རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ།
མར་མེ་མཛད།


DTG047_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ཡོ་གི་ནི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་མདོག་རང་བཞིན་རྣམ་དག་བདེ་བ་ལ་སྤྱོད་ཅན། །རྣམ་པར་རྟོག་པ་བྲལ་བས་ཕག་མོའི་ཞལ་མངའ་བ། །བཏུད་དེ་རྡོ་རྗེ་མཁའ་འགྲོ་མ་ནི་རབ་བསྒྲུབ་ཕྱིར། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་རྙེད་བཤད་པར་བྱ། །སྔགས་པ་ཤེས་རབ་སྙིང་རྗེར་ལྡན། །ས་བོན་ལས་ནི་རྐྱེན་གྱིས་བསྐྱེད། །མྱུ་གུ་རང་གི་ལྷར་ལྡན་པས། །ཚོགས་བསགས་འབྲས་བུ་རྫོགས་པའི་ཕྱིར། །དཀྱིལ་འཁོར་ཆང་གིས་བྱུགས་ནས་ཀྱང༌། །རང་བྱུང་མེ་ཏོག་ཐིག་ལེ་དགོད། །བསྐུས་པའི་མེ་ཏོག་སྔོན་པོ་དགྲམ། །ཕྱག་སོགས་བདག་གིས་ཅི་ནུས་བྱ། །དང་པོ་བྱམས་པ་བསྒོམ་བྱ་སྟེ། །གཉིས་པ་སྙིང་རྗེའི་རྣམ་པ་བསྒོམ། །གསུམ་པ་དགའ་བ་བསྒོམ་བྱ་སྟེ། །གསུམ་གྱི་ཐ་མ་བཏང་སྙོམས་སོ། །ཆོས་ཀུན་སྟོང་པ་ཉིད་དག་ཏུ། །ཤེས་པའི་རྣལ་འབྱོར་རིག་པའི་རྒྱུན། །ཡི་གེ་མ་རུ་གནས་པ་དག ། ཉི་མའི་དཀྱིལ་འཁོར་སྟེང་ཉིད་དུ། །ཐུགས་ཀྱི་ཡི་གེ་བསྲུང་བ་བསམ། །པདྨའི་འོད་ཟེར་བསིལ་བའི་སྟེང༌། །ས་ལ་རྡོ་རྗེ་སྔོན་པོ་སྟེ། །སྤྲོ་བསྡུས་ང་


DTG047_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དྲན་པར་བྱ། །ཨོཾ་དྭེ་ཥ་ར་ཏི་བཛྲ་ཨཱཏྨ་ཀོ྅ཧཾ། གྱུར་པས་རྡོ་རྗེ་ཕག་མོ་སྟེ། །ཨིནྡྲ་ནཱི་ལམཱི་མདོག་འདྲ་བ། །རྩ་བ་ཕག་གདོང་རབ་སྔོ་ཞིང༌། །དེ་ལས་གཞན་པ་དཀར་དང་དམར། །གྲི་གུག་ཐོད་པ་རྩ་བའི་ཕྱག །རྡོ་རྗེ་རལ་གྲི་འཁོར་ལོ་པད། །རིམ་བཞིན་བཀོད་པའི་སྐུ་མཆོག་ནི། །གཡོན་བསྐུམ་གཡས་པ་བརྐྱང་བས་གནས། །དབུ་དང་སྐུ་ནི་དུར་ཁྲོད་དང༌། །ཀླུ་ཡིས་མཛེས་ཤིང་ཕྲེང་བ་ལྡན། །མེ་དཔུང་ནང་ན་གཟི་བརྗིད་ཆེ། །བསྐྱེད་པ་གསུམ་ལ་རྡོ་རྗེ་ཆེ། །དྲུག་ལ་བྱང་ཆུབ་སེམས་དཔའ་དྲུག །རིག་པའི་དབང་བསྐུར་གཤིན་རྗེ་གཤེད། །ཡེ་ཤེས་ཕག་མོས་བྱིན་གྱིས་བརླབ། །མཆོད་པའི་རྣམ་འཕྲུལ་སྙིང་ལས་སྤྲུལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེ་སྡང་བདག་པོ་ཐུགས་དབྱེར་མེད། །མི་ཕྱེད་རྣམ་རྟོག་རབ་གཅོད་པ། །རྡོ་རྗེ་ཕག་མོ་ཁྱོད་ཕྱག་འཚལ། །འཕྲོས་པས་སྙིང་གའི་ས་བོན་ཏེ། །སྦྱངས་པ་རང་ཡིད་དང་བའི་ལྷར། །བྱས་ནས་བསྡུ་བ་དག་ཀྱང་བྱ།། གལ་ཏེ་སྐྱོ་ན་གསང་སྔགས་བཟླས། །ཡེ་ཤེས་སེམས་དཔའི་དཀྱིལ་ཉི་སྟེ། །རྡོ་རྗེ་སྔགས་ནི་འབར་བར་བསམ། །ཨོཾ་དྭེ་ཥ་ར་ཏི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྟོང་དང་ཁྲི་དང་བྱེ་བར་བཟླས། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །རབ་ཏུ་ཞི་བའི་བྱང་ཆུབ་སེམས། །ཡི་གེ་ཁ་དོག་དབྱིབས་ཀྱང་མེད། །རྣམ་པར་རྟོག་པ་ཀུན་སྤངས་པའི། །སྐྱེ་འཇིག་མེད་པ་བསྒོམ་པར་བྱ། །དེ་ལ་རྟེན་ཅིང་འབྲེལ་འབྱུང་སྟེ། །ཕྱག་རྒྱ་བཀྲོལ་ལ་སྤྱོད་ལམ་བྱ། །ཨོཾ་ཨཱཿ་ཧཱུཾ་མུཿ། །བདག་གིས་རྗེ་བཙུན་ཕ་ལ་རྒྱུ་རྙེད་པ། །རྟོག་བྲལ་ཆོས་སྐུ་གཟུགས་སྐུ་སྣང་སྒྲུབ་ཐབས། །ཕག་མོ་རྣལ་འབྱོར་མ་ཡི་སྒྲུབ་ཐབས་བྱས། །འདི་ཡིས་དགེ་ཐོབ་ཐམས་ཅད་གྲོལ་གྱུར་ཤོག །རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་མའི་སྒྲུབ་ཐབས་སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།།