ལྔ་པ། དྲག་པོའི་འཁོར་ལོའི་ལས།


DTG047_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དྲག་པོའི་འཁོར་ལོའི་ལས་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང༌། སྐེ་ཚེ་དང་ལན་ཚྭ་དང་དྲི་ཆེན་ལ་སོགས་པའི་བདུག་པའི་རྫས་ཀྱིས་ལེགས་པར་བྱུགས་ལ་སྣག་ཚ་ཡང་རྫས་དེ་རྣམས་དང༌། ཤིང་ད་དུ་ར་དང༌། ཀ་ན་ཀའི་ཁུ་བ་དང༌། དུར་ཁྲོད་ཀྱི་སོལ་བ་སྦྱར་ཏེ་བྱའོ། །བདག་ཉིད་ཁ་ལྷོར་བལྟས་ཏེ་ལྷའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་བྲི་སྟེ། དབུས་སུ་ལེ་ཚེ་བཅུ་དྲུག་དང༌། མུ་ཁྱུད་གསུམ་གྱིས་བསྐོར་བ། མུ་ཁྱུད་དེ་དག་རེ་རེ་ལ་ཡང༌། རེ་མིག་སུམ་ཅུ་རྩ་གཉིས་དང་ལྡན་པར་བྲིའོ། །དེ་ལ་ཡི་གེ་དགོད་པ་ནི་དབུས་སུ་ཡ་ཆེན་པོ་ཅིག་བྲིས་ཏེ། དེའི་ནང་དུ་གང་ལ་བྱ་བའི་མིང་བསྐུལ་ཚིག་ཅན་གྱིས་བསྐོར། དེའི་དབུས་སུ་མིང་གི་ཡི་གེ་དང་པོ་བྲིའོ། །དེ་ནས་རིམ་པ་གཉིས་པ་ལ་ཕྱོགས་བཞིར་མར་མེ་དཀྵེ་བཞི་བྲི། དེ་ནས་རིམ་པ་གསུམ་པ་ལ། རཱ་ཛ་ས་དོ་རུ་ཎ་ཡོ་ནི་རཱ་ཡ་ཙ་ནི། འདི་རྣམས་བྲིའོ། །ཕྱག་རྒྱ་བེ་ཅོན་བཅས་ཏེ་བྱ་རོག་གི་སྒྲོའམ་རུས་ཆེན་བྲི་བར་བྱའོ། །ཡི་གེ་བཅུ་པའི་གསང་སྔགས་དྲན་པར་བྱའོ། །མུ་ཁྱུད་ཀྱི་ཡི་གེ་ནི་དང་པོར་དབྱངས་ཡིག་ལན་གཉིས་དགོད། མུ་ཁྱུད་པར་མ་ལ་ཀ་ཡིག་དང༌། ང་ཉ་བོར་བ་སུམ་ཅུ་རྩ་


DTG047_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དགོད། ཐ་མ་ལ་ཕཊ་ཤ་སྟག་དགོད་དོ། །དབུས་ཀྱི་རིམ་པ་གཉིས་པ་ལམ་ལ་སོགས་པ་ཡི་གེ་བཞིའི་གཡས་གཡོན་དུ་ཧཱུཾ་རེ་རེ་དང་སྤེལ། དེའི་ཕྱི་རིམ་དུ་ར་ལ་སོགས་པའི་ཡི་གེ་བཅུ་གཉིས་ཀྱི་གནས་སུ་ཡི་གེ་བཅུ་གཉིས་པ་དང་བསྒྲུབ་བྱའི་མིང་སྤེལ་ཏེ་བྲིའོ། །དེ་ལྟ་བུའི་འཁོར་ལོ་གཉིས་བྲིས་ཏེ། དེ་ཡང་ས་སྐོར་ལོག་པར་བྲི། གནམ་སྐོར་རིམ་པ་བཞིན་བྲི། དེ་ཡང་གཤིན་རྗེའི་ལྟོ་བར་ཚུད་པར་བྲིའོ། །དེ་ནས་མཆོད་པ་དབུལ་ཏེ། བདེ་བའི་བྱིན་རླབས་དམིགས་པར་བྱས་ནས། དེ་དག་ཁ་སྦྱར་ཏེ་ཐོད་པའམ་ཁམ་ཕོར་སར་པའི་གའུ་ཁ་སྦྱར་དུ་གཞག་གོ །གའུ་འོག་མའི་ནང་དུ་རླུང་གི་དཀྱིལ་འཁོར་ལ། ཨོཾ་ཆེ་གེ་མོ་ཨཱ་བེ་ཤ་ཨ་ཨ་ཞེས་བྲི། རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། གོང་མའི་ནང་དུ་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་བྲི། རྒྱབ་ཏུ་རི་རབ་འཁོར་དང་བཅས་པ་རྩེ་བརྒྱད་ཀྱིས་མཚན་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲིའོ། །གའུ་གཉིས་ཀྱི་བར་དུ་སྒོ་ཅུང་ཟད་ཅིག་བྱ་སྟེ་བཞག་ལ། ཕྱིས་གའུ་མདར་རམ་ཞུགས་པ་མཐོང་ནས་ཁ་གཅད། སྐུད་པ་ནག་པོས་དཀྲིས་ཤིང་བཏག་ནས་མན་འཇིའི་སྟེང་དུ་བཞག་སྟེ། དུག་སྣ་ཚོགས་ཀྱི་མེ་ལ་ཚ་བར་གྱུར་པ་ཙམ་དུ་བསྲོས་ཤིང་ལྷའི་རྣལ་འབྱོར་དང་ལྡན་པས་ཁ་ལྷོར་བལྟས་ཏེ་གསང་སྔགས་བཟླས་པར་བྱའོ། །དེ་ལ་དང་པོར་སྔོན་དུ་བརྗོད་པ་བཞིན་དུ། སྔོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྐྱེད་ལ་སྤྱན་དྲང་བ་དང༌། མཆོད་པ་དང་གཏོར་མ་བསྔོ་བ་སྔ་མ་བཞིན་བྱས་ནས། སྐུད་པ་ལག་པས་བཟུང་ནས་དུང་ཆེན་པོའི་ཕྲེང་བ་ཐོགས་ཏེ་བཟླས་པར་བྱའོ། །དམིགས་པ་ནི་བདག་གི་གསང་སྔགས་དང༌། འཁོར་ལོའི་སྔགས་ལས་འོད་ཟེར་དུག་གི་མི་ནག་པོ་འཕྲོས། བསྒྲུབ་བྱ་དེ་ན་གནས་པ་བསྲེས་ཏེ། དུར་ཁྲོད་ཀྱི་ཐལ་ཆེན་ལྟར་གྱུར་ཅིང༌། དེའི་སེམས་ཆུས་མར་མེ་གསད་པ་ལྟར་གྱུར་པར་བསམ་མོ། །དེ་ཡང་ཉི་མ་དང་པོ་ལ། ཨོཾ་ཡ་མ་ར་ཛ་ས་དོ་མེ་ཡ། ཆེ་གེ་མོ་པྲ་མ་ཡ་ཀུ་རུ་ཧཱུཾ་ཕཊ། ཅེས་པར་ཆད་མེད་པར་ཁྲི་ཕྲག་གཅིག་བཟླས་སོ། །ཉི་མ་གཉིས་པ་ལ། ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་རཀྟ་ཙརྤ་ཡ་ཧཱུཾ་ཕཊ། ཅེས་ཁྲི་ཕྲག་གཅིག་གོ །གསུམ་པ་ལ་ཡ་ང་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མུརྩུ་པ་ཡ་ཧཱུཾ་ཕཊ། ཅེས་ཁྲི་ཕྲག།


