དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག།
ལ་ལི་ཏ་བཛྲ།


DTG047_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་ཝ་བ་ལིཾ་བི་དྷིཿ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག །དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་རང་བཞིན་གྱིས། །རྡོ་རྗེ་འཇིགས་བྱེད་ཕྱག་འཚལ་འདུད། །བར་ཆད་ཞི་ཕྱིར་གཏོར་མ་ནི། །འབད་དེ་ཡང་དག་བཤད་པར་བྱ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །གཏོར་མ་བྱེད་པར་འདོད་པ་ཡིས། །བདུད་རྩི་ལྔ་ལ་སོགས་པ་ཡི། །རྫས་ཀྱི་གཏོར་མ་བཤམ་པར་བྱ། །སྒྲུབ་པོ་ལྷ་ཕྱོགས་ཁ་བལྟས་ལ། །སྐད་ཅིག་ཙམ་གྱིས་འཇིགས་པར་བསྐྱེད། །མདུན་དུ་ཡཾ་དང་རཾ་ལས་ནི། །རླུང་དང་མེ་ཡི་དབྱིབས་ཅན་བསྐྱེད། །དེ་ཡི་སྟེང་དུ་སྒྱེད་གསུམ་བསམ། །དེ་སྟེང་ཨ་ལས་ཐོད་པའི་སྣོད། །ནང་དུ་ཤ་ལྔ་བདུད་རྩི་ལྔ། །སྐད་ཅིག་ཙམ་གྱིས་བསམ་པར་བྱ། །སྟེང་དུ་ཨོཾ་ཨཱཿ་ཧཱུཾ་ཡིག་རྣམས། །གོ་རིམས་ཇི་བཞིན་བསམ་པར་བྱ། །འོད་སྤྲོས་སྐུ་སོགས་རིམ་བཀུག་ལ། །རིམ་པ་བཞིན་དུ་བསྟིམ་པ་དང༌། །དེ་ཉིད་གསུམ་ནི་བརྗོད་པ་ཡིས། །གཏོར་མ་དག་པར་བསྒོམ་པར་བྱ། །དེ་ནས་རང་གི་སྙིང་གའི་ཧཱུཾ། །འོད་སྤྲོས་རྡོ་རྗེ་འཇིགས་བྱེད་སོགས། །ལྷ་རྣམས་སྤྱན་དྲངས་མདུན་དུ་བསམ། །ཧཱུཾ་བརྗོད་ལྕེ་ནི་བྱིན་གྱིས་བརླབ། །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བྷཻ་ར་ཝ་ཨ་དྷི་པ་ཏི། ཨི་མཾ་བ་ལིཾ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་དབུལ་བའི་སྔགས་བརྗོད་བྱ། །དེ་རྣམས་གསོལ་བར་བསམས་ནས་ནི། །ལས་ཀྱི་བྱེ་བྲག་ཕྲིན་ལས་བཅོལ། །ཅི་འདོད་པ་ཡི་དངོས་གྲུབ་བླང༌། །ཁྱད་པར་དྲག་པོ་བཅོལ་བ་ནི། །བླ་མ་སྨོད་པར་བྱེད་པ་དང༌། །དཀོན་མཆོག་གསུམ་ལ་གནོད་བྱེད་དང༌། །བསྟན་པ་ལ་གནོད་བྱེད་པ་དང༌། །སེམས་ཅན་ཀུན་ལ་གནོད་བྱེད་དང༌། །སྔགས་རྒྱུད་ལ་གནོད་བྱེད་པའི་མི། །འདི་རྣམས་ཁྱེད་ཀྱིས་གསད་དུ་གསོལ། །ཞེས་པས་ཕྲིན་ལས་བཅོལ་ལོ། །དེ་ནས་གནང་བ་བྱིན་པར་བསམ། །དེ་ནས་ཡི་གེ་བརྒྱ་པ་བརྗོད། །ཨོཾ་ཨཱཿ་ཧཱུཾ་མུཿ་ས་མགྲོན་རྣམས་ནི། །རང་བཞིན་གནས་སུ་གཤེགས་སུ་གསོལ། །དེ་ལྟར་བྱས་པའི་ཕན་ཡོན་ནི། །བར་དུ་གཅོད་པ་ཞི་བ་དང༌། །མི་མཐུན་ཕྱོགས་རྣམས་འཇོམས་པ་དང༌། །དངོས་གྲུབ་དམ་པ་ཐོབ་པར་གྱུར། །གཞན་ཡང་རབ་ཏུ་སྦྱོར་བ་ན། །ནད་དང་དགྲ་ལ་སོགས་པ་ཡི། །ཚར་གཅོད་རྗེས་གཟུང་ཐམས་ཅད་ནི། །དེ་མ་


DTG047_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་འགྲུབ་པར་འགྱུར། །རྡོ་རྗེ་འཇིགས་བྱེད་གཏོར་མ་ཡི། །ཆོ་ག་ཕུན་སུམ་ཚོགས་པ་བརྩམས། །གང་ཡོད་བསོད་ནམས་དེ་ཡིས་ནི། །སེམས་ཅན་མ་ལུས་དགྲ་ལས་རྒྱལ་བར་ཤོག །སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། །།