ཤིན་ཏུ་རྣལ་འབྱོར།


DTG047_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དོན་དམ་པའི་བདེན་པ་ལ་གནས་པའི་རྣལ་འབྱོར་པའི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ལྷ་མོ་བཞི་དང་བཅས་པའི་སངས་རྒྱས་ལྔ་རྣམས་རང་གི་ས་བོན་གྱི་ནང་དུ་བསམས་ལ། འདོད་ཆགས་ཆེན་པོའི་དབང་གིས་པདྨའི་ནང་གི་ནོར་བུ་ནས་རང་གི་ལྟེ་བའི་ཟླ་བ་ལ་མངོན་པར་བྱུང་བར་བསམས་ལ། དེའི་རྗེས་ལ་དེའི་འོད་ཟེར་ལས་བྱུང་བའི་ཧཱུཾ་གི་ས་བོན་ལས་ཡང་དག་པར་བྱུང་བའི་མི་བསྐྱོད་པ་གཤིན་རྗེ་གཤེད་དང་འདྲ་བའི་ཡི་གེ་བཅུ་པའི་སྔགས་ཀྱི་ས་བསྐུལ་བ། ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་འདིས་བཏོན་ནས། སེམས་ཅན་ཐམས་ཅད་ཐ་མལ་པའི་ཞེ་སྡང་གི་རིགས་སུ་ལྟུང་བ་སྐྱོབ་ཅིང་མཆོད་པ་ཆེན་པོ་ཞེ་སྡང་ཆེན་པོའི་རང་གི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཨོཾ་ཛིན་ཀི་ཀ་ཅེས་ཀྵེའི་ས་བོན་ལ་གཏི་མུག་གཤིན་རྗེ་གཤེད་བཏོན་ལ་ཐ་མལ་པའི་གཏི་མུག་གི་རིགས་སུ་ལྟུང་བའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་གཏི་མུག་ཆེན་པོའི་རིགས་སུ་རབ་ཏུ་བཀོད་ནས། ཡང་ཕྱིར་འོངས་ནས་སྣ་ཚོགས་རྡོ་རྗེའི་ཤར་གྱི་རྩེ་མོ་ལ་ཟླ་བའི་གདན་ལ་དགོད་པར་བྱ་སྟེ། དཀར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་ལུས་ཐམས་ཅད་དཀར་པོ། གཡས་ནག་པོ་གཡོན་དམར་པོའོ། །ཕྱག་གཡས་པ་ན་འཁོར་ལོ་དང་རལ་གྲི་དང་གྲི་གུག་འཛིན་པ། གཡོན་ན་རིན་པོ་ཆེ་དང༌། པདྨ་དང་ཐོད་པ་འཛིན་པའོ། །དེ་བཞིན་དུ་ཨོཾ་རཏྣ་དྷྲྀཀ་ཅེས་མའི་ས་བོན་ལས་ཕྲ་མ་གཤིན་རྗེ་གཤེད་བཏོན་ལ། ཕྲ་མའི་རིགས་སུ་ལྟུང་བའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲ་ཆེན་པོའི་རིགས་སུ་བཀོད་ནས་ཡང་ཕྱིར་ལོག་སྟེ། ལྷོ་ཕྱོགས་སུ་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་དགོད་པར་བྱ་སྟེ། རྩ་བའི་ཞལ་དང་ལུས་ཐམས་ཅད་སེར་པོ། གཡས་དཀར་པོ་གཡོན་ནག་པོ། དེའི་ཕྱག་གཡས་པ་རྣམས་ལ་རིན་པོ་ཆེ་དང༌། རལ་གྲི་དང་གྲི་གུག་འཛིན་པ། གཡོན་པས་འཁོར་ལོ་དང་པདྨ་དང་ཐོད་པའི་སྣོད་འཛིན་པའོ། །དེ་བཞིན་དུ་ཨོཾ་ཨཱ་རོ་ལྀཀ་ཅེས་མེའི་ས་བོན་ལས་འདོད་ཆགས་གཤིན་རྗེ་གཤེད་བཏོན་ལ་འདོད་ཆགས་ཀྱི་རིགས་སུ་ལྟུང་བའི་སེམས་ཅན་ལ་བལྟས་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེན་པོའི་རིགས་སུ་རབ་ཏུ་གནས་པར་བྱས་ནས་ཡང་ཕྱིར་ལོག་སྟེ། ནུབ་ཕྱོགས་སུ་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་


