རྣལ་འབྱོར།


DTG047_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཀྲྀཥྞ་ཡ་མཱ་རི་ཡ་བྷི་ས་མ་ཡ་ཀྲ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་མངོན་པར་རྟོགས་པའི་རིམ་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གུས་པས་བླ་མ་དང་ནི་གཤིན་རྗེ་གཤེད་ནག་རྡོ་རྗེ་ནི། །ཉིད་མཚུངས་དང་འདུས་བདེ་བས་ཡོངས་གང་གཞན་གྱི་དོན་འཇུག་པ། །རྡོ་རྗེ་རལ་གྲི་འཁོར་ལོ་ཆུ་སྐྱེས་གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཞལ་གསུམ་པ་ལ་འཇིགས་པ་སེལ་མཛད་དེ་ལ་ཕྱག་འཚལ་ལོ། །དུས་དགྲ་ནག་པོ་སྒྲུབ་པ་ཉིད། །གང་ཞིག་འདོད་ནས་དེ་ཉིད་རིག །དབང་བསྐུར་ལ་སོགས་ཐོབ་པ་དག །དེ་ཡི་བསྒོམ་པའི་རིམ་པ་འདི། །བྱིས་པས་བདེ་བར་རྟོགས་ཕྱིར་དང༌། །མཚུངས་པ་རྣམས་ཀྱིས་དྲན་ཕྱིར་དང༌། །གོང་མ་བྱིས་པའི་ཚིག་དག་ལ། །མགུ་བ་བསྐྱེད་ཕྱིར་བྲི་བར་བྱ། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་ལྡན། །སེམས་ཅན་དོན་དགའ་བློ་དང་ལྡན། །བྱམས་ལ་སོགས་ཡོན་ཏན་རྫོགས།། དད་དང་ཐོས་པས་རྣམ་བརྒྱན་པས། །དང་པོར་གདོང་ལ་སོགས་བཀྲུ་བ། །སྙིང་རྗེའི་བདག་ཉིད་སྔོན་དུ་བྱ། །དབེན་པའི་གནས་སུ་བརྩམ་བྱ་སྟེ། དུར་ཁྲོད་ལ་སོགས་བདེ་གནས་ལ། །འདུག་ནས་སྙིང་གར་པདྨ་དང༌། །ཤིན་ཏུ་འོད་གསལ་ཟླ་བ་བལྟ། །ཡ་ཡིག་སྔོན་པོ་འོད་མཛེས་པ། །སེམས་ཅན་འབྱོར་པའི་དོན་བྱེད་བལྟ། །ནམ་མཁའི་ཁམས་ནི་ཀུན་གང་བའི། །བླ་མ་དང་ནི་རྫོགས་སངས་བསྒོམ། །ལུས་ཀྱི་བཀོད་པ་བྱས་ནས་ནི། །དེ་རྣམས་དམིགས་ནས་ཕྱག་ཀྱང་བྱ། །ཙཱརྩི་ཀཱ་སོགས་ཀྱིས་མཆོད་པ། །བྱས་ལ་སྡིག་པ་བཤགས་པའང་བྱ། །ལུས་དང་ངག་དང་ཡིད་ཀྱིས་སྡིག་བགྱིས་དང་བགྱིད་དུ་སྩལ་བ་དང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་ནི་མགོན་ལ་དུས་གསུམ་བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་པ་རྣམས་ཀྱིས་བསགས་པ་ཡི། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། །དམ་པའི་ཆོས་དང་ཚོགས་མཆོག་བཅས། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གིས་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་མཛད་པའི། །སྒྲ་ཡིས་མཛེས་པས་ཁྱེད་བཞུགས་གསོལ། །ཡང་དག་རྫོགས་སངས་སྲས་བཅས་པའི། །སྦྱིན་པ་ལ་སོགས་ངོ་བོ་ལ། །སྐུ་གསུམ་ཡེ་ཤེས་


