རྣལ་འབྱོར་ཆེན་པོ།


DTG047_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ། སྙིང་གའི་སྔགས་ལས་སྤྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ། མདུན་དུ་བཞུགས་སུ་གསོལ་ཏེ། གང་དེ་དང་ལྷན་ཅིག་འོངས་པའི་བགེགས་རྣམས་ནི། སྒོ་སྐྱོང་བ་རྣམས་ཀྱིས་བསྐྲད་དེ་དེ་རྣམས་ཉིད་ནི་སྔགས་བཟླས་པས་སྲུང་བ་བྱས་ལ། ལམ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་ནི་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་འདིས་བརྗོད་ལ་སྒོ་སྐྱོང་བ་དགུག་པ་དང་གཞུག་པ་དང་བཅིང་བ་དང༌། མཉེས་པ་ལ་སོགས་པ་བྱའོ། །དེ་ནས་རོ་མཉམ་པའི་མཆོད་པས་ཡང་དག་པར་མཆོད་དེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རབ་ཏུ་བསྒྲུབས་ལ། དེ་བཞིན་དུ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པ་རོ་མཉམ་པར་གྱུར་པས། རང་གི་བདག་པོ་དང༌། དཀྱིལ་འཁོར་ཐམས་ཅད་ལ་ཡེ་ཤེས་སེམས་དཔའ་དང༌། རྡོ་རྗེ་གསུམ་རྣམས་གསལ་པོར་བལྟའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་མི་བསྐྱོད་པ། དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས་པའི་ཐུགས་ཀའི་སྔགས་ལས་བྱུང་བའི་ལྷའི་ཚོགས་ཀྱིས་ལོ་མའི་ཁ་རྒྱན་དང་བཅས་པའི་བུམ་པའི་ཁ་ནས་འབབ་པའི་བྱང་ཆུབ་སེམས་ཀྱི་ཁུ་བས་རང་གི་དཀྱིལ་འཁོར་པ་རྣམས་མངོན་པར་དབང་བསྐུར་བའི་དབུ་ལ་གཤིན་རྗེ་གཤེད་བལྟ་བར་བྱའོ། །དེ་ཡང་གཙོ་བོའི་དབུ་རྒྱན་


DTG047_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་བསྐྱོད་པའོ། །དེའི་རྗེས་ལ་སྙིང་གའི་སྔགས་ལས་ངེས་པར་བྱུང་བའི་གཟུགས་དང་སྒྲ་ལ་སོགས་པ་རྣམ་པ་སྣ་ཚོགས་ཤིང་ཐ་དད་པས། ནམ་མཁའ་ཁྱབ་པར་མཚོན་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཅུག་ལ་ནོར་བུའི་ནང་གི་ལམ་དུ་ཁུ་བར་གྱུར་པ་དེ་བལྟས་ལ། དེ་ནས་འདི་ལྟར་དཔེ་མེད་པའི་འདོད་པའི་ཡོན་ཏན་གྱིས། ནམ་མཁའི་དཀྱིལ་ཁྱབ་པས་ཁྱད་པར་དུ་ལྷག་པ་དང༌། རྡོ་རྗེ་ཙ་རྩི་ཀཱ་ལ་སོགས་པ་བཞིས་གླུ་དང་བཅས་པས་མཆོད་པ་བྱེད་པ་སྟེ། ཡང་དེའི་གླུ་ནི། ཨ། ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་པོ། །སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད། །བདག་གིས་མཐོང་ན་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་འདི་མཐོང་མཛོད། །མི་དང་ས་འོག་རྒྱ་མཚོར་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད། །ཨཉྫ་ནག་པོ་བཅག་འདྲ་ཡིས། །ཁྲོ་བོས་རོ་ལངས་བཞིན་གར་མཛོད། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང༌། །མདངས་ནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོའི་གར་མཛོད་ཅེས། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཧྲཱིཿ་ཥྚྲྀཿའི་སྔགས་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེ་ཁྲོས་ནས་གར་བྱེད་པ། །འགྲོ་བས་མཐོང་ན་ངོ་མཚོར་འགྱུར། །དེའི་རྗེས་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །དེའི་རྗེས་ལ་བསྟོད་པ་བྱ་སྟེ། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །འདོད་ཆགས་པདྨའི་འབྱུང་གནས་བརྙེས། །ཉེས་པ་ཀུན་མཆོག་གཙོ་བོའི་གཙོ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ངོ་བོའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེའི་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །དེ་ནས་གཡོ་


DTG047_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བ་དན་གཉིས་མཐའ་གཉིས་ནས་ཕྱར་བ་ཡཾ་ལས་བྱུང་བ་གཞུའི་རྣམ་པ་ལྟ་བུའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་པའི་མེའི་དཀྱིལ་འཁོར་མངོན་པར་བལྟས་ནས། དེའི་སྟེང་དུ་ཀཾ་ཡོངས་སུ་གྱུར་པ་ལས་མིའི་མགོ་བོ་གསུམ། དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད། དེའི་སྟེང་དུ་སླ་བའི་རྫས་ལྔ། ཨོཾ་ཧཱུཾ་སྭ་ཨཱ་ཧཱ་ཞེས་བྱ་བས་བྱིན་གྱིས་བརླབས་པས་ཁུ་བ་ལྔ་དང་བཅས་པ་བསྒོམས་ལ། འབར་བས་བསྐོལ་བར་བྱའོ། །དེ་ནས་རོ་མཉམ་པར་གྱུར་པ་དེའི་སྟེང་དུ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཕར་བལྟའོ། །དེ་ནས་དེའི་འོད་ཀྱིས་ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དེ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་ནས། དེ་ནས་ཨོཾ་དེའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ།། དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རྣམ་པར་བཀོད་དེ། ཨ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ། དེའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྤྲོས་པས། །རྡོ་རྗེའི་རང་བཞིན་གྱི་ལྕེས་མྱང་བས། བདག་ཉིད་འཁོར་ལོ་དང་བཅས་པའི་དངོས་པོ་ཐམས་ཅད་ཚིམ་པར་བྱའོ། །འདི་ལྟར་བྱ་བ་ནི་རྣལ་འབྱོར་ཆེན་པོའོ། །