ཤིན་ཏུ་རྣལ་འབྱོར།


DTG047_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྙིང་ས་བོན་འོད་ཀྱིས་བཀུག །ཡང་དག་རྫོགས་སངས་མཁའ་ཁྱབ་པ། །ཀུན་དུ་ཁ་ནས་གཞུག་པར་བྱ། །བདེ་བ་མྱོང་བས་སྙིང་གར་བཞུ། །བྱས་ནས་བློ་ལྡན་ཁུ་བ་དེ། །རྡོ་རྗེའི་ལམ་ནས་སྤྲོ་བར་བྱ། །ཉིད་མཚུངས་པདྨའི་ནང་དུ་གནས། །ས་བོན་ངོ་བོ་ལྡན་བྱས་ཏེ། །ས་བོན་ལས་བྱུང་འཁོར་ལོ་མཆོག །ས་བོན་ཀུན་གྱི་བྱིན་རླབས་ལ། །མེ་སྟག་ཚོགས་ཀྱིས་གསལ་གྱུར་པ། །བློ་ལྡན་ཆོ་ག་བཞིན་དུ་བསྒོམ། །དཀྱིལ་དུ་ཡཾ་སྔོན་ལས་བྱུང་བ། །བསྟན་པའི་མཚན་ལྡན་འཁོར་ལོ་ཅན། །ཤར་དུ་ཀྵེ་དང་འཁོར་ལོས་བྱུང༌། །རྟག་པ་ཕྲག་དྲུག་དཀར་པོའོ། །གནས་ན་འཁོར་ལོ་རལ་གྲི་ཕྱག །གཡོན་ན་རིན་ཆེན་ཆུ་སྐྱེས་འཛིན། །ལྷ་རུ་མ་དང་རིན་ཆེན་ལས། །བྱུང་བ་རིན་ཆེན་འབྱུང་ལྡན་ཏེ། །བཙོ་མ་གསེར་གྱི་མདོག་འདྲ་བ། །གཡས་ན་རིན་ཆེན་རལ་གྲི་བསྣམས། །ཕྱག་གཡོན་འཁོར་ལོ་ཆུ་སྐྱེས་སོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ཅན། །མེ་དང་པདྨ་ལས་བྱུང་བ། །པདྨ་རཱ་ག་འདྲ་བའི་མདོག །པདྨ་རལ་གྲི་རིན་ཆེན་དང༌། །འཁོར་ལོ་གཡས་གཡོན་ཕྱག་ན་དགོད། །ད་དང་རལ་གྲི་ལས་བྱུང་བ། །ལྗང་གུ་ཕྲག་དོག་གཤིན་རྗེ་གཤེད། །གཡས་ན་རལ་གྲི་འཁོར་ལོ་བསྣམས། །མཛེས་པ་ནོར་བུ་པདྨ་གཡོན། །ཁྲོ་བོའི་གཟུགས་ཅན་ཐམས་ཅད་ཀྱང༌། །ཞེ་སྡང་གཤིན་རྗེ་མཚན་ཉིད་འདྲ། །དེ་དག་རྩ་བའི་ཕྱག་གཉིས་པ། །གྲི་གུག་དང་ནི་ཐོད་པ་བསམ། །རང་གི་ཤེས་རབ་ལུས་དག་དང༌། །བདེ་བའི་ངོ་བོར་གཉིས་མེད་གྱུར། །ཉི་མའི་དཀྱིལ་འཁོར་མཉམ་པར་གནོན། །རྟག་པ་ཟླ་བའི་དཀྱིལ་འཁོར་ལ། །རྡོ་རྗེ་རྩིབས་ཀྱི་རྩར་གནས་པ། །སེམས་ཅན་དོན་མཛད་བསྒོམ་པར་བྱ། །ཤར་སྒོར་ཡ་དང་ཐོ་བ་ལས། །བྱུང་བ་སྔོན་པོའི་གཟུགས་ཅན་ཏེ། གཡས་ན་ཐོ་བ་རལ་གྲི་འཛིན། །ནོར་བུ་མཆོག་དང་པདྨ་གཡོན། །ཐོ་བ་ཞེ་སྡང་གཤིན་གཤེད་འདྲ། །རྩི་དང་དབྱུག་པ་ལས་བྱུང་ལྷོར། །དབྱུག་པ་གཤིན་གཤེད་མདོག་དཀར་པོའོ། །དབྱུག་པར་རལ་གྲི་པད་འཁོར་ལོ། །ནུབ་ཏུ་པདྨ་གཤིན་རྗེ་གཤེད། ཎི་ལས་འདོད་ཆགས་མཐར་བྱེད་འདྲ། །བྱང་དུ་རལ་གྲི་གཤིན་རྗེ་གཤེད། །ར་ལས་ཕྲག་དོག་མཐར་བྱེད་མཚུངས། །ཆུ་སྐྱེས་སྔོན་པོའི་ཁྱད་པར་གྱིས། །བསྒྱུར་བ་ལྟ་ཆུང་ལ་འཇིགས་བྱིན། །


DTG047_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་སྦྲུལ་གྱིས་རྣམ་པར་བརྒྱན། །རྣམ་འཇིགས་དགོད་པས་འཇིགས་བྱེད་པ། །སྐྲ་ནི་འབར་ཞིང་གྱེན་དུ་འགྲེང༌། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །མཆེ་བ་གཙིགས་ཤིང་འཇིགས་པའི་ཞལ། །གྲི་གུག་ཐོད་པ་འཛིན་པར་མཛད། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །དེ་བཞིན་ལྷ་མོ་ཟླ་བར་གནས། །ཤར་ལྷོར་ཛ་དང་འཁོར་ལོ་ལས། །ལྷ་མོ་རྡོ་རྗེ་ཙཱ་རྩི་ཀཱ། །སྐེམ་མོ་དཀར་མོ་ཆེར་ཁྲོ་བ། །གཏི་མུག་གཤིན་རྗེ་གཤེད་དང་མཚུངས། །ལྷོ་ནུབ་མཚམས་སུ་ས་དང་ནི། །རྡོ་རྗེ་ལས་བྱུང་རྡོ་རྗེ་ཕག །ཁྲོ་ཞིང་ཕག་གི་གདོང་པ་ཅན། །ཞེ་སྡང་གཤིན་རྗེ་གཤེད་དང་མཚུངས། །ནུབ་དང་བྱང་གི་མཚམས་སུ་ནི། །རབ་ཏུ་ཞི་བའི་དབྱང་ཅན་མ། །དོ་ལས་བྱུང་བ་རབ་ཏུ་དམར། །འདོད་ཆགས་གཤིན་རྗེ་གཤེད་དང་མཚུངས། །བྱང་ཤར་མཚམས་སུ་རུ་ལས་ནི། །གཽ་རཱི་ལྗང་གུ་འཇིགས་བྱེད་མ། །ཕྲག་དོག་གཤིན་རྗེ་གཤེད་དང་མཚུངས། །སྔོན་པོའི་གཡས་པ་དཀར་པོ་སྟེ། །དཀར་པོའི་གཡས་པ་སྔོན་པོ་ཡིན། །དེ་དག་ཞལ་གཡོན་དམར་པོའོ། །གཞན་གྱི་སྔོ་དང་དཀར་བའོ། །མཚམས་བཞིན་ཎ་ཡོ་ནི་རཱ་ལས། །དཀྱིལ་འཁོར་མཚམས་སུ་ཐོད་པའོ། །ཇི་ལྟར་རང་རང་སྔགས་བསྟན་པ། །བསྐྱེད་ལ་བློ་ལྡན་གྱིས་སྤྲོ་བྱ། །ཧྰྲིཿ་ཥྚྲིཿ་ལ་སོགས་སྔགས་སྒྲ་ཡིས། །དཀྱིལ་འཁོར་བདག་པོ་བསྐུལ་བར་བྱ་།སྤྲུལ་པ་དཔག་མེད་སྤྲོས་བྱས་ལ། །སེམས་ཅན་དོན་ནི་མཆོག་བྱས་ནས། །རྣམ་པ་ཀུན་གྱིས་རང་ལུས་ལ། །ཁྲོ་བོ་དཔའ་བོ་གཞུག་པར་བྱ། །ཤར་དུ་ཛི་ནི་ཛིཀ་ཅེས་པས། །རྨོངས་པས་རྨོངས་པ་མཐར་བྱེད་པ། །རྩིབས་རྩའི་སྣ་ཚོགས་པདྨ་དང༌། །ཟླ་བ་ལ་ནི་དེ་བཞིན་བཞག །རཏྣ་དྷྲྀཀ་ཅེས་བྱ་བ་ཡིས། །ལྷོ་རྩིབས་རྩ་བར་པད་ཉི་ལ། །ཕྲ་མ་ཞེས་བྱ་བ་བཀུག་ནས་ནི། །ཆོ་ག་བཞིན་དུ་གཞག་པར་བྱ། །ཨཱ་རོ་ལྀཀ་ཅེས་སྔགས་ཀྱིས། །འདོད་ཆགས་གཤིན་རྗེ་གཤེད་འཇིགས་བྱེད་ལ། །ནུབ་ཏུ་པདྨ་ཉི་མ་ལ། ཆོ་ག་ཡིས་ནི་རྣམ་པར་བསམ། །དེ་ཉིད་པྲཛྙཱ་དྷྲྀཀ་ཅེས་པས། །ཕྲག་དོག་ནག་པོ་འཇིགས་བྱེད་པ། །བྱང་དུ་པདྨ་འོད་རྣོ་ལ། །ཆོ་ག་བཞིན་དུ་གཞག་པར་བྱ། །མུདྒ་ར་དྷྲྀཀ་དེ་ཉིད་ཀྱིས། །ཤར་སྒོ་པདྨ་ཉི་མ་ལ། །ཐོ་བ་མཐར་བྱེད་འཇིགས་བྱེད་པ། །མཁས་པས་ཆོ་ག་བཞིན་དུ་བསམ། །དཎྜ་དྷྲྀཀ་


DTG047_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔགས་ཀྱིས་ནི། །ལྷོ་ཡི་ཕྱོགས་སྒོར་གནས་པ་ཡི། །དབྱུག་པ་གདུལ་དཀའ་གཤིན་རྗེའི་དགྲ། །སྣ་ཚོགས་པདྨ་ཉི་མར་དགོད། །པདྨ་དྷྲྀཀ་ཅེས་བྱ་བ་འདིས། །པདྨ་གཤིན་རྗེ་གཅོད་བྱེད་པ། །ནུབ་སྒོར་པདྨ་ཉི་མ་ལ། །སྟོབས་ཆེན་ཁྲོ་བོ་བསྒོམ་པར་བྱ། །ཁཌྒ་དྷྲྀཀ་གི་དེ་ཉིད་ཀྱིས། །རལ་གྲི་གཤིན་རྗེ་ཟད་བྱེད་པ། །བྱང་དུ་པདྨ་ཉི་མ་ལ། །བདུད་ཚར་གཅོད་པ་བསམ་པར་བྱ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །འདི་ལྟར་ལྷ་མོ་མཆོག་བཞི་བསྒོམ། །ཤར་ལྷོ་མཚམས་ཀྱི་ལྷ་མོ་ནི། །སྐེམ་མོ་ཁྲོ་ལ་འོད་བཟང་མ། །མོ་ཧ་ར་ཏིའི་སྔགས་ཀྱིས་ནི། །སྣ་ཚོགས་པདྨ་ཟླ་བར་གནས། །དེ་ཡི་ནུབ་ཏུ་རིགས་མཆོག་མ། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །དྭེ་ཥ་ར་ཏིའི་སྔགས་ཀྱིས་ནི། །པདྨ་ཟླ་བར་མཁས་པས་དགོད། །དེ་ཡི་བྱང་གི་མཚམས་སུ་ནི། །རཱ་ག་ར་ཏིའི་གསང་སྔགས་ཀྱིས། །པདྨ་ཟླ་བར་དབྱངས་ཅན་དགོད། །དེ་ཡི་ཤར་དུ་གཽ་རཱི་མ། །པདྨ་ཟླ་བར་བཛྲ་ར་ཏི་ཡིས། །ཕྱག་འཚལ་བས་ནི་འདི་དག་བརྒྱན། །དཀྱིལ་འཁོར་ཕྱི་ཡི་མཚམས་བཞི་རུ། །དེ་ཉིད་གསུམ་གྱི་ཐོད་པ་སྟེ། །དེ་ལྟར་དཀྱིལ་འཁོར་དམ་པ་སྤྲོ། །བདེ་བ་དང་བཅས་བསྟན་པར་བྱ། །འཁོར་ལོ་སྔ་མ་དེར་ཐིམ་པར། །མཉམ་པར་བཞག་པས་བལྟ་བར་བྱ། །འདི་ནི་ཤིན་ཏུ་རྣལ་འབྱོར་རོ། །