DTG047_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱའི་ཕྱིར། །རབ་ཏུ་དགའ་བས་གནས་པར་བགྱི། །སེམས་ཅན་དོན་ཕྱིར་ཡང་དག་རྫོགས། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །དགེ་བ་ཡང་དག་གང་བསགས་པ། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཔལ་ལྡན་གཤིན་རྗེ་གཤེད་གྱུར་ནས། །བདག་གིས་འགྲོ་ལ་ཕན་བགྱིའོ་ཞེས། །སྨོན་ལམ་དེ་ལྟར་བཏབ་ནས་ནི། །དེ་ནས་བློ་ཡིས་གཤེགས་སུ་གསོལ། །སྙིང་རྗེས་ཆོ་ག་བཞིན་བལྟས་ནས། །སྣ་ཚོགས་སྟོང་པར་རྣམ་པར་བསམ། །ངོ་བོ་ཉིད་དང་བྲལ་བའི་ཕྱིར། །རྒྱུ་ཉིད་ཀྱི་ནི་མཚན་མ་མེད། །རྣམ་པར་རྟོག་པ་སྤངས་པའི་ཕྱིར། །སྨོན་པ་ཉིད་ཀྱང་རྣམ་པར་སྤངས། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སེམས་ཅན་དེ་བརྟན་པར་བྱས་ནས་ནི། །རཾ་ལས་བྱུང་བའི་ཉི་མ་ལ། །ཧཱུཾ་ལས་བྱུང་བའི་མདོག་སྔོན་པོ། །འོད་ཟེར་འཕྲོ་བས་ཀུན་བསྐོར་བའི། །རྡོ་རྗེ་ཀུན་ནས་རྩེ་ལྔ་པ། །བསྲུང་བའི་དོན་དུ་བསྒོམ་པར་བྱ། །རྡོ་རྗེས་ཡི་དཀྱིལ་འཁོར་དང༌། །རབ་གུར་ཡང་དེ་བཞིན་ནོ། །སངས་རྒྱས་ཞིང་ནི་རྣམ་སྦྱང་ཕྱིར། །ཡང་དག་བསྒོམ་པ་ཡང་བརྩམ་བྱ། །དེ་ལ་སྣ་ཚོགས་པད་ཟླ་བར། །རྡོ་རྗེ་བཟང་པོའི་ལུས་བྱུང་བའི། །ཆོས་འབྱུང་དཀར་པོ་གྲུ་གསུམ་པའོ། །ནང་དུ་སྣ་ཚོགས་པད་རྡོ་རྗེ། །གྱེན་འགྲེང་མཁའ་མཉམ་བསྒོམ་པར་བྱ། །དེ་ནང་དུ་ནི་དཀྱིལ་འཁོར་ཡང༌། །བྷྲཱུཾ་ཡིག་འཁོར་ལོ་ལས་བྱུང་བའི། །རྟག་པའི་ཡན་ལག་ལས་བྱུང་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བརྒྱན། །དོ་ཤལ་སེ་མོ་དོ་ཡིས་མཛེས། །བ་དན་རྩེ་མོ་སྣ་ཚོགས་ལ། །རླུང་གིས་བསྐྱོད་པའི་དྲིལ་བུར་ལྡན། །སྣ་ཚོགས་རྡོ་རྗེ་རྣམ་པར་མནན། །ཟླ་བ་ཉི་མ་རྒྱལ་བའི་གདན། །ཤར་གྱི་ཕྱོགས་ནི་དཀར་པོ་ཆེ། །ལྷོ་ཕྱོགས་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པེ་སྟེ། །བྱང་ཕྱོགས་མ་རྒད་ལྟ་བུའོ། །དབང་ལྡན་སྔོན་པོའི་མདོག་འདྲ་བ། །དབུས་ཀྱི་ཆ་ནི་བསྒོམ་པར་བྱ། །འདི་བཞིན་སྣ་ཚོགས་རྡོ་རྗེ་དང༌། །རྩིག་ངོས་སྟེང་གཡོགས་ཀྱང་བསྒོམ་བྱ། །རྣམ་པ་ལྔ་ནི་རྣམ་བསྒོམ་ལ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །དཔལ་ལྡན་རྡོ་རྗེ་འཆང་ཉིད་དེ། །རྣམ་པ་ལྔ་ཡིན་གཤིན་རྗེ་རྣམས། །འཇིགས་བྱེད་སངས་རྒྱས་གཟུགས་ཞེས་གྲགས། །དེ་ཡི་དབྱེ་བ་བཤད་པར་བྱ། །སྣ་ཚོགས་གདན་


DTG047_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྟེ་བ་ལ། །པདྨ་ཟླ་བ་དབྱངས་ཡི་གཟུང༌། །དེ་ནས་ཟླ་བ་ཀ་སོགས་པ། །ཌ་ཌྷ་ད་དྷ་ཡ་ལ་ཡང༌། །བསྣན་པ་གཉིས་འགྱུར་ལས་བྱུང་བ། ཟླ་བ་དམར་པོ་བསྒོམ་པར་བྱ། །འདི་དག་ཡོངས་སུ་རྫོགས་པ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་བརྗོད། །དེ་དག་གཅིག་གྱུར་མཉམ་པ་ཉིད། །དེར་སྐྱེས་ཧཱུཾ་ནི་སོ་སོར་རྟོག །བྱ་བ་ནན་ཏན་ལྡན་ཡེ་ཤེས། །དེ་ལས་སྐྱེས་པའི་རྡོ་རྗེའོ། །ཉི་མའི་མདངས་ལྡན་ནོར་བུ་འདྲ། །ས་བོན་དང་བཅས་འོད་ཟེར་འཁྲུག །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །དེ་ལས་སྐྱ་རེངས་དང་པོའི་མདོག་ཅན་ཐུབ་པའི་ཚོགས་ཀྱིས་མཛེས་པ་ཉིད་མཚུངས་ཀྱིས་འཁྱུད་སྐུ། །སྒེག་དང་ཁྲོ་བོའི་གཟུགས་ཅན་བདེ་མཆོག་གི་རང་བཞིན་དཀར་དང་སྔོ་དང་དམར་བའི་ཞལ། །གཡོན་བརྐྱང་བ་ཡིས་གནས་པ་འབར་བའི་རལ་གྲི་རྡོ་རྗེ་གྲི་གུག་སོར་མཛད་ཅིང༌། །འཁོར་ལོ་ཆུ་སྐྱེས་སྣོད་ནི་འོད་ཟེར་འཕྲོ་བ་གཡས་དང་གཡོན་པའི་ཕྱག་ན་བསྣམས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ནི། །རྡོ་རྗེ་འཆང་གི་བདག་ཉིད་གང༌། །རྣམ་པ་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན། །འདི་ནི་རྣལ་འབྱོར་རོ། །