གཉིས་པ། དྲག་པོའི་གཏོར་མའི་ལས།


DTG047_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཏོར་མའི་ལས་བཤད་དེ། དེ་ནས་ཉི་མ་གཉིས་པ་ལ་མེ་ཏོག་ནག་པོ་དང༌། ཤ་ཆེན་པོའི་བདུག་སྤོས་དང༌། ཏིལ་ཆེན་པོའི་མར་མེ་དང༌། བདུད་རྩི་རྣམ་ལྔ་དང་ལྡན་པའི་དྲི་ཆབ་དང༌། བཤོས་གཙང་ཀྱང་མི་ལ་སོགས་པའི་གདོང་པ་ཅན་གྱི་ཤ་དང༌། རྟ་དང་བོང་བུ་དང༌། རྔ་མོ་ལ་སོགས་པ་ཕྱུགས་སྣ་ཚོགས་ཀྱི་ཤ་དང༌། ཁྱི་དང་ཝ་ལ་སོགས་པ་གཅན་གཟན་སྣ་ཚོགས་ཀྱི་ཤ་དང༌། གང་ན་བྱ་རྒོད་དང་འུག་པ་ལ་སོགས་ཏེ། འདབ་ཆགས་སྣ་ཚོགས་ཀྱི་ཤ་ལས་བྱས་པའི་བཤོས་གཙང་དང༌། གཏོར་མ་དུ་འབྱོར་བ་བྱའོ། །གཞན་ལས་ཀྱི་གཏོར་མ་ཆ་གཅིག་འབྲུ་ནག་པོ་དུག་སྣ་ཚོགས་དང༌། མི་དང་ཁྱི་དང་རའི་ཁྲག་དང༌། ལྕགས་ཕྱེ་དང༌། རྡོ་ཕྱེ་དང། སྐྱེ་ཚེ་དང༌། ལན་ཚྭ་དང་སྦྱར་བ་དག་ཀྱང་གཞག་གོ །དེ་ནས་སྔགས་པ་བདག་ཉིད་ཆས་གོས་ནག་པོ་གོན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ལྷའི་ཏིང་ངེ་འཛིན་ཁྲོ་བོར་བསྒོམ་པ་མ་གཏོགས་པ་མཆོད་པའི་རང་བཞིན་ལས་བདུན་བཞིན་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་དང་པོར་ཨོཾ་སྭ་བྷཱ་ཝ་ཤུདྷཿ་སརྦ་དྷརྨཱཿ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ནམ་མཁའི་དཀྱིལ་དུ་ཡི་གེ་ཡཾ་ལས་གྲུབ་པ་རླུང་གི་དཀྱིལ་འཁོར་དུ་གྱུར་བའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམས་ཏེ། དེའི་སྟེང་དུ་ཡི་གེ་ལཾ་ལས་འཇམ་དཔལ་གཞོན་ནུ་སྐུ་མདོག་སེར་པོ་ཨུཏྤལ་བསྣམས་པ་ཞིག་ཏུ་བསྐྱེད་དོ། །དེའི་ཐུགས་ཀར་ཨཱ་རིང་པོ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་དེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ནས། སླར་དེ་ཉིད་ལ་ཞུགས་པས་ཐམས་ཅད་


DTG047_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བས་དཔག་ཚད་བརྒྱ་སྟོང་དུ་ཁྱབ་པར་བསམ་མོ། །དེའི་སྟེང་དུ་ཧཱུཾ་ནག་པོ་འོད་ཟེར་ལྔ་དང་ལྡན་པ་འཕྲོས་པས་སྔ་མ་བཞིན་དུ་དེ་ཉིད་ལ་ཞུགས་པས། རྡོ་རྗེ་ཆེན་པོ་ཁ་གདེངས་པ་འོད་ཟེར་འཕྲོ་བ་ཅིག་ཏུ་གྱུར་ཏེ། སྐུ་མདོག་བསྡུས་པ་སྦྱོར་བས་འཇིགས་བྱེད་ཆེན་པོའི་སྐུར་གྱུར་པར་བྱ་སྟེ། འདི་ལྟར་འཇིགས་བྱེད་ཆེན་པོ་ཞལ་དགུ་བ། ཕྱག་སུམ་ཅུ་རྩ་བཞི་པ། ཞབས་བཅུ་དྲུག་པ། སྐུ་ལས་བསྐལ་པའི་མེ་འབར་བ། ཞལ་ནས་འཇིགས་པ་ཆེན་པོའི་ཕེཾ་སྐད་གནམ་དུ་འདོན་ཅིང༌། བསྐལ་བའི་འབྲུག་ལྟ་བུའི་གདངས་སྐད་ཅན། རྐང་པའི་སྟབས་ཀྱིས་ས་གཞི་གནོན་པ། མི་མགོའི་ཕྲེང་བ་དང་ཐོད་པའི་དབུ་རྒྱན་ཅན་གཅེར་བུ་མཚན་མ་གྱེན་དུ་བགྲེང་བ། ཞལ་དགུ་ལ་མ་ཧེ་དང༌། གཡས་ཀྱི་ཞལ་གསུམ་ནི་མཐིང་ག་དང༌། དམར་པོ་དང་སེར་པོ་སྟེ་ཁྲོས་པའོ། །གཡོན་པའི་ཞལ་གསུམ་ནི་དཀར་པོ་དང༌། དུ་དཀར་དང་ནག་པོའོ། །རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོའོ། །དེའི་སྟེང་དུ་ཀུན་དུ་བཟང་པོ་སེར་བའོ། །ཕྱག་གཡས་པ་ན་ཀཱ་རྟ་རི་དང༌། བྷི་ཏི་པ་ལ་དང་གཏུན་ཤིང་དང༌། ཆུ་གྲི་དང་ཀ་ན་ཡ་དང༌། སྟ་རེ་དང་མདུང་དང༌། མདའ་དང་ལྕགས་ཀྱུ་དང༌། དབྱུག་ཏོ་དང༌། ཁ་ཊྲཱཾ་ག་དང་འཁོར་ལོ་དང་རྡོ་རྗེ་དང༌། རྡོ་རྗེ་ཐོ་བ་དང་རལ་གྲི་དང་རྗེ་ཆུང་བསྣམས་པའོ། །ཕྱག་གཡོན་ན་པཱ་ལ་དང་མགོ་བོ་དང༌། ཕུབ་དང་རྐང་པ་དང༌། ཞགས་པ་དང་གཞུ་དང༌། རྒྱུ་མ་དང་དྲིལ་བུ་དང༌། ལག་པ་དང་དུར་ཁྲོད་ཀྱི་རས་དང༌། དཔལ་རྩེས་ཕུག་པའི་སྐྱེས་བུ་དང༌། མེ་ཐབ་དང་ཐོད་ཚལ་དང༌། སྡིག་མཛུབ་དང༌། བ་དན་ལྕེ་གསུམ་པ་དང༌། རླུང་གི་རས་བསྣམས་པ། ཕྱག་གཉིས་གླང་པོ་ཆེའི་ལྤགས་རློན་འཛིན་པའོ། །གཡས་ཀྱི་ཞབས་རྣམས་ཀྱིས་མི་དང་མ་ཧེ་དང༌། ཁྱུ་མཆོག་དང་བོང་བུ་དང་རྔ་མོ་དང་ཁྱི་དང༌། ལུག་དང་ཝ་རྣམས་བརྫིས་པའོ། །གཡོན་གྱི་ཞབས་རྣམས་ཀྱིས་བྱ་རྒོད་དང་འུག་པ་དང༌། བྱ་རོག་དང་སུ་ཀར་དང༌། ཁྲ་དང༌། བྱ་རྒོད་ཆེན་པོ་དང༌། མ་དྲི་དང༌། བཞད་རྣམས་བརྫིས་པ་སྟེ། དེ་ལྟ་བུ་བསམ་མ། །དེ་ནས་བདག་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་གནས་ནས་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧྲཱིཿ་བྷོ་བྷོ་མ་ཧཱ་མ་ཧཱ་ཀྲོ་དྷ་ཨཱ་གྩྪ་གྩྪ། ཨ་སྨ་ཏྭ་པཱུ་ཛ་པྲ་ཏི་ཏི་གྲྀཧྞཱ་


DTG047_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་སཱ་དྷཾ། མེ་དྷཱིཿ་མཾ་ཀུ་རུ་སྭཱ་ཧཱ། ཞེས་སྤྱན་དྲངས་ཏེ། མངོན་སུམ་དུ་དམིགས་ལ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་བདུད་རྩི་ལྔ་དང་ལྡན་པའི་ཆུས་སྐུ་ཁྲུས་གསོལ་ལོ། །དེ་ནས་དམར་གྱི་ཨརྒྷ་དབུལ་ལོ། །ཨོཾ་ཧྲཱིཿ་ཥྚྲིཿ་ཧ་ཞེས་སོ། །དེ་ནས་མེ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛིཿ་ཛཿ་ཧཱུཾ་ཧོ་ཞེས་བརྗོད་དེ། མེ་ཏོག་ནག་པོ་འབུལ་ལོ། །ཨོཾ་ཧྲཱིཿ་ཧ་ཧ་ཧེ་ཧེ་ཕཊ་ཅེས་ཤ་ཆེན་པོ་བདུག་སྤོས་དབུལ་ལོ། །ཨོཾ་དཱིཔྟ་ལོ་ཙ་ནི་ཝི་ཀྲྀ་ཏཱ་ན་ན་མ་ཧཱ་ཨཊྚཱ་ཊྚ་ཧཱ་ས་ན་དི་ནི་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། ཞེས་ཏིལ་ཆེན་པོའི་མར་མེ་དབུལ་ལོ། །ཨ་ཧྲཱིཿ་ཧ་ཧ་ཧེ་ཧེ་ཕཊ་ཕཊ་ཅེས་སྣ་ཚོགས་ཀྱིས་བཤོས་གཙང་དབུལ་ལོ། །ཨོཾ་ཝི་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་གཿ་གཿ་ཞེས་བདུད་རྩི་ལ་ལྡན་པའི་དྲི་ཆབ་དབུལ་ལོ། །མཉེས་པར་བསམ་མོ། །དེ་ནས་བདག་གི་འཁོར་ཡུག་ཐམས་ཅད་དུ། །གཤིན་རྗེ་དང་རོ་ལངས་དང༌། མཁའ་འགྲོ་མ་དང་ཕོ་ཉ་མོ་ལ་སོགས་པས་ཡོངས་སུ་གང་བར་དམིགས་ལ། གསང་སྔགས་འདིས་གཏོར་མ་སྦྱིན་ནོ། །ཨོཾ་ཀཱ་ལ་རཱུ་པ་སརྦྦ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་སྭཱ་ཧཱ། ཞེས་སྦྱིན་ནོ། །དེ་ནས་ལས་ཀྱི་གཏོར་མ་ལ། ཨོཾ་ཧྲཱིཿ་ཥྚྲིཿ་ཝི་ཀྲི་ཏཱ་ན་ན་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་བསྒྲུབ་བྱ་སྔོན་དུ་དམིགས་ནས་དེ་ལ་གཏོར་མ་ཞིང་དེས་ཟོས་པར་དམིགས་ལ་གཏོར་མ་དང༌། སྔགས་ཀྱི་འོད་ཟེར་ཡང་དུད་པ་འདྲ་བ་ལ་འོང་སྔོན་དམར་དུ་འཁྱུད་པ། དུག་གི་རང་བཞིན་དུ་གྱུར་པ་དེ་ལ་ཐིམ་པས། ཤ་རུལ་པ་བཞིན་བསམ་ཞིང་གཏོར་མ་གཏང་བར་བྱའོ། །དྲག་པོའི་གཏོར་མའི་ལས་ཏེ་གཉིས་པའོ།། །།