Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བདུན་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ།  ཀྲིཥྞ་པཎྜི་ཏ།
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ། ཀྲིཥྞ་པཎྜི་ཏ།next

རྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ།
ཀྲིཥྞ་པཎྜི་ཏ།


DTG047_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཊྚཱ་ཀ་མཉྫུ་ཤྲཱི་ཡ་མཱ་རི་པཱུ་ཛ་ཀྲ་མ་བིདྷི་ནཱ་མ། བོད་སྐད་དུ། རྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ། བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་རྗེར་ལྡན་ཞིང་དད་པ་ལེགས་བརྟན་དང༌། །སངས་རྒྱས་སྙིང་པོ་འདོད་ཕྱིར་གང་ཟག་དབང་ཐོབ་པས། །བསྙེན་དང་སྒྲུབ་པའི་རིམ་པ་ཁོང་དུ་ཆུད་བྱས་ནས། །རྗེ་བཙུན་རྣམས་ལ་བཏུད་དེ་རྒྱུད་འདིས་སྦྱང་བར་བྱ། །བདག་ཉིད་དྲན་པ་གཅིག་པའི་འགྲོ་བློར་ལྡན། །བདག་མེད་པ་ལས་བཟློག་ཅིང་འབྱོར་པ་གསུམ་དག་པས། །བསྙེན་དང་སྒྲུབ་ལ་རབ་ཏུ་མཁས་བྱས་ཏེ། །ཉིན་དང་མཚན་མོ་ཐམས་ཅད་གཡེང་མེད་ཚུལ་གྱིས་འབད། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྡོ་རྗེ་ཅན་བཅས་དང༌། །དྲི་མེད་སྙིང་པོ་མཐར་མཛད་བླ་མ་རྡོ་རྗེ་འཛིན། །དགྲ་ལས་རྒྱལ་བ་གཤིན་རྗེ་གཤེད་ནག་ལྷ་ཡི་ཚོགས། །ཐུགས་རྗེས་ཐུགས་ཆུད་སྤྱན་རས་ཉིད་འཚོ་དགོངས་སུ་གསོལ། །ཆོས་སྐུ་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་རང་བཞིན་ཅན། །རྒྱལ་བའི་རང་བཞིན་ཕུང་པོས་སེམས་ཅན་རེ་འདོད་སྐོང༌། །འབྱོར་ལྡན་ཕུན་སུམ་ཚོགས་པས་ནད་གསོས་སྨན་པའི་མཆོག །བླ་མ་མགོན་པོ་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཕུང་པོ་ལྔ་ལས་རྒྱལ་ཞིང་ཉོན་མོངས་ལྔ་རྣམས་དག །རང་གཞན་དོན་རྫོགས་གང་ཞིག་ཕག་མོ་ལ་སོགས་འཁྲིལ། །ཡེ་ཤེས་རིགས་མཚུངས་ལྔ་ལྡན་རིན་ཆེན་ལྔ་ཡི་མདོག །རྣམ་མཐར་ཕ་རོལ་


