གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས།
འགྲོ་བཟང་སྙིང་པོ།


DTG047_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མཱ་རི་སཱ་དྷ་ན། བོད་སྐད་དུ། གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཐར་མཛད་ཐུགས་རྗེའི་རང་བཞིན་ཅན། །འགྲོ་བའི་དོན་དུ་ཕྱི་རོལ་གཏུམ་ཆེན་སྐུ། །མགོན་པོ་གཤིན་རྗེ་གཤེད་ལ་མགོས་བཏུད་དེ། །དེ་ཡི་སྒྲུབ་ཐབས་འདོད་པའི་དོན་དུ་ནི། །སྔགས་པ་དང་པོ་སེམས་ཡོངས་མགུ་བ་དང༌། །བདེ་བའི་སྟན་གནས་འོག་ཏུ་དམ་བཅའ་བྱས། །སྙིང་གར་ཧཱུཾ་བཀོད་པ་ལས་མཆོད་པའི་ཚོགས། །སྣ་ཚོགས་པ་ཡི་མགོན་ལ་མངོན་པར་མཆོད། །དེ་ཡི་སྤྱན་སྔར་སྡིག་པ་བཤགས་ལ་སོགས། །བྱས་ནས་སྟོང་ཉིད་ཡོངས་སུ་བསྒོམས་ནས་ནི། །དང་པོར་རླུང་གི་དཀྱིལ་འཁོར་ཡཾ་ལས་བྱུང༌། །དུ་བའི་མདོག་འདྲ་གཞུ་ཡི་དབྱིབས་ཅན་ལ། །རཾ་གྱི་ས་བོན་ལས་བྱུང་མེ་ཡི་ནི། །དཀྱིལ་འཁོར་གྲུ་གསུམ་མདོག་ཀྱང་དམར་བ་ཡིན། །བཾ་ལས་བྱུང་བའི་ཆུ་ཡི་དཀྱིལ་འཁོར་ནི། །བུམ་པ་འདྲ་ཞིང་དཀར་ལ་ཐུར་ལྟས་པ། །ལཾ་ལས་བྱུང་བའི་དབང་ཆེན་དཀྱིལ་འཁོར་ནི། །ཟུར་བཞི་པ་ལ་ཀུན་ནས་རབ་ཏུ་སེར། །ཧཱུཾ་སུཾ་ཧཱུཾ་ལས་བྱུང་བའི་རི་རབ་ནི། །རི་རྒྱལ་རྩེ་མོ་བརྒྱད་པ་གོ་རིམས་བཞིན། །སྔར་བཤད་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས། །གོང་ནས་གོང་མའི་རིམ་པ་བསམས་ནས་ནི། །དེ་འོག་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས། །ར་བ་དྲ་བ་དམ་པ་དབུས་ཀྱི་ཆར། །ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས། །དབུས་ན་བྷཱིཿ་ལས་བྱུང་བའི་འཇམ་རྡོ་རྗེ། །