DTG047_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པར་བྱ་སྟེ། འདོད་ཆགས་གཤིན་རྗེ་གཤེད་དབང་ཆེན་པོ་ཅན་པདྨ་རཱ་གའི་མདངས་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་པ། དམར་པོ་རྒྱན་དམར་པོ་ཅན། ཞལ་དང་པོ་དང་ལུས་ཐམས་ཅད་དམར་པོ། གཡས་དཀར་པོ་གཡོན་ནག་པོ། གཡས་ཀྱི་ཕྱག་ན་པདྨ་དམར་པོ་དང༌། རལ་གྲི་དང་གྲི་གུག །གཡོན་ན་འཁོར་ལོ་དང་རིན་པོ་ཆེ་དང༌། ཐོད་པའི་སྣོད་འཛིན་པའོ། །དེ་བཞིན་དུ་ཨོཾ་པྲ་ཛྙཱ་དྷྲྀཀ་ཅེས་དེའི་ས་བོན་ལས་ཕྲག་དོག་གཤིན་རྗེ་གཤེད་བཏོན་ལ། ཕྲ་དོག་ལ་ཞེན་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲག་དོག་ཆེན་པོའི་རིགས་སུ་བཀོད་ནས་ཡང་ཕྱིར་འོངས་ཏེ། བྱང་གི་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་དགོད་པར་བྱ་སྟེ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་ལུས་ཐམས་ཅད་ལྗང་གུ། མ་ར་ཀ་ཏ་དང་འདྲ་བའི་མདངས་ཅན། གཡས་དཀར་པོ་གཡོན་ནག་པོ། གཡས་ཀྱི་ཕྱག་ན་རལ་གྲི་དང༌། འཁོར་ལོ་དང་གྲི་གུག་འཛིན་པ། གཡོན་པས་ནོར་བུ་དང་པདྨ་དང་ཐོད་པ་འཛིན་པའོ། །དེ་བཞིན་དུ་ཨོཾ་མོ་ཧ་ར་ཏི་བཛྲ་ཙ་རྩི་ཀཱཾ་ཞེས་པ། ཛའི་ས་བོན་ལས་བཏོན་ལ། དེ་བཞིན་དུ་རང་གི་རིགས་སུ་གྱུར་བའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས། ཡང་ཕྱིར་ལོག་སྟེ། མེའི་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་རྩེ་མོ་གཉིས་ཀྱི་ཟླ་བ་ལ་དགོད་པར་བྱ་སྟེ། གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཅུང་ཟད་བུད་མེད་ཀྱི་ཆ་བྱད་ཀྱིས་འགྱིང་ཞིང་སྒེག་པའོ། །ཡང་དེ་བཞིན་དུ་སའི་ས་བོན་ལས་བྱུང་བའི་རྡོ་རྗེ་ཕག་མོ་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ། དྭེ་ཥ་ར་ཏི་ཞེས་བྱ་བས་ཕྱུང་ནས། དེ་བཞིན་དུ་རང་གི་རིགས་སུ་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས། ཕྱིར་ལོག་སྟེ། བདེན་བྲལ་གྱི་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་རྩེ་མོ་གཉིས་ཀྱི་ཟླ་བ་ལ་དགོད་དོ། །དེ་བཞིན་དུ་རླུང་གི་ཕྱོགས་སུ་དོའི་ས་བོན་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མ་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བ། རཱ་ག་ར་ཏི་ཞེས་བྱ་བས་ཕྱུང་ནས་དེ་བཞིན་དུ་རང་གི་རིགས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ཏེ། སྣ་ཚོགས་རྡོ་རྗེའི་རྩེ་མོ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་དགོད་དོ། །ཡང་དེ་བཞིན་དུ་རུའི་ས་བོན་ལས་བྱུང་བའི་རྡོ་རྗེ་གཽ་རཱི་མ་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བ་བཛྲ་ར་ཏི་ཞེས་བྱ་བས་བཏོན་ནས་དེ་བཞིན་དུ་རང་གི་


DTG047_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དོན་བྱོན་བྱས་ཏེ་སྣ་ཚོགས་རྡོ་རྗེའི་དབང་ལྡན་གྱི་རྩེ་མོ་གཉིས་ལ་ཟླ་བ་ལ་དགོད་དོ། །ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་ཁ་དོག་དང་ཕྱག་མཚན་འཛིན་པའོ། །ཡང་དེ་བཞིན་དུ་འདིར་ཡའི་ས་བོན་ལས་བྱུང་བའི་ཐོ་བ་གཤིན་རྗེ་གཤེད་རྡོ་རྗེ་ཐོ་བ་འཛིན་ཅིང༌། ལྷག་མ་གཤིན་རྗེ་གཤེད་དང་འདྲ་བ། ཕུང་པོའི་བདུད་དང༌། མ་དད་པ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ། ཨོཾ་མུངྒ་ར་དྷྲྀཀ་ཅེས་བྱ་བས་བཏོན་ལ། ཤར་ཕྱོགས་ན་གནས་པའི་བགེགས་རྣམས་ཡང་དག་པར་བཏུལ་ཏེ། དེ་བཞིན་དུ་རང་གི་རིགས་སུ་གཏོགས་པ་རྣམས་ཀྱི་དོན་བྱས་ནས། སླར་ལོག་སྟེ་ཤར་ཕྱོགས་ཀྱི་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མའི་གདན་ལ་དགོད་དོ། །དེ་བཞིན་དུ་འབྱུང་བ་ནི་ཙྪའི་ས་བོན་ལས་བྱུང་བའི་དཀར་པོ་དང༌། ནག་པོ་དང༌། དམར་པོ་སྟེ་ཞལ་གསུམ་པ་རྡོ་རྗེ་དབྱིག་པ་དང༌། རལ་གྲི་དང༌། གྲི་གུག་གཡས་པས་འཛིན་པ། གཡོན་པས་འཁོར་ལོ་དང་རིན་པོ་ཆེ་དང༌། པདྨའི་སྣོད་འཛིན་པ། ལེ་ལོ་དང༌། ཉོན་མོངས་པའི་བདུད་དང༌། མཐར་འཛིན་པའི་ལྟ་བ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དབྱིག་པ་གཤིན་རྗེ་གཤེད་ཨོཾ་དཎྜ་དྷྲྀཀ་ཅེས་བྱ་བས་ཕྱུང་ལ། ལྷོ་ཕྱོགས་ན་གནས་པའི་བགེགས་བཏུལ་ནས། དེ་ལས་སྤྲོས་པས་སེམས་ཅན་གྱི་དོན་བྱས་ནས། །སྣ་ཚོགས་རྡོ་རྗེའི་རྩེ་མོའི་གདན་ལ་དགོད་དོ། །ཡང་དེ་ལྟ་བུ་ནི་ཡའི་ས་བོན་ལས་བྱུང་བའི་སྐུ་མདོག །དམར་པོ་དང༌། དཀར་པོའི་དང་ནག་པོ་སྟེ། ཞལ་གསུམ་པ། ཕྱག་གཡས་པ་རྣམས་ཀྱིས་པདྨ་དམར་པོ་དང༌། རལ་གྲི་དང་གྲི་གུག་འཛིན་པ། གཡོན་པ་རྣམས་ཀྱིས་འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨའི་སྣོད་འཛིན་པ་སྟེ། བརྗེད་པ་དང་འཆི་བདག་གི་བདུད་དང་ལྟ་བ་ལོག་པ་དང༌། སྐྱེ་བའི་སྒྲིབ་པའི་གཉེན་པོ་པདྨ་གཤིན་རྗེ་གཤེད་པདྨ་དྷྲྀཀ་ཅེས་བྱ་བས་ཕྱུང་ལ། ནུབ་ཕྱོགས་ན་གནས་པའི་བགེགས་བཏུལ་ཏེ། དེ་བཞིན་དུ་འགྲོ་བ་རྣམས་ཀྱི་དོན་བྱས་ནས་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མའི་གདན་ལ་དགོད་དོ། །དེ་ནས་དེ་བཞིན་དུ་དེ་ལས་བྱུང་བའི་རའི་ས་བོན་ལས་ཡང་དག་པར་བྱུང་བའི་སྐུ་མདོག་ལྗང་གུ། ལྗང་གུ་དང༌། དཀར་པོ་དང་ནག་པོ་སྟེ་ཞལ་གསུམ་པ། རལ་གྲི་དང་


DTG047_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང་གྲི་གུག་གཡས་པ་རྣམས་ཀྱིས་འཛིན་པ། གཡོན་གྱིས་འཁོར་ལོ་དང་རིན་པོ་ཆེ་དང༌། པདྨ་དང་ཐོད་པའི་སྣོད་འཛིན་པ། རྨུགས་པ་དང་ལྷའི་བུའི་བདུད་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ལས་ཀྱི་སྒྲིབ་པ་རྣམས་ཀྱི་གཉེན་པོར་གྱུར་པ། རལ་གྲི་གཤིན་རྗེ་གཤེད་ཨོཾ་ཁཌྒ་དྷྲྀཀ་ཅེས་བྱ་བས་བཏོན་ལ། བྱང་ཕྱོགས་ན་གནས་པའི་བགེགས་རྣམས་བཏུལ་ནས། དེ་བཞིན་དུ་སེམས་ཅན་གྱི་དོན་བྱས་ཏེ་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མའི་གདན་ལ་དགོད་དོ། །ཡང་སྣམ་བུ་གཉིས་པའི་མཚམས་བཞིར་ཟླ་བ་ལ་ཕྱིར་རོལ་དང༌། གསང་བའི་མཆོད་པའི་དོན་དུ་དེ་ལས་བྱུང་བའི་དང་ཡོ་དང་ནི་ར་བཞིའི་ས་བོན་ལས་ཡང་དག་པར་བྱུང་བ་རྣམས་ཀྱིས་བདུད་རྩི་ལྔས་ཡོངས་སུ་བཀང་བའི་མིའི་ཐོད་པ་སྟེ། ཤིན་ཏུ་རྣལ་འབྱོར་རོ། །