DTG047_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཞལ་ཕྱག་ལྡན་ཁྱོད་ལ་འདུད། །བདུད་བཞི་ལས་རྒྱལ་ལྟ་བའི་ངེས་སྒྲོལ་བཅོམ་ནས་ཀྱང༌། །དད་སོགས་རྣམ་དག་ཁྲོ་བོའི་རྟགས་སུ་ངེས་འབྱུང་བ། །ཐབས་ཀྱིས་ཕྱག་རྒྱས་སྒྲིབ་པ་ཐམས་ཅད་མཐར་སྤངས་པའི། །འཇིགས་ཤིང་རབ་གཏུམ་ཕྱག་མཚན་རྟགས་ལྡན་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་འབྱུང་བ་བཞི་ནི་རྣམ་དག་སྐུ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཉིད། །ཐབས་དང་སྨོན་ལམ་ཡེ་ཤེས་རྫོགས་མཛད་པ། །ཙརྩི་ཕག་མོ་གཽ་རཱིའི་དབྱངས་ལྡན་ཕྱག་འཚལ་བསྟོད། །མཆོད་ཡོན་གདན་མཆོག་ཞབས་བཀྲུ་ལྡན་པ་དང༌། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་ཚོགས། །རོལ་མོའི་སིལ་སྙན་མེ་ཏོག་ཕྲེང་དང་ལྔ་ལྡི་དང༌། །མཆོད་སྡོང་བྱེ་བས་བརྒྱན་པས་རབ་ཏུ་མཆོད་པར་བགྱི། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ཚོགས། །དུ་མར་སྤྱད་ཀྱང་ཚིམ་པ་མེད་ཅིང་ངོ་མཚར་བ། །ཡིད་ལྡན་སེམས་ཀྱིས་ངལ་བསོ་ཁྱད་པར་གྱུར་པ་རྣམས། །མོས་བློ་དད་པའི་མཐུ་ཡིས་བདེ་གཤེགས་འཁོར་ལོ་མཆོད། །འཁོར་ལོ་རིན་ཆེན་རྟ་དང་གླང་པོ་རབ་མཚན་ལྡན། །རྒྱལ་པོ་བཙུན་མོ་བློན་པོ་མཆོག་ནི་ཞི་ཞིང་མཛེས། །འབྱོར་ལྡན་ཕུན་སུམ་ཚོགས་པ་འཁོར་ལོས་སྒྱུར་བ་ཡི། །ཁྱད་པར་རྫས་ཀྱིས་བདེ་གཤེགས་འཁོར་ལོ་དམ་པ་མཆོད། །གདུགས་དང་ཉེར་ལྡན་དུང་དང་པདྨས་རབ་ཏུ་མཛེས། །གུནྡྷེ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་མཛེས་པའི་མཆོག །འཇིག་རྟེན་དག་ན་གྲགས་ཤིང་སྙན་པར་གང་བརྗོད་པའི། །བླ་མེད་རྣམས་ཀྱིས་བདེ་གཤེགས་འཁོར་ལོ་དམ་པ་མཆོད། །དྲི་ཆེན་རྡོ་རྗེ་ཆུར་ལྡན་བྱང་ཆུབ་སེམས་དཀར་དམར་དང་བཅས། །མི་ཤ་རྟ་དང་བ་ལང་གླང་ཆེན་ཁྱི་ཤ་དང༌། །སྒྲོན་མ་ཆེ་དང་ལྡན་པས་དུར་ཁྲོད་མཛེས་བྱས་པས། །རྣམ་པར་རྟོག་བྲལ་བདེ་གཤེགས་འཁོར་ལོ་དམ་པ་མཆོད། །བདེ་གཤེགས་ཁྱེད་ལ་ཇི་སྙེད་གནས་པའི་ཡོན་ཏན་ནི། །བདག་གིས་བསྐལ་པའི་མཐའ་བར་བརྗོད་པས་མི་ལང་བས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནམ་མཁའ་ཙམ་མོས་འདིས། །རྒྱལ་བ་གཅིག་བཞིན་སངས་རྒྱས་འཁོར་ལོ་ཐམས་ཅད་བསྟོད། །འདོད་ཆགས་ཞེ་སྡང་གཏི་མུག་དུག་མང་གིས་བསྐྱེད་ཅིང༌། །ལུས་ངག་ཡིད་གསུམ་སྒོ་རུ་སྨིན་པའི་མི་དགེ་བཅུ། །སོ་སོ་ཐར་དང་བྱང་ཆུབ་སེམས་དང་རིག་པ་


