མེ་ལྷའི་དབང་དུ་བྱས་པ།


DTG047_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཧཱུཾ་གིས་ཐབ་ཁུང་བསྐྱེད་ལ། དམ་ཚིག་གི་མེ་ལྷ་འདི་ལྟར་བསྐྱེད་པར་བྱ་སྟེ། ཛ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། ཨོཾ་ཨཱཿ་ཧཱུཾ་གིས་འཁོར་ལོ་དང༌། པདྨ་དང༌། རྡོ་རྗེས་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་མེ་ལྷ་ཤིན་ཏུ་དྲག་ཅིང་ཁྲོ་བར་བྱེད་པ། འཇིགས་པ་དག་ཀྱང་ཤིན་ཏུ་འཇིགས་པར་བྱེད་པའོ། །སྐྲ་ཁམ་པ་གྱེན་དུ་འབར་བ་འོད་ཟེར་བརྒྱ་སྟོང་དུ་མས་བརྒྱན་པ་ཞལ་གསུམ་པ། ཕྱག་དྲུག་དང་ལྡན་པ། རྩ་བའི་ཞལ་ནག་པོ། གཡས་པ་དཀར་བ། གཡོན་པ་དམར་བ། ཕྱག་གཡས་ན་རྡོ་རྗེ་དང༌། སྤྱི་བླུགས་དང༌། སྐྱབས་སྦྱིན་ནོ། །ཕྱག་གཡོན་པ་རྣམས་ལ་དྲིལ་བུ་དང༌། དབྱུག་པ་དང༌། བགྲང་ཕྲེང་རྣམས་འཛིན་པར་བསྒོམ་པར་བྱའོ། །སྔགས་འདིས་གཉུག་མར་གནས་པའི་མེ་ལྷེ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷའུ་ཏ་དེ་ཝ་རྀ་ཥི་སཏྭ་མ་ཨ་ཧུ་ཏི་ར་སྨིན་སནྣི་ཧི་ཏོ་བྷ་ཝ་ཀྲོ་དྷ་ཨགྣེ་མ་མ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཕཊ་ཅེས་པས་ཐབ་ཀྱི་གཡས་ཕྱོགས་སུ་བཞག་ལ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་དང༌། ཁྲིས་ཀྱི་ཆོ་གས་ཁྲུས་བྱས་ཏེ། ཐབ་ཀྱི་དབུས་སུ་བསམ་པར་བྱའོ། །མེ་ལྷའི་དབང་དུ་བྱས་པའོ། །