ལས་ཀྱི་རྡོ་རྗེ་གཽ་རཱིའི་སྒྲུབ་ཐབས་ཞེས་བྱ་བ།


DTG047_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་བཛྲ་ཎི་གཽ་རཱི་སཱ་དྷ་ནཾ་ནཱ་མ། བོས་སྐད་དུ། ལས་ཀྱི་རྡོ་རྗེ་གཽ་རཱིའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཏང་སྙོམས་རྣམ་པར་དག་པ་ཕྱག་རྒྱ་ཆེ། །ཡེ་ཤེས་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ། །བརྩོན་འགྲུས་ཐོགས་པ་མེད་པས་སེམས་ཅན་དོན། །འགྲུབ་ཕྱིར་གཽ་རཱིའི་སྒྲུབ་ཐབས་བཤད་པར་བྱ། །ཁྲུས་དང་རྒྱན་དང་གོས་དང་བྱུག་པ་རྣམས། །ཕྱི་ནང་རྣམ་པར་དག་པ་ཤེས་པར་བྱ། །རང་གི་རྣལ་འབྱོར་དམ་པ་མཆོད་ནས་ཀྱང༌། །བདེ་བའི་འཁོར་ལོ་བདག་ལ་གཞུག་པར་བྱ། །ཚད་མེད་བཞི་ལ་རྣལ་འབྱོར་སེམས་གནས་ནས། །ཆོས་ཀུན་སྙིང་པོ་འོད་ཉིད་གསལ་བར་བསྒོམ། །བདག་རྒྱུད་སྐུ་གསུང་ཐུགས་ཀྱི་ཡི་གེ་ནི། །རོ་གཅིག་ཐིག་ལེའི་ངོ་བོ་གྱུར་བ་ལས། །ཆད་པ་ཉི་མའི་སྟེང་གི་རྡོ་རྗེ་ཉིད། །འཕྲོས་པས་སྲུང་བའི་འཁོར་ལོ་གསལ་བར་བྱ། །པདྨ་ཟླ་བའི་སྟེང་དུ་རུ་དག་ལས། །གྱུར་པས་ཨུཏྤལ་རལ་གྲི་ལྗང་མདོག་གི །དཀྱིལ་ནས་འཕྲོས་ཤིང་འདུས་ནས་ང་རྒྱལ་བྱ། །ཨོཾ་བཛྲ་གཽ་རི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གྱུར་པའི་སྐུ་ནི་མ་རྒད་ལྗང་མདོག་སྟེ། །གཡས་དང་གཡོན་པའི་ཞལ་ནི་དཀར་དང་དམར། །གྲི་གུག་རལ་གྲི་འཁོར་ལོ་ཐོད་པ་དང༌། །རིན་ཆེན་ཆུ་སྐྱེས་རྣམས་ཀྱིས་མཛེས་པའི་ཕྱག །དབུ་སྐྲ་གྱེན་འགྲེང་ཐོད་པ་ལྔས་བརྒྱན་ཅིང༌། །ཚངས་པ་བརྒྱ་བྱིན་མགོ་བོ་ལྔ་བཅུས་དབྱངས། །ཀླུ་དང་མརྒད་རུས་པའི་རྒྱན་འཇིགས་པས། །སྟག་ལྤགས་བསྣམས་པའི་ཞབས་ནི་གཡས་བརྐྱང་སྟེ། །གཟི་བརྗིད་མེ་ཡི་དཀྱིལ་ན་ཆེར་འབར་བའི། །སྐུ་གསུང་ཐུགས་དང་སྤྱན་སོགས་བྱིན་བརླབས་ལ། །ཡི་གེ་མཚན་མ་སྐུ་ནི་གང་འདོད་བརྩམ། །སྙིང་གའི་ས་བོན་འཕྲོས་པས་འཁོར་ལོ་བཟང༌། །གསོལ་བཏབ་རིག་པའི་སྐྱེས་བུ་མི་བསྐྱོད་པ། །རྗེས་སུ་མཐུན་པའི་ལྷ་ནི་སྤྱན་དྲངས་ནས། །མཆོད་བསྟོད་མཉེས་པར་བྱས་ནས་རང་ལ་ཐིམ། །མཆོད་པའི་རྣམ་གྲངས་ནམ་མཁའ་རྒྱས་གང་བ། །བྷ་གའི་རྣམ་འཕྲུལ་དག་གིས་ཅི་བདེར་མཆོད། །སྔགས་པ་རྡོ་རྗེ་དྲིལ་བུར་ལྡན་པ་ཡིས། །སྙན་


DTG047_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གླུ་དང་ལྡན་པས་མཆོད་པར་བྱ། །རྡོ་རྗེ་ལས་ནི་ཀུན་གྲོལ་བ། །ཕྲག་དོག་རྡོ་རྗེ་དབྱེར་མེད་སྐུ། །ཐམས་ཅད་རྡོ་རྗེ་བཏང་སྙོམས་འདི། །རྡོ་རྗེ་ལས་མ་ཕྱག་འཚལ་བསྟོད། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་རྫས། །རྒྱལ་བ་ཐམས་ཅད་མཆོད་ཐམས་ཅད་མཆོད་བྱ། །སེམས་ཅན་ཐམས་ཅད་རྡོ་རྗེའི་སྐུར་བྱས་ནས། །སྔགས་ཀྱི་འཁོར་ལོ་ཇི་ལྟར་འདོད་པས་བཟླས། །ཨོཾ་བཛྲ་ར་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྒྱལ་མཚན་ཅན་གྱི་ཁམས་སུ་འོ་མ་སྒྲུབ། །ཐབས་ཀྱི་གཟུགས་ལས་རྟག་ཏུ་དང་འགྱུར་པས། །རྟག་པའི་རྒྱལ་པོ་གཤིན་རྗེ་གཤེད་ནག་ལས། །མཐོང་བའི་སྒྲུབ་ཐབས་བདག་གིས་འདི་བྱས་པས། །འགྲོ་ཀུན་སྤྲོས་བྲལ་ཞི་བ་ལ་གནས་ཏེ། །སངས་རྒྱས་ཡེ་ཤེས་མངོན་དུ་རྟོགས་པར་ཤོག །རྡོ་རྗེ་གཽ་རཱིའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།།