DTG047_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཚུལ་ཁྲིམས་སྡོམ་དང་དམ་ཚིགས་ཉམས་པ་ཇི་སྙེད་བཤགས། །བདག་གིས་བགྱིས་དང་དེ་བཞིན་བགྱིད་དུ་སྩལ། །ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོའི་དགེ་བའི་ཚོགས། །སློབ་དང་མི་སློབ་སེམས་ཀྱིས་གྲོགས་སུ་གང་གྱུར་པ། །འདས་དང་མ་འོངས་ད་ལྟར་དགེ་ལ་རྗེས་ཡི་རང། །སངས་རྒྱས་ཞིང་ལ་བཞུགས་པའི་སྟོན་པ་རྫོགས་སངས་རྒྱས། །གདུལ་བྱའི་སྣང་བར་རབ་ཏུ་ཚིམ་མཛད་ཁྲོ་དང་ཞི། །འགྲོ་བ་མིག་ལྡོངས་ཤེས་རབ་སྨན་གྱིས་གསོལ་བའི་ཕྱིར། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྐོར་བར་བསྐུལ། །རྒྱལ་བ་བཅོམ་ལྡན་མྱ་ངན་འདའ་བར་བཞེད་པ་རྣམས། །ཁྱོད་མི་བཞུགས་ན་འཇིག་རྟེན་འདི་དག་མགོན་མེད་པས། །ནམ་མཁས་གར་ཁྱབ་སེམས་ཅན་ཇི་སྲིད་མཆིས་པ་རུ། །དེ་སྲིད་རྒྱལ་བ་སྲས་དང་བཅས་པ་བཞུགས་སུ་གསོལ། །བདག་གི་ལུས་ངག་ཡིད་ཀྱི་དགེ་བའི་ཚོགས་ཇི་སྙེད། །སྦྱིན་དང་ཚུལ་ཁྲིམས་བསྒོམས་པ་ཉིད་དུ་ངས་བསྡུས་ཏེ། །བདག་གིར་བཟུང་བ་མེད་ཅིང་སེམས་ཅན་ཀུན་དོན་དུ། །དམིགས་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོ་བར་བགྱི། །བདག་གིས་རྗེ་བཙུན་རྣམས་ལ་ཤིན་ཏུ་དད་སེམས་ཀྱིས། །སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡེ་ཤེས་ཚོགས། །འདས་དང་མ་འོངས་ད་ལྟར་གསུམ་དུ་བསྡུས་བྱས་ཏེ། །དཔལ་ལྡན་བླ་མ་རྗེ་བཙུན་མཆོག་གི་ཞབས་དྲུང་ཤོག །ཉོན་མོངས་ཚོགས་རྣམས་དག་ཅིང་སེམས་རྟོགས་ནས། །རྒྱལ་བ་མགོན་པོ་བཅོམ་ལྡན་འདས་ཀྱི་སྐུར་གྱུར་ཤོག །མེ་ཏོག་ཤུ་ཀྲ་ལེན་ཅིང་སྤྲོས་པ་ཉིད་སྤངས་ཏེ། །ཉོན་མོངས་མངལ་དུ་མི་འཇུག་བདེ་བ་ལེན་པར་ཤོག །ཡིད་ཆེས་སེམས་ཀྱིས་ལྷན་ཅིག་སྐྱེས་པ་རྙེད་གྱུར་ཏེ། །འབྱོར་པའི་ནུས་པས་རྡོ་རྗེ་ལྟ་བུའི་ལུས་ཐོབ་ཤོག །ཆོས་རྣམས་རོ་གཅིག་བསམ་མི་ཁྱབ་ཀྱི་རོ་ཐོབ་ནས། །རིག་དང་ཚོགས་ཀྱི་སྤྱོད་པས་སེམས་ཅན་འདུལ་གྱུར་ཅིག །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་ཉེར་ཐོབ་སྟེ། །གདུག་པ་ཅན་རྣམས་གཤིན་རྗེ་གཤེད་ལ་མངོན་གཞོལ་ཤོག །ཐུན་མོང་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་ཀྱང༌། །བློ་སྟོབས་དམན་པའི་རྣལ་འབྱོར་དེ་ཉིད་ཀྱིས་འཚོ་ཤོག །ནམ་མཁའ་དང་མཚུངས་བདེ་བ་ཆེན་པོའི་ས་ཐོབ་ནས། །བདག་དང་སེམས་ཅན་གཤིན་རྗེ་གཤེད་པོ་ཉིད་གྲུབ་ཤོག །སྒྲུབ་པོ་དད་


DTG047_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལུས་ངག་ཡིད་གསུམ་རབ་སྦྱང་ཕྱིར། །རྗེ་བཙུན་པ་རྣམས་མཆོད་པའི་ཆོ་ག་འདི་བྱས་པས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་བྱང་གྱུར་ཏེ། །རྒྱུན་ཆད་མེད་དང་ཕུན་སུམ་ཚོགས་སྐུ་ཐོབ་པར་ཤོག །འགྲོ་བ་ཐིབས་པོ་ཉོན་མོངས་ལམ་ལ་རབ་ཏུ་གཞོལ། །སྡིག་པའི་དབའ་ཀློང་འཁྲུག་པའི་ནང་དུ་རྟག་ཏུ་ཞུགས། །རྣམ་སྨིན་ཆུ་སྲིན་གདུག་པ་ཅན་གྱི་ཁར་ཞུགས་ནས། །གཡེང་བས་ངལ་བ་དོན་མེད་མ་བྱེད་དགེ་བ་སྦྱོངས། །རྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀྲྀཥྞ་པཎྜི་ཏས་མཛད་པ་རྫོགས་སོ།། །།


previousརྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ། ཀྲིཥྞ་པཎྜི་ཏ།next