DTG047_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཕྱག་གཡས་རལ་གྲི་མཛེས་པ་དང༌། །གཞོན་ནུའི་གཡོན་ན་ཐུགས་ཀར་གླེགས་བམ་བསྣམས། །སྐུ་ནི་དམར་སེར་ཟུར་ཕུད་ལྔ་གནག་ཅིང༌། །རྡོ་རྗེ་སྐྱིལ་ཀྲུང་མཆོག་བཅས་ཤིན་ཏུ་ཞི། །བསམས་ལ་སླར་ཡང་དེ་ཡི་ཐུགས་ཟླ་བར། །ཧི་ལས་བྱུང་བའི་ཉི་མ་འཆར་ཀའི་གཟུགས། །ཀུན་ནས་འོད་ཟེར་ནག་པོ་འཕྲོས་པ་ཡིས། །ཁམས་གསུམ་ཁྱབ་ནས་རྒྱལ་བ་བྱང་ཆུབ་སེམས། །ཁྲོ་བོ་རིག་པ་གནས་ན་ལེགས་བཞུགས་རྣམས། །ཡང་དག་བསྐུལ་ཏེ་བཀུག་ནས་ཉི་གཟུགས་ལ། །བཅུག་ལ་དེར་ནི་གཅིག་ཏུ་གྱུར་པ་ན། །སླར་ཡང་ཉི་མ་ཉིད་དུ་གྱུར་པ་ལས། །འོད་ཟེར་དམར་པོ་རབ་ཏུ་རྒྱ་ཆེ་བ། །ཤིན་ཏུ་འབར་བ་སྤྲོས་ནས་དེ་རུ་ནི། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཁ་གྱེས་གནག །ལྟེ་བར་ཧཱུཾ་བཅས་སྣ་ཚོགས་འོད་འདྲ་བ། །དེ་ལས་རྒྱལ་དང་བྱང་ཆུབ་སེམས་དཔའ་སྤྲོས། །སླར་ཡང་དེ་ཡིས་འགྲོ་བ་དྲུག་ལ་གནས། །སེམས་ཅན་བཏུལ་ཏེ་བྱང་ཆུབ་མཆོག་བཀོད་ནས། །བཀུག་སྟེ་ཐམས་ཅད་རྡོ་རྗེ་ལ་རབ་གཞུག །དེ་འོག་རྡོ་རྗེ་ནཱི་ལ་ཡོངས་སུ་གྱུར་ནས། །གཤིན་རྗེ་གཤེད་པོ་ཞལ་གཅིག་ཕྱག་གཉིས་བསམ། །ཕྱག་གཡས་རྡོ་རྗེའི་དབྱིག་པ་འཕྱར་བ་དང༌། །ཕྱག་གཡོན་སྡིགས་མཛུབ་རྡོ་རྗེ་ཞགས་པ་ཅན། །གཤིན་རྗེ་མ་ཧེའི་སྟེང་ན་གན་རྒྱལ་གནས། །གཡས་བརྐྱང་གནས་པ་ཡིས་ནི་གནོན་པར་མཛད། །མི་ཐུང་ཞལ་ནི་རྣམ་འགྱུར་མཆེ་བ་གཙིགས། །གསུས་ཁྱིམ་ཆེ་ལ་ལྗགས་ནི་རྣམ་པར་རྐྱོང༌། །དབུ་སྐྲ་སྨིན་མ་སྨ་ར་དམར་སེར་ནི། །གྱེན་དུ་བརྫེས་ཤིང་སྤྱན་གཉིས་རྣམ་པར་དམར། །གནག་ཅིང་ཁྲོ་བཅས་གཉེར་མ་དཔྲལ་བར་བསྡུས། །ཕུས་འདེབས་ཀླུ་བརྒྱད་ཀྱིས་ནི་ཡན་ལག་བརྒྱན། །སྟག་ལྤགས་བསྣམས་ཞིང་ཐོད་པའི་རྩེ་བྲན་ཅན། །མགོ་བོའི་ཕྲེང་བའི་དོང་ཤལ་འཕྱང་མཛད་ཅིང༌། །དུས་མཐའི་མེ་ལྟར་འཇིགས་འོད་རྣམ་པར་འབར། །འཇིགས་པར་བྱེད་པའང་འཇིགས་པ་སྐྱེད་པར་མཛད། །གཏུམ་ཞིང་གཤིན་རྗེ་གཤེད་ཚོགས་སངས་རྒྱས་འཕྲོ། །འཇིག་རྟེན་ལྷ་མཆོག་ཚོགས་ཀྱིས་ཕྱག་བྱས་ཤིང༌། །ཧ་ཧ་ར་བཞད་པས་ལྷ་དང་ལྷ་མིན་ཚོགས། །ཀུན་ནས་ཡོངས་སུ་སྐྲག་པར་མཛད་པའོ། །ས་གསུམ་དག་ན་ཡོད་པའི་བདུད་ཀྱི་ཚོགས། །མ་ལུས་


DTG047_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་རྣམ་པ་འབྱེར་བར་མཛད། །དེ་ལྟར་བསམ་གཏན་ལ་བརྩོན་གནས་པ་སྟེ། །དོགས་པ་མེད་པར་ཉིན་མཚན་སྔགས་ཟློས་ཤིང༌། །དེ་ཉིད་སྦྱོར་བས་དུར་ཁྲོད་སོགས་པར་གནས། །དམ་ཚིག་རྣམ་དག་ངེས་པར་འགྲུབ་པར་འགྱུར། །དེ་ཡི་སྒྲུབ་ཐབས་འདི་ནི་ལེགས་བྲིས་ལས། །བདག་གིས་བསོད་ནམས་གང་ཐོབ་དེས་འཇིག་རྟེན། །གཤིན་རྗེ་གཤེད་མཉམ་འགྲོ་ཀུན་སྡུག་བསྔལ་ནི། །མི་བཟད་ཚོགས་མཐར་བདུད་ཚོགས་མྱུར་ཟད་ཤོག །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པ་ཀ་ར་ཤྲཱི་ཛྙཱ་ན་དང༌། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།