ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས།
ལ་ལི་ཏ་བཛྲ།


DTG047_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༈། །ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བཞུགས། ༈། །དཔལ་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །གུས་པ་ཡིས་ནི་བླ་མ་ཡི། །ཞབས་ཀྱི་པདྨར་ཕྱག་འཚལ་ཏེ། །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །ནག་པོ་ཞལ་གསུམ་ཕྱག་དྲུག་པའི། །མདོར་བསྡུས་པ་ཡི་སྒྲུབ་ཐབས་བཤད། །དང་པོར་རྣལ་འབྱོར་དབང་ཕྱུག་གིས། །དབེན་པའི་གནས་སུ་འདུག་ནས་ནི། །སྟོང་པའི་སེམས་ལ་མཉམ་གཞག་སྟེ། །སྙིང་གར་པདྨ་འདབ་བརྒྱད་པ། །དེའི་སྟེང་ཉི་མའི་དཀྱིལ་འཁོར་རོ། །དེ་ཡི་སྟེང་དུ་ཧཱུཾ་བསམས་ཏེ། །ཧཱུཾ་ལས་འོད་བྱུང་མདུན་དུ་ནི། །བླ་མ་མཁའ་འགྲོ་བཞུགས་པར་བསམ། །ཕྱག་འཚལ་བ་དང་མཆོད་བྱས་ལ། །སྡིག་བཤགས་ལ་སོགས་ཚོགས་སུ་འགྱུར། །དེ་ནས་སྙིང་གར་ཧཱུཾ་ལས་ནི། །འོད་བྱུང་ལུས་ངག་བག་ཆགས་རྣམས། །བསྲེགས་ནས་སྟོང་པ་ཉིད་དུ་བསྒོམ། །དེ་ནི་ཡེ་ཤེས་ཚོགས་ཡིན་ནོ། །སེམས་ནི་ཧཱུཾ་གི་རྣམ་པར་བསམ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་གྱུར། །རྡོ་རྗེ་ལས་ནི་སྐུ་བསྐྱེད་དོ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་གནག །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྤྱན་གསུམ་མཆེ་བ་གཙིགས་པའི་ཞལ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །གྲི་གུག་རྡོ་རྗེ་རལ་གྲི་གསུམ། །གཡས་པའི་ཕྱག་ན་བསྣམས་པ་ཡིན། །བྷནྡྷ་པདྨ་འཁོར་ལོ་གསུམ། །གཡོན་པའི་ཕྱག་ན་བསྣམས་པ་ཡིན། །གཡས་བསྐུམ་གཡོན་བརྐྱང་གསུས་པོ་


DTG047_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ལྷ་མོ་ཕག་མོའི་མགུལ་ནས་འཁྱུད། །ཕག་མོ་ཞལ་གཅིག་ཕྱག་གཉིས་མ། །གྲི་གུག་དང་ནི་བྷནྡྷ་གཡོན། །གཙོ་བོའི་མགུལ་ནས་འཁྱུད་པའི་ཚུལ། །གཉིས་སུ་མེད་པའི་གནས་ན་བཞུགས། །མིག་དང་ལུས་སོགས་དབང་པོ་དྲུག །སངས་རྒྱས་དྲུག་ཀྱང་ཡོད་པར་བསམ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། །སྙིང་གའི་ཧཱུཾ་ལས་འོད་བྱུང་བསམ། །ཡེ་ཤེས་མཁའ་འགྲོ་སྤྱན་དྲངས་ཏེ། །ཚིག་གི་དབང་ཡང་བླང་བར་བྱ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་མངའ་བདག་ཆེན་པོ་རྣམས། །ཁྱོད་ཀྱིས་བདག་ལ་དབང་བསྐུར་གསོལ། །དེ་སྐད་བདག་གིས་དབང་བླངས་པས། །ཡེ་ཤེས་རྡོ་རྗེ་ཆུ་རྒྱུན་གྱིས། །བདག་གི་སྤྱི་བོར་དབང་བསྐུར་བས། །རིགས་ལྔའི་ཅོད་པན་གྱུར་པར་བསམ། །མཆོད་དང་བསྟོད་དང་བདུད་རྩི་བཟའ། །དེ་ནས་བཟླས་པ་བྱ་བ་ནི། །བཟླས་པའི་སྔགས་ནི་འདི་ཡིན་ནོ། །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐམས་ཅད་གྲུབ་པའི་དོན་དུ་བཟླས། །གཏོར་མའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། བར་ཆད་ཐམས་ཅད་བསྲུང་བའི་ཕྱིར། །དེས་ནི་གཏོར་མ་སྦྱིན་པར་བྱ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་ནས་རྣལ་འབྱོར་ངལ་བསོ་བྱ། །སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས། །ཁམས་གསུམ་མ་ལུས་ཀུན་ལ་ཁྱབ། །ཀུན་ཀྱང་སངས་རྒྱས་སྐུ་རུ་འགྱུར། །གྱུར་པ་ཀུན་ཀྱང་བདག་ལ་བསྡུ། །བདག་ཀྱང་ཧཱུཾ་ལ་བསྡུས་བྱས་ལ། །ཧཱུཾ་ཡང་ཐིག་ལེར་འགྲོ་བར་བསྒོམ། །རྟོག་པ་ཡང་དག་སྤངས་པ་སྟེ། །ཡང་དག་བདེ་བའི་རྣམ་པའོ། །ཕྱག་མེད་ཞལ་མེད་ཁ་དོག་མེད། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །འདི་བྱས་བསོད་ནམས་གང་ཐོབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཤོག །ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། སློབ་དཔོན་ལ་ལི་ཏ་བཛྲ་ས་མཛད་པ་རྫོགས་སོ།།