རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ།


DTG047_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཎྜ་ཁཌྒ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོང་པ་ཞི་བ་ལས་ནི་རྡོ་རྗེའི་སྐུ། །བདུད་མཐར་མཛད་པ་རབ་ཏུ་གཏུམ་པའི་ཞལ། །སེམས་ཅན་རྗེས་འཛིན་ཐུགས་རྗེ་ཆེན་པོར་ལྡན། །རལ་གྲི་ཆེ་ལ་བཏུད་དེ་བཤད་པར་བྱ། །སྐད་ཅིག་དྲན་པའི་ལྷར་བསྐྱེད་ནས། །དམ་པ་དམིགས་ལ་ཚོགས་བསག་བྱ། །ཚངས་པའི་གནས་བཞི་སྔོན་འགྲོ་བས། །སྟོང་པ་དང་ནི་འཁོར་ལོ་བསྒོམ། །པདྨ་འོད་ཟེར་རྣོན་པོ་སྟེ། །རཾ་ལས་ཤུགས་ཅན་གྱུར་པའི་སྐུ། །མརྒད་ལྗང་གུའི་མདོག་འདྲ་བ། །སྔོ་དང་དཀར་པོ་གཡས་གཡོན་ཞལ།།


DTG047_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་རལ་གྲི་འཁོར་ལོ་དང༌། །ཐོད་པ་རིན་ཆེན་ཆུ་སྐྱེས་འཛིན། །དཔའ་བོའི་རྒྱན་དང་ཀླུ་ཡིས་སྤྲས། །དབུ་སྐྲ་གྱེན་འགྲེང་མེ་དཔུང་དཀྱིལ། །སྟག་ལྤགས་མན་བས་ཤིང་གཡོན་བརྐྱང་བ། །བསྐྱེད་པའི་སྐུ་ལ་འདི་ལྟ་སྟེ། །སྙིང་གར་ཧཱུཾ་ལས་རྡོ་རྗེ་ཐུགས། །མགྲིན་པར་ཨཱཿ་ལས་རྡོ་རྗེ་གསུང། །སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ། །མཐིང་དམར་དཀར་ཞིང་མཚོན་ཆར་ལྡན། །ས་སྙིང་དཀར་པོ་མིག་ལ་ཀྵིཾ། །རྡོ་རྗེ་འཛིན་སྔོན་རྣ་བར་ཛིཾ། །ནམ་སྙིང་སེར་པོ་སྣ་ལ་ཁཾ། །འཇིག་དབང་དམར་པོ་ལྕེ་ལ་གཾ། །སྒྲིབ་སེལ་ལྗང་གུ་དཔྲལ་བར་ཀཾ། །ཀུན་བཟང་དཀར་པོ་ལྷེན་སྣར་སཾ། །སྤྱན་དྲངས་མཆོད་བསྟོད་བྱིན་རླབས་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་སེམས་མ་ལ་སོགས་ཀྱིས། །དབང་བསྐུར་སྤྱི་བོ་གཤིན་རྗེ་གཤེད། །སྒོ་བཞིའི་སྔགས་ཀྱིས་འདོད་ལྷ་བསྐུལ། །རང་གི་ལུས་ལ་གཞུག་པར་བྱ། །མུངྒ་རཱ་ཛཿ། དཎྜ་ཧཱུ། པདྨ་པཾ། ཁཌྒ་ཧོཿ། སྙིང་གར་ཡེ་ཤེས་ཞུ་བའི་རྒྱུན། །པ་སྤུའི་ཁུང་ནས་སྤྲུལ་པས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ་རྡོ་རྗེ་ལས་ནི་བརྩོན་འགྲུས་ཆེ། །སངས་རྒྱས་རྡོ་རྗེ་བརྟུལ་ཞུགས་འཛིན། །ལས་མཐར་མཛད་པའི་ཐུབ་པ་པོ། །རྡོ་རྗེ་བརྩོན་འགྲུས་ཁྱོད་ཕྱག་འཚལ། །བདུད་རྩི་མྱང་བ་བྱས་ནས་ཀྱང༌། །སྤྲོ་བསྡུ་ལྡན་པས་བཟླས་པར་བྱ། །ཨོཾ་བཛྲ་ཁཌྒྀ་དྷྲ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འབྱུང་བ་རིམ་གྱིས་ཐིམ་པ་ལ། །ཡི་གེ་གསུམ་དུ་སྦྱངས་ནས་ཀྱང༌། །བདེ་དང་སྡུག་བསྔལ་མི་དམིགས་པའི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྒོམ། །བདག་གིས་རྙེད་དང་བཀུར་སྟི་ལ། །མ་བལྟས་སེམས་ཅན་ལ་བརྩེའི་ཕྱིར། །རལ་གྲི་རྡོ་རྗེའི་སྒྲུབ་ཐབས་བྱས། །འདི་ཡིས་དེས་འབྱུང་རྙེད་གྱུར་ཅིག །རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།།