ་བར་བརྒྱན་པ། སྟོད་དུ་སེང་གེའི་པགས་པ་བསྣམས་པ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་གྱེན་དུ་གཡས་སུ་འཁྱིལ་ཞིང་འོད་འཕྲོ་བ། རོལ་པ་དང་བཅས་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་གཉིས་སུ་མེད་པའི་སྐུ་ཧྲཱིཿ་ཥྚྲྀཿ་ལ་སོགས་པ་མགུར་ནས་བརྗོད་ཅིང༌། མ་ཧེ་ལ་གནས་པའི་གཤིན་རྗེའི་རྒྱབ་ཏུ་ཉི་མའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པའི་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ། དེའི་སྙིང་གར་ཉི་མ་ལ་གནས་པའི་ཡཾ་ལས་བྱུང་བའི་རྡོ་རྗེ་འབར་བའི་ལྟེ་བ་ལ་ཉི་མ་དང༌། དེ་ལ་ས་བོན་ཡཾ་བསྒོམ་ཞིང་ཕྱག་མཚན་དང༌། ས་བོན་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་གཤིན་རྗེ་གཤེད་དང་འདྲ་བའི་སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཉི་མ་ལ་གནས་པའི་རང་གི་ས་བོན་གྱི་བྱིན་གྱིས་བརླབས་ལ་སྙིང་གར་བསྒོམ་པར་བྱའོ། །རང་གི་ས་བོན་ལས་ཀྱང་འོད་ཟེར་སྤྲོས་ལ་འོད་དེས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་བཀུག་ལ། མདུན་གྱི་ནམ་མཁའ་ལ་བཞུགས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། རང་གི་ཡེ་ཤེས་སེམས་དཔའ་བཅུག་ལ་དེར་བྱིན་གྱིས་བརླབ་པ་ཡང་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །དེ་ནས་སྙིང་གའི་འོག་ཏུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་ཟླ་བ་དེ་ལས་ས་བོན་རྣམ་པར་བསམས་ཏེ། རང་གི་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལ་གནས་པ་ཕྱག་མཚན་ས་བོན་གྱི་བྱིན་གྱིས་བརླབས་པ། སྙིང་པོ་ཐུགས་རྡོ་རྗེ་རྣམ་པར་བསམ་པར་བྱའོ། །རང་གི་ས་བོན་གྱི་འོད་ཀྱི་ཐུགས་རྡོ་རྗེའི་སངས་རྒྱས་ཐམས་ཅད་བཀུག་ལ་མདུན་དུ་ཟླ་བ་ལ་བཞུགས་ཏེ། ཡང་དག་པར་མཆོད་ནས་རང་གི་ཐུགས་རྡོ་རྗེ་ལ་བཅུག་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་བཞིན་དུ་སྐུ་རྡོ་རྗེ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་འདྲ་བའོ། །གསུང་


DTG047_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བར་རྣམ་པར་བསྒོམས་ལ། སྐུ་རྡོ་རྗེ་དང་གསུང་རྡོ་རྗེའི་སངས་རྒྱས་ཐམས་ཅད་བཀུག་ལ་ཡང་དག་པར་མཆོད་དེ། ནང་དུ་བཞུགས་པ་བྱས་ལ། །དེའི་བྱིན་གྱིས་བརླབ་པ་ཡང་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སོ། །དེའི་རྗེས་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་བལྟ་བར་བྱ་སྟེ། མིག་ལ་ཀྵིཾ་གི་ས་བོན་ལས་སའི་སྙིང་པོ། རྣ་བ་ལ་ཛྲིཾ་ལས་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་ལས་ནམ་མཁའི་སྙིང་པོ། ཞལ་དུ་གཾ་ལས་འཇིག་རྟེན་དབང་ཕྱུག །མགོ་ལ་ཀྵཾ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། སྙིང་གའི་འོག་ཏུ་སཾ་ལས་ཀུན་དུ་བཟང་པོ་སྟེ། སྐྱེ་མཆེད་འདི་རྣམས་ལ་དེ་རྣམས་ཀྱི་པདྨ་དང་ཟླ་བ་ལ་གནས་པ། ཟླ་བའི་སྟེང་དུ་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པས་བྱིན་གྱིས་བརླབས་ལ། ཕྱིས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་བཀུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མི་བསྐྱོད་པས་གཙོ་བོ་བྱས་པ་རྣམ་པར་བསམས་ལ། དེ་ལས་འཕྲོས་པའི་ལྷ་མོ་ལྔ་རྣམས་ཀྱིས་བདུད་རྩི་ལྔའི་ཁུ་བ་རྣམས་ཀྱིས་བཀང་བའི་བུམ་པའི་ཁ་ནས་འབབ་པས། བདག་ཉིད་ལ་དབང་བསྐུར་ནས། ཅོད་པན་ལ་མི་བསྐྱོད་པ་བལྟ་བར་བྱའོ། །ཡང་རྡོ་རྗེ་སེམས་དཔའ་ཁུ་བའི་གཟུགས་ལས་བྱུང་བའི་གཤིན་རྗེ་གཤེད་བཞིན་དུ་རིག་མ་རང་གི་ངོ་བོ་ཡང་མདུན་དུ་བལྟས་ལ། བསྐྱེད་ཅིང་རང་གི་ལུས་སུ་འདུས་པར་བྱས་ལ། ཨོཾ་ཧཱུཾ་སྭ་ཨཾ་ཧཱ་ཞེས་བྱ་བའི་ཡི་གེ་འདི་རྣམས་མགོ་དང༌། སྙིང་ག་དང་ལྟེ་བ་དང༌། གསང་བ་དང༌། པུས་མོ་རྣམས་ལ་རྣམ་པར་བཀོད་ལ། དེས་རིགས་ལྔ་བསྡུས་པས་བརྒྱན་པར་བྱའོ། །ཨོཾ་ཧཱུཾ་ཧཱུཾ་ཨ་འདིས་ནི་རྡོ་རྗེ་དང༌། པདྨ་རྣམ་པར་སྦྱངས་ལ་གཉི་གའི་མཐར་ཡི་གེ་ཧོཿ་དམར་པོ་གཉི་ག་བཀོད་ལ། ཨོཾ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་དེ། བླ་ན་མེད་པའི་བདེ་བ་ལ་མངོན་པར་ཕྱོགས་ནས། དགའ་བ་བརྩམ་པར་བྱ་ཞིང་དེར་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་རྗེས་ཀྱི་རྣལ་འབྱོར་རོ། །