འོ་མའི་སྒྲུབ་པའི་ཐབས།
ཛི་མུ་ད་པཱ་ཏཱ།


DTG047_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྵི་ར་སཱ་དྷ་ན། བོད་སྐད་དུ། འོ་མ་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་མཚན་ངོས་ལྡན་དེ་ནས་བལྟ། །དེ་ལ་འོ་མ་རབ་ཏུ་སྒྲུབ། །འོ་མ་གོམས་པའི་སེམས་ཉིད་ཀྱིས། །ཕྱག་


DTG047_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་རབ་ཏུ་བསྒྲུབ། །རྡོ་རྗེ་ཕག་མོ་ལ་སོགས་པ་རིགས་སུ་བྱུང་བའི་བུད་མེད་ཕྱི་དང་ནང་གི་ཡོན་ཏན་གྱིས་བརྒྱན་པ། རྣལ་འབྱོར་པ་ཡེ་ཤེས་ཅུང་ཟད་དབང་བས་བཟུང་སྟེ། །ལེགས་པར་འགྲུས་ཤིང་དྲི་ཞིམ་པོས་བྱུགས་ལ་རྒྱན་མ་ལུས་པས་བརྒྱན་ཏེ། དེ་ནས་བདག་མེད་པ་སྔོན་དུ་སོང་བས། ས་བོན་གྱི་ཡི་གེ་ས་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཕག་མོར་བསམས་ཏེ། །བདག་ཉིད་ཀྱང་རྡོ་རྗེ་སེམས་དཔར་བྱའོ། །དེ་ནས་རང་གི་ཕྱག་རྒྱའི་ལུས་ལ་དཀྱིལ་འཁོར་ལྔ་བསྒོམས་ཏེ། །དེའི་གསང་བའི་བྷ་ག་ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་པའོ། །ལྟེ་བ་བྲུཾ་ལས་མུ་ཏིག་ལྟ་བུའོ། །བདག་ཉིད་ཀྱི་གསང་པ་ཡང་ཧཱུཾ་ལས་རྩེ་ལྔ་པའོ། །ནོར་བུའི་ཡི་གེ་ཨོཾ་ལས་སོ། །ཡི་གེ་ཕཊ་སེར་པོ་བུ་གར་རོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྙོམས་པར་འཇུག་སྟེ། སེན་མོས་གདབ་པ་བྱས་ལ། མྱོས་བྱེད་ཀྱི་ལག་པས་ཡང་དང་ཡང་དུ་བྲུད་ཅིང་ལྕེ་རྩེའི་ཐུར་མས་ཡང་ཡང༌། དེ་ནས་ས་གསུམ་གྱི་དབང་ཕྱུག་མ་རྒྱས་པ་ནས་སྔར་བཤད་པའི་སྔགས་ཀྱིས་སྙོམས་པར་ཞུགས་ཏེ། དལ་བུས་དལ་བུས་བསྐྱོད་པ་ན་འོ་མ་འབབ་པར་འགྱུར་རོ། །བབས་པ་ན་ཡི་གེ་ཕཊ་ཀྱིས་བསྡམས་ཏེ། སྣང་བ་མེད་པ་ལ་འཇུག་པར་བྱའོ། །དེ་ལྟར་ཡང་དང་ཡང་འོ་མ་འབབ་པ་གོམས་པས་ནི། །སྐད་ཅིག་ལ་བབ་པ་ན་སྣང་བ་མེད་པ་ལ་སྐད་ཅིག་ལ་འཇུག་པ། དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཇི་ལྟར་དཔལ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་རྟོག་པ་ལས་གསུངས་པ། ཆུ་རྒྱུས་དྲ་བ་དང་བཅས་ཤིང༌། །ཡན་ལག་ཀུན་ལྡན་པུ་ག་ཅན། །ལུས་དེ་མེད་པར་སྡང་གྱུར་པ། །དེ་ཡི་སྐད་ཅིག་དེ་ལ་ནི། །དགྱེས་པའི་རྡོ་རྗེའི་སྐུ་འཛིན་འགྱུར། །ཞེས་སོ། །འདི་དགྱེས་པའི་རྡོ་རྗེ་ནི་མཚན་པ་སྟེ། །ཕྱག་རྒྱ་ཆེན་པོ་གྲུབ་པའི་ཚུལ་ཐམས་ཅད་འདི་ལྟར་མན་ངག་ལས་ཤེས་སོ། །དོན་འདི་ཉིད་དཔལ་གསང་བ་འདུས་པ་ལ་སོགས་པས་ཀྱང་གསུངས་ཏེ། རྡོ་རྗེ་ཉི་མ་ནུབ་པ་ན། །སྒྲུབ་བ་ཀུན་དུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་དག་ཏུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། སོར་མོ་དང་ནི་ལྕེའི་ཐུར་མས། །ཡང་ནས་ཡང་དུ་ཅུང་ཟད་བསྐུལ། །རྩ་ནི་རྣམ་པར་རྒྱས་འགྱུར་ཏེ། །མཆོག་གཅིག་པུ་ནི་འབྱུང་བར་འགྱུར། །སྔགས་པས་


DTG047_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་པར་ནི། །སྲ་བ་ཅུང་ཟད་ཅུང་ཟད་བསྐུལ། །ནོར་བུར་གནས་པ་ཡིད་ལས་བྱུང༌། །ཡི་གེ་ཕཊ་ཀྱིས་བསྡམ་པར་བྱ། །བྱང་ཆུབ་སེམས་ནི་མ་ཤོར་ན། །བདེ་བ་དམ་པ་སྐྱེ་བ་སྟེ། །དེ་ཡི་རང་བཞིན་སྤྲོས་པ་ཡིས། །མི་ལུས་ཆད་པ་མེད་པར་སྣང༌། །ཁྱབ་ཅིང་ཞི་ལ་བདེ་བ་ཡིས། །གོ་འཕང་དམ་པ་ངེས་པར་ཐོབ། །བྱང་ཆུབ་སེམས་ནི་ཤི་བ་ནི། །བརྒྱལ་བས་འདིར་ནི་ཐོབ་མ་ཡིན། །ཞེས་སོ། །འདི་ལྟ་བུའི་བྱ་བ་ནི་རྣལ་འབྱོར་པ་ལམ་རྣམ་པ་གཉིས་ལས། ཕོ་ཉའི་ལམ་ལ་དགའ་བ། དེ་ཉིད་ཀྱི་གསུང་དང་ཐུགས་ལ་དབང་ཐོབ་པ། ལས་དང་པོ་པའི་ས་ལས་འདས་པ། ཡེ་ཤེས་ལ་དབང་ཐོབ་པ་དང༌། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་མ་ཡིན་པ། ཡེ་ཤེས་ལ་ཅུང་ཟད་དབང་བས་སྤྱད་པར་བྱའོ། །དེ་ལས་གཞན་པ་ནི་མ་ཡིན་ཏེ། ལས་དང་པོ་པ་ནི་དེས་ཉམས་ལ། གསུམ་པ་དང་བཞི་པ་ནི་དེ་མི་འབད་པའི་ཕྱིར་རོ། །དཔལ་ཀྲྀཥྞ་ཡ་མཱ་རིའི་རྒྱུད་ལས། འོ་མ་སྒྲུབ་པའི་མན་ངག་ཏུ་བྱས་ལ། ཨཱ་ཙཪྻ་ཛི་མུ་ད་བཱ་ཏཱ་ལས་མཛད་པ། འོ་མ་སྒྲུབ་པའི་མན་ངག་རྫོགས་སོ།། །།ཨཱ་ཙཱཪྻ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།