DTG047_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ །བཞི་པ་ལ་ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཁྲི་ཕྲག་གཅིག་གོ །སྒྲུབ་པའི་གྲོགས་མཆོག་གིས་དུས་གསུམ་དུ་མཆོད་པ་དང་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ཉི་མ་བཞི་པའི་མཚན་ཕྱེད་ན་དུར་ཁྲོད་དམ། འབྱུང་པོ་དྲག་པོ་གནས་པའི་སར་ཁྲུ་གང་བརྐོས་ཏེ་སྦས་ནས་གཤིན་རྗེ་ལ་གཏད་དོ། །དེའི་སྦྱོར་བ་ནི་འདི་ཡིན་ཏེ། གྲོག་མཁར་གྱི་ས་ལས་གཤིན་རྗེའི་མི་ཁྲུ་གང་གི་ཚད་ལ། ཁ་ཅིག་ལག་ན་རལ་གྲི་དང་ཞགས་པ་ཐོག་པ་ཅིག་བྱ་སྟེ། དེའི་ལྟོ་བར་གའུ་བཅུག་ནས་དེ་ལ་གཏོར་མ་དང༌། དམར་གྱི་ཨརྒྷཱ་བྱིན་ཏེ་འདི་སྐད་ཅེས་བསྒོའོ། །ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱིས་ལྟ་ན་སྲིད་པ་གསུམ་གྱི་སེམས་ཅན་མི་གནས་པ་མེད་དོ། །དེང་དཀོན་མཆོག་མཆོག་གསུམ་གྱི་བཀས། སེམས་ཅན་འདི་ཟུང་ཤིག །སེམས་ཅན་འདི་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བསྟན་པ་འཇིག་པར་བྱེད་པས། འཇིག་རྟེན་དུ་ཐར་པའི་ལམ་ནི་འགེགས་ཤིང༌། ངན་འགྲོའི་ལམ་འབྱེད་པ་སྟེ། དེ་བས་འདི་ཁྱོད་ཀྱིས་ཟུང་ཤིག །དེ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱང་དགྱེས་པར་འགྱུར་རོ་ཞེས་བརྗོད་དོ། །དེ་དང་དེར་ཁ་སྦུབ་ཏུ་མགོ་བོ་ལྷོ་ཕྱོགས་སུ་བསྟན་ཏེ་སྦ་བར་བྱའོ། །དེ་ནས་རང་གི་གནས་སུ་འོངས་ཏེ། གསང་སྔགས་རྗེས་སུ་བསྐུལ་བར་བྱའོ། །ལས་གྲུབ་པ་དང་དེ་ནས་ཕྱུང་སྟེ། འོ་མ་དང་ཆུས་བཀྲུས་ཏེ་མཆོད་པ་གཙང་མས་བཤགས་པ་དང༌། བཟོད་པར་གསོལ་ཏེ་བཏང་ངོ༌། །ལས་ཀྱི་སྐབས་འདིར་ཆས་གོས་ནག་པོ་དང༌། ཁྲོ་བོའི་ལྟ་སྟངས་དང༌། ཁྲོས་པའི་ཡིད་དང༌། དབུགས་འབུད་པ་ལ་སོགས་པ་དང་ལྡན་པར་བྱའོ། །དྲག་པོའི་འཁོར་ལོའི་ལས་རྫོགས་